ཟླ་རེའི་གསར་འགྱུར།

བཀའ་བློན་མཆོག་གིས་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གསུང་བཤད་གནང་།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༡ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་འདིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་པ་འདི་ཕལ་ཆེར་གཞུང་འབྲེལ་ཐོག་སྲུང་བརྩི་ཞུས་པ་ཐོག་མ་ཆགས་ཡོད། དེར་བརྟེན་དེ་རིང་འདིར་ཆེད་དུ་གདན་ཞུ་གནང་བའི་མཁས་དབང་རྣམ་པ་དང་། བཀུར་འོས་སྤྱི་འཐུས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པས་གཙོས་ལས་བྱེད་དང་། གཞན་ཡང་རྒྱུན་ལྡན་ཐུགས་སྣང་ཅན་གང་ཙམ་ཞིག་འདིར་འཛོམས་འདུག་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ངོས་ནས་ཚང་མར་འཚམས་འདྲི་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒྱལ་སྤྱིའི་ཕ་སྐད་ཉིན་མོ་འདི་རྒྱལ་སྤྱིའི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་སྡེ་ཚན་ཡུ་ནེ་སི་ཁོ་ (UNESCO) ཡིས་ཕྱི་ལོ་ ༡༩༩༩ ལོར་གྲོད་ཆོད་གཏན་འབེབས་གནང་། དེ་ཡང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་འདིའི་བྱུང་རིམ་ལ་བལྟས་ན་དེ་སྔ་པ་ཀི་སི་ཐན་མངའ་ཁོངས་སུ་ཡོད་པ་ད་ལྟ་བྷང་ལ་དེ་ཤི། ཞེས་པའི་རྒྱལ་ཁབ་དེའི་སློབ་ཕྲུག་ཁག་གཅིག་གཙོ་བོར་གྱུར་བའི་མང་ཚོགས་རྣམས་ཀྱིས་བྷང་ལ་སྐད་ཡིག་དེ་ཡང་ཨུར་དུ་ལྟར་པ་ཀི་སི་ཐན་གྱི་གཞུང་འབྲེལ་སྐད་ཡིག་ལ་ངོས་འཛིན་གནང་དགོས་པའི་དགོས་འདུན་བཏོན་རྗེས་དོན་རྐྱེན་ཁག་གཅིག་བྱུང་ཡོད། དེ་ནས་རིམ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨ་མ་ (General Assembly) ཐོག་ནས་ཕྱི་ལོ་ ༢༠༠༨ ལོ་ནས་གཞུང་འབྲེལ་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་བྱས་ཏེ་ད་ཆ་ཕལ་ཆེར་ལོ་བརྒྱད་ཙམ་འགྲོ་གི་འདུག ཐེངས་འདིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་གོ་སྒྲིག་གནང་བ་འདི་སྔ་མ་དྲགས་ནའང་འཕྱི་དྲགས་མེད་པ་ལྟ་བུ་རེད། དེ་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་སྔོན་མ་ནས་མ་གནང་བ་རེད་ཅེས་ངས་རྩ་བ་ཉིད་ནས་ཞུ་གི་མེད། དངོས་འབྲེལ་བྱས་ན་ཤེས་རིག་ལས་ཁུངས་དང་ཡང་ན་སྡེ་ཚན་གཞན་གང་རུང་ཞིག་གིས་གོ་སྒྲིག་གནང་དགོས་མིན་ཐད་དོ་སྣང་གནང་དགོས་པ་གལ་ཆེ།
