ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།

༄༅། །ཕྱི་ལོ་༢༠༡༣ ཟླ་༥ ཚེས་༨ ནས་༩ བར་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་འདུ་བསྐོངས་ཚོགས་གནང་འདུག ཐེངས་འདིའི་ཚོགས་འདུའི་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་ཨང་རྩིས་བསླབ་གཞི་རྩ་འཛིན་གྱི་ལམ་སྟོན་འོག་འཛིན་རིམ་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་ཨང་རྩིས་སློབ་དེབ་ལ་བསྐྱར་ཞིབ་གནང་གི་ཡོད་འདུག
ཐེངས་འདིའི་ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས། སིམ་ལ་གཏན་སློབ་ཀྱི་རྩིས་དགེ་པདྨ་རྒྱལ་མཚན་ལགས། དྷ་ཤོད་བོད་ཁྱིམ་གྱི་རྩིས་དགེ་ཟུར་པ་ངག་དབང་རྡོ་རྗེ་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་རྩིས་དགེ་ཚེ་དབང་ལྷ་མོ་ལགས། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བློ་བཟང་བསྟན་འཛིན་ལགས་བཅས་མཉམ་ཞུགས་གནང་ཡོད། འཆར་གསལ་ལྟར་ན་ཕྱི་ལོ་ ༢༠༡༤ སློབ་དུས་ནས་གོང་གསལ་སློབ་དེབ་རྣམས་གཞི་རིམ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག

སྔོན་མ།
གཞི་རིམ་འོག་མའི་བོད་ཀྱི་སྐད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
གཞི་རིམ་འོག་མའི་ཨིན་དགེའི་ཟབ་སྦྱོང་རྒྱལ་ས་ལྡི་ལིར་ཚུགས་པ།