ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་བོད་ཡིག་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།

༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༥ ནས་ ༧ བར་ཉིན་གསུམ་གྱི་རིང་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་གཞི་རིམ་གོང་མའི་འཛིན་རིམ་དགུ་པ་དང་བཅུ་པའི་བོད་ཡིག་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་ལ་བསྐྱར་ཞིབ་ཚོགས་འདུ་བསྐོང་ཚོགས་གནང་།

དེ་ཡང་གོང་ཚེས་ཉིན་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དྲུང་གཞོན་དངོས་གྲུབ་བསྟན་པ་ལགས་དང་། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་ཟུང་དྲུང་དགེ་འདུན་དོན་ཡོད་ལགས། སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་ལགས། དྷ་སྟེང་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་མིང་ཆུང་ལགས། སྰ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་ཨ་གནམ་བཟོད་པ་ལགས། སུ་ཇ་བོད་ཁྱིམ་སློབ་གྲྭའི་གཞི་རིམ་གོང་མའི་བོད་དགེ་བསྟན་འཛིན་ཆོས་སྐྱབས་ལགས་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་གཞི་རིམ་གོང་མའི་བོད་དགེ་ཕུར་བུ་སྒྲོལ་མ་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་གཞི་རིམ་གོང་མའི་བོད་དགེ་བྱམས་པ་ཆོས་སྒྲོན་ལགས་དང་། རཱཇ་པུར་བོད་ཁྱིམ་སློབ་གྲྭའི་གཞི་རིམ་གོང་མའི་བོད་དགེ་འཕྲིན་ལས་སྒྲོལ་དཀར་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་གཞི་རིམ་གོང་མའི་བོད་དགེ་ཟླ་བ་ཚེ་རིང་ལགས་བཅས་ལྷན་འཛོམས་ཀྱིས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་བསླབ་གཞི་རྩ་འཛིན་དང་དེའི་དགོངས་དོན་འོག་རྩོམ་སྒྲིག་བྱས་ཏེ་ཕྱི་ལོ་ ༢༠༡༧ ལོར་འགྲེམས་སྤེལ་ཞུས་པའི་འཛིན་རིམ་དགུ་པ་དང་བཅུ་པའི་སློབ་དེབ་བསྐྱར་ཞིབ་ཀྱིས་སློབ་དེབ་རྩོམ་སྒྲིག་ཆེད་དཀར་ཆག་བཟོ་འགོད་དང་། སྣོན་འཕྲི་སྤོར་གཅོག་ཅི་དགོས་རིགས་གཏན་འབེབས་ཞུས་པ་དང་། སློབ་དེབ་རྩོམ་སྒྲིག་པས་སློབ་དེབ་རགས་ཟིན་རྩོམ་སྒྲིག་གྲུབ་མཚམས་མཐའ་མའི་གཏན་འབེབས་གནང་འཆར་འདུག

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ཀྱི་མཐུན་འགྱུར་གནང་ཡོད་པ་བཅས། །


སྔོན་མ།
དཔེ་དེབ་གསར་ཐོན་གྱི་བརྡ་ཁྱབ།
ཕྱི་མ།
གཞི་རིམ་འོག་མའི་ཨང་རྩིས་བསླབ་གཞིའི་རྩ་འཛིན་དང་། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།