ཟླ་རེའི་གསར་འགྱུར།

བཀའ་ཁྲི་མཆོག་གིས་རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུའི་དུས་དྲན་ཉིན་གསུམ་པར་གསུང་བཤད་གནང་བ།

 

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་མཐའ་མར་གསུང་བཤད་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སློབ་གྲྭའི་རྒྱལ་སྒོའི་མདུན་དུ་སློབ་སྤྱིས་དབུས་སློབ་ཕྲུག་གིས་རོལ་དབྱངས་དཀྲོལ་བཞིན་སྐུ་མགྲོན་རྣམ་པར་ཕེབས་བསུ་ཞུས་པའི་ཐོག་སློབ་གྲྭའི་ཚོགས་ཁང་དུ་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་ཤེས་རིག་དྲུང་ཆེའི་ལས་རོགས་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་(Apurva Chandra) ལགས། རྡོར་གླིང་ས་གནས་གོར་ཁ་བཅིངས་བཀྲོལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་སློབ་ཟུར་སྐུ་ཞབས་(Roshan Giri) ལགས། ས་གནས་རྫོང་དཔོན་ཟུར་པ་དང་བྷོ་ཊི་ཡ་བསོད་ནམས་དབང་འདུས་ལགས། འབྲས་ལྗོངས་མངའ་སྡེ་གཞུང་གི་ཆུ་གློག་དང་རིག་གཞུང་བློན་ཆེན་གྱི་ལྕམ་པདྨ་ལགས། ས་གནས་རྫོང་གི་ཁྲལ་དོན་ལས་ཁུངས་ཀྱི་བློ་ལྡན་མཚོ་མོ་ལགས། སློབ་སྤྱི་དང་རེག་ཊར་གྱིས་གཙོས་དགེ་ལས་སློབ་ཕྲུག ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཟུར་རྣམ་པ།
ས་གནས་འགོ་འཛིན་དང་ཚོགས་སྐྱིད་ཁག་གི་སྐུ་མགྲོན་རྣམ་པ། སློབ་ཕྲུག་གི་ཕ་མ་བཅས་ཁྱོན་མི་གྲངས ༨༠༠ བརྒལ་བ་ལྷན་འཛོམས་ཐོག་དམིགས་བསལ་སྐུ་མགྲོན་མཆོག་གིས་རྒྱལ་བ་བྱམས་པའི་སྐུ་བརྙན་དང་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྣམ་གཉིས་ལ་མཇལ་དར་སྒྲོན་འབུལ་དང་སྣང་གསལ་ཞལ་འབྱེད་ཞུས་རྗེས་བོད་ནང་གནས་སྟངས་ཛ་དྲག་དང་ཞུགས་མེར་བསྒྲོན་པའི་དཔའ་བོ་དཔའ་མོ་རྣམས་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་གནང་། དེ་ནས་སློབ་ཕྲུག་རྣམས་ཀྱིས་སློབ་གྲྭའི་ཞལ་འདོན་དང་བསྟོད་དབྱངས་ཕུལ་གྲུབ་མཚམས་སློབ་སྤྱི་བཀྲིས་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་སློབ་ཟུར་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་འདུན་ངག་དབང་བསྟན་འཛིན་ལགས་ཀྱིས་གསུང་བཤད་གྲུབ་བསྟུན་རྡོར་གླིང་(Jalpalgri) རྫོང་གི་ས་གནས་རྫོང་དཔོན་ཟུར་པ་དང་བྷོ་ཊི་ཡ་བསོད་ནམས་དབང་འདུས་ལགས་ཀྱིས་གསུང་བཤད་གནང། དེ་རྗེས་རྡོར་གླིང་ས་གནས་གོར་ཁ་བཅིངས་བཀྲོལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་སློབ་ཟུར་སྐུ་ཞབས་(Roshan Giri) ལགས་ཀྱིས་གསུང་བཤད་གནང་མཚམས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབྱིན་སྐད་ཐོག་སྐུ་མགྲོན་རྣམས་ལ་འཚམས་འདྲི་ཞུས་པ་དང་ལྷན་རང་ཉིད་ཆུང་དུས་སློབ་གླིང་འདིར་ཡོད་པའི་སྐབས་ཀྱི་སློབ་གྲྭའི་གནས་སྟངས་དང་འཚོ་བའི་བརྒྱུད་རིམ་དྲན་གསོ་དང་སྦྲགས་ད་ལྟ་རང་ཉིད་ལ་ཐོབ་པའི་རྨང་གཞིའི་ཤེས་ཡོན་དེ་དག་སློབ་གྲྭ་འདིའི་བཀའ་དྲིན་ཡིན་པ་དང་། མ་འོངས་པར་སློབ་གླིང་འདི་ནས་རིགས་གཅིག་རྐང་འཛིན་གྱི་སློབ་ཕྲུག་གང་མང་ཐོན་པའི་རེ་བ། དེ་བཞིན་བོད་མིའི་སྒྲིག་འཛུགས་ལས་དོན་གྱི་ལྟ་གྲུབ་ནི་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོའི་ཐོག་ནས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ཀྱང་བོད་ལ་གདན་ཞུ་ཐུབ་པ་བྱུང་བ་བཞིན། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཀྱང་བོད་ལ་གདན་འདྲེན་ཞུ་རྒྱུ་ལས་འགན་གལ་ཆེ་དེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་རྒྱ་གར་དབུས་གཞུང་གི་ཤེས་རིག་དྲུང་ཆེའི་ལས་རོགས་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་(Apurva Chandra) ལགས་ཀྱིས་གསུང་བཤད་གནང་། དེ་ནས་སློབ་སྤྱིས་སྐུ་མགྲོན་རྣམ་པར་དྲན་རྟེན་ཕྱག་རྟགས་ཕུལ་ཏེ་རིག་གཞུང་དང་འབྲེལ་བའི་དབྱིན་སྐད་ཐོག་གཏམ་བརྗོད་འཁྲབ་སྟོན་ཞུས་བསྟུན་སློབ་ཟུར་ཚོགས་པའི་དྲུང་ཆེ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་ལོ་ངོ་ལྔ་བཅུའི་དཔར་རིས་འགྲེམས་སྟོན་དང་སློབ་གྲྭའི་སྡེ་ཚན་ཁག་ཏུ་གཟིགས་སྐོར་གནང་ཡོད་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
ཕྱི་མ།
ཤེས་རིག་དཔར་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།