སྐད་ཡིག་དེ་མི་རིགས་གཅིག་གི་བླ་སྲོག་ལྟ་བུ་ཡིན། མི་རིགས་དེའི་སྤྱི་ཚོགས་དང་། འཚོ་བའི་གནས་སྟངས། རིག་གཞུང་། ཆོས་བཅས་འཕེལ་སྒྲིབ་ཇི་ལྟར་འགྲོ་མིན་སྐད་ཡིག་གི་གནས་སྟངས་ལ་རག་ལུས་ཡོད། དེར་བརྟེན་སྐད་ཡིག་ནི་རང་བཞིན་གྱི་གལ་ཆེན་པོ་ཡིན། ཕ་སྐད་དང་ཡིག་སྐད་ལ་རྩོད་པ་མང་པོ་ཡོད། འོན་ཀྱང་ད་ལྟ་དེའི་སྐོར་གླེང་དགོས་པ་མི་འདུག ད་ལྟ་སྐད་དང་ཡི་གེ་གཉིས་ཀྱི་ཐོག་བསམ་བློ་གཏོང་ནས་ཞུ་བ་ཡིན་ན། དཔེར་ན། ང་རང་སྐབས་རེར་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་ལ་ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་འདི་རྒྱ་གར་ནས་ལེན་ཐུབ་པ་འདི་ཧ་ཅང་ཡག་པོ་བྱུང་འདུག་བསམ་པ་དྲན་གྱི་འདུག སྐུ་མདུན་གྱིས་དུས་རྟག་ཏུ་བོད་པ་ཚོ་རྣམ་དཔྱོད་དང་ལྡན་པ་རེད། ཆས་གོས་སོག་པོ་ནས་བླངས། ཁ་ལག་རྒྱ་ནག་ནས་བླངས། ཆོས་དང་རིག་གཞུང་རྒྱ་གར་ནས་ལེན་ཟེར་རྒྱུ་འདི་ད་ལྟའི་ཆར་ང་ཚོ་མི་རིགས་དང་། རྒྱལ་ཁབ། རྒྱལ་ཁབ་ཀྱི་ལོ་རྒྱུས་ལོགས་བཀར་ཡིན་པ་ཞིག་སྟོན་དགོས་སྟབས། ཕྱོགས་གཅིག་ནས་འདི་ང་ཚོར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག དེར་བརྟེན་དེའི་སྐབས་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱིས་ཕྱག་ལས་གནང་བ་དེར་ཡང་ཡང་རྗེས་སུ་ཡི་རང་ཞུ་དགོས་པ་དེ་འདྲ་ཆགས་ཀྱི་འདུག དེ་དང་ཆབས་ཅིག་སྐད་ཡིག་ཐོག་ལ་ཆ་བཞག་པ་ཡིན་ན། ང་ཚོ་བོད་མི་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་ལ་འདུ་མཁན་དེ་ཆོས་འདི་ཆགས་ཀྱི་ཡོད། ཆོས་འདིའི་གནས་ས་དེ་སྐད་ཡིག་ཡིན། དེར་བརྟེན་སྐད་ཡིག་འདིའི་ཐུགས་རྗེ་བཀའ་དྲིན་ལ་ཆོལ་ཁ་གསུམ་རྡོག་རྩ་གཅིག་ཏུ་དྲིལ་ནས་གནས་ཡོད། སྐད་ཡིག་གི་གནས་སྟངས་དེ་བེད་སྤྱོད་འདྲ་མིན་ཐོག་རྒྱལ་ཁབ་སོ་སོའི་ནང་དུའང་ཐོབ་ཐང་འདྲ་མིན་ཐོག་སྐད་ཡིག་ལོགས་བཀར་ཡིན་པ་སྐུ་མདུན་གྱིས་ནམ་རྒྱུན་བཀའ་གནང་བའི་ནང་། སྐད་ཁོ་ན་ལས་མེད་པ་ཡིན་ན་ཁྱེད་རང་ཚོས་ཡི་གེ་བཟོ་རྒྱུ་ཐབས་ཤེས་བྱེད་དགོས་ཞེས་ནམ་རྒྱུན་གསུང་གིན་ཡོད་གསུངས་པ་དེ་ཚོ་ང་ཚོར་ལོ་སྟོང་ཕྲག་གོང་ནས་བྱུང་བའི་ལོ་རྒྱུས་ཡོད་སྟབས། འདི་ང་ཚོས་རྩ་ཆེན་པོ་འདྲ་བོ་ཞིག་རྩི་དགོས།
སྐད་ཡིག་འདི་གལ་ཆེན་པོ་རྩི་སྟངས་ཐོག་ལ་དཔེར་ན། གུང་ཁྲན་ལྟ་བུར་ཆ་བཞག་པ་ཡིན་ན། མི་རིགས་རྩ་མེད་བཟོ་དགོས་ན། སྐད་ཡིག་རྩ་མེད་བཟོ་དགོས། ཞེས་ཁོང་ཚོའི་ལྟ་གྲུབ་འདི་ལྟ་བུ་ཞིག་འདུག དེ་བཞིན་མི་སེར་སྤེལ་ཡུལ་དང་སྤེལ་མཁན་གྱི་སྔོན་མའི་ལམ་ལུགས་ལྟ་གྲུབ་དེ་ཚོར་ཆ་བཞག་པ་ཡིན་ནའང་། དེ་མཚུངས་རེད། དཔེར་ན། ཨིན་ཇིས་རྒྱ་གར་དབང་བསྒྱུར་བྱེད་སྐབས་འབྲས་བུ་ཐོན་མིན་ལ་མ་ལྟོས་པར་སྐད་ཡིག་སྟེང་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་བྱས་ཏེ་མི་རིགས་དེ་ཕར་ཕྱོགས་ཀྱི་བྲན་གཡོག་ཏུ་བཀོལ་བའམ། ཨིན་ཇིའི་བསམ་བློ་གཏོང་སྟངས་ནང་བཞིན་བྱས་ནས་འགྲོ་དགོས་ཀྱི་ཡོད་ནའང་རེད། གང་ལྟར་འབད་བརྩོན་དེ་སྐད་ཡིག་ཐོག་དབང་བསྒྱུར་བྱས་པ་ཡིན་ན་རླབས་ཆེ་བ་ཡོད་སྟབས་ཨིན་ཇིས་དེ་ལྟར་བྱས་འདུག
དེ་རིང་ང་ཚོས་གཙོ་བོ་བོད་ཀྱི་སྐད་ཡིག་གནས་སྟངས་ཐོག་གང་བྱེད་རྒྱུ་ཡོད་མེད་ཐོག་བགྲོ་གླེང་གནང་གི་ཡོད། ཁ་སང་ཀུན་གླེང་ནང་བཀའ་མོལ་སྐབས་བོད་པ་སྤྱིའི་སྤྱི་ཚོགས་ནང་གཉིད་ཁུག་པ་འདྲ་པོ་འདུག་ཅེས་བརྗོད་མཁན་ཡང་བྱུང་ཡོད། འདིའི་ཐོག་དོ་སྣང་ཕྲན་བུ་ཆུང་དྲགས་པ་ལྟ་བུ་དངོས་ཡོད་གནས་ཚུལ་རང་རེད།
སྤྱིར་སྐད་ཡིག་ཐོག་བོད་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་ཀྱི་དུས་བབ་ཀྱི་རྔ་སྒྲ་ཞེས་པའི་དེབ་གཅིག་བཏོན་གནང་འདུག སྔ་མོ་དེབ་དེ་མཇལ་བ་ཡིན། ཧ་ཅང་ཡག་པོ་འདུག ངས་ནམ་རྒྱུན་སློབ་དགེ་ཚོར་དེབ་དེ་ངེས་པར་དུ་གཟིགས་དགོས་པར་ཞུ་བཞིན་ཡོད། རྣམ་པ་ཚོས་གཟིགས་མེད་ན་ངེས་པར་དུ་གཟིགས་དགོས་ཀྱི་འདུག དེ་བཞིན་ UNESCO དང་རྒྱལ་སྤྱིའི་ཐོག་ཕྲན་བུ་ཐུགས་སྣང་གནང་བ་ཡིན་ན། སྤྱིར་བཏང་འཛམ་གླིང་འདིའི་ནང་སྐད་རིགས་ཁྲི་ཕྲག་མང་པོ་ཡོད། ད་ལྟའི་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོའི་ནང་དུའང་འཛམ་གླིང་ནང་སྐད་རིགས་བདུན་སྟོང་སྐོར་ཞིག་ཡོད་པ་བརྗོད་བཞིན་འདུག སྐད་རིགས་དེ་འདྲ་ཞིག་ཡོད་ཀྱང་འཛམ་གླིང་མི་འབོར་བརྒྱ་ཆ་ ༩༦ གིས་སྐད་རིགས་བརྒྱ་ཆ་བཞི་མ་གཏོགས་བེད་སྤྱོད་གཏོང་གི་མིན་འདུག་ཅེས་ UNESCO གི་སྙན་ཐོའི་ནང་འདུག སྐད་ཡིག་གི་ཉེན་ཁའི་ཚད་གཞི་སྐོར་ UNESCO གི་སྙན་ཐོའི་ནང་བཀོད་འདུག
ཉེན་ཁ་མེད་པའི་སྐད་ཡིག་ནི། ཁྱིམ་ཚང་ཞིག་ལ་དཔེ་བཞག་པ་ཡིན་ན། དེའི་ནང་གི་རྒན་གཞོན་དར་གསུམ་ཚང་མས་སྐད་ཡིག་དེ་བེད་སྤྱོད་བྱེད་ཀྱི་ཡོད་ན། སྐད་ཡིག་དེར་ཉེན་ཁ་མེད་ཅེས་ཐག་བཅད་འདུག ཁག་གཅིག་ཉེན་ཁ་མེད་པར་བརྟན་པོ་ཡོད་རེད་དེ། འོན་ཀྱང་ཉེན་ཁའི་རང་བཞིན་ལ་འགྲོ་བཞིན་ཡོད། ཅེས་པ་འདི་ཚང་མས་སྐད་ཡིག་དེ་བེད་སྤྱོད་གཏོང་གི་ཡོད་ཀྱང་སྐད་ཡིག་གཉིས་པ་དེ་ཤུགས་ཆེན་པོ་སླེབས་ཡོང་གི་ཡོད། ང་ཚོ་བོད་པ་འདི་འདྲ་བོའི་ནང་སླེབས་ཡོང་གི་མེད་དམ་སྙམ་པ་ཞིག་འདུག གསུམ་པ་ནི། སྐྱོན་ཤོར་ཆོག་ཆོག་སྟེ་དཔེར་ན། བེད་སྤྱོད་གཏོང་ཤེས་མཁན་ཕ་མ་གཉིས་མ་གཏོགས་མེད་མཁན། ཕྲུ་གུས་བེད་སྤྱོད་མི་གཏོང་མཁན་འདིའི་གྲས་དེ་ཉེན་ཁ་ཡོད་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།།

སྔོན་མ།
ཤེས་རིག་དྲུང་ཆེས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ལ་གཟིགས་ཞིབ་གནང་།
ཕྱི་མ།
བལ་ཡུལ་དང་བྱང་ཤར་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན།