Post Views: 654
༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ (NCERT) ཀྱིས་ཟབ་སྦྱོང་ཞིག་ལྡི་ལིར་ཚན་རྩིས་སློབ་གསོ་ཚན་པའི་ཚོགས་ཁང་དུ་གོ་སྒྲིག་ཞུས་གནང་ཡོད་པ་དང་། ཚོགས་འདུ་དེ་ནི་རྒྱ་གར་གྱི་མངའ་སྡེ་ཁག་གི་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ཁག་དང་། དེ་མིན་ཤེས་ཡོན་སློབ་གསོའི་ཚོགས་སྡེ་ཁག་གི་ཚན་རྩིས་འབྲེལ་མཐུད་པ་རྣམས། དེ་བཞིན་རྒྱ་གར་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཁག་བཅས་ཀྱི་ཆེད་དུ་བསྐོང་ཚོགས་གནང་བ་ཞིག་ཡིན་ཞིང་། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་གཞོན་སྐྱེས་རྣམས་ལ་ཚན་རིག་གི་ཕུགས་འདུན་བསྐྲུན་པ་དང་། གསར་གཏོད་དང་ཤེས་འདོད་ཀྱི་བློ་སྒོ་འབྱེད་སླད་གཞི་རྒྱ་ཆེ་བའི་སྒོ་ནས་རྒྱ་གར་རྒྱལ་ཡོངས་ལ་ཚན་རྩིས་ཤེས་བྱའི་གོ་རྟོགས་རྒྱ་ཆེར་སྤེལ་ཐབས་དང་དཀའ་ངལ་རྒྱུས་ལོན་གནང་རྒྱུ་དེ་ཡིན།
ཐེངས་འདིའི་ཟབ་སྦྱོང་ལ་རྒྱ་གར་གྱི་མངའ་སྡེ་ཁག་དང་། དབུས་འཛིན་མངའ་ཁུལ། དེ་མིན་སློབ་གསོའི་ཚོགས་པ་ཁག་ཅིག་བཅས་ནས་སྐུ་ཚབ་འབྲེལ་མཐུད་པ་ ༣༠ ཙམ་ཚོགས་ཞུགས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ཀྱང་ཚོགས་འདུ་དེར་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་འདིའི་ཁྱོན་ཡོངས་ཀྱི་བྱེད་སྒོའི་ལས་རིམ་ཁག་སློབ་དཔོན་ཊི་པི་ཤཱར་མ་མཆོག་གིས་གཙོ་སྐྱོང་གནང་བ་དང་། མངའ་སྡེའི་འབྲེལ་འཐུད་པ་རྣམས་ཀྱིས་ས་ཁུལ་སོ་སོའི་ཚན་རིག་འགྲེམས་སྟོན་གྱི་ལས་གཞིར་འགྲེལ་བརྗོད་ངོ་སྤྲོད་དང་འབྲེལ་དགོངས་འཆར་གནང་ཡོད།
དེ་བཞིན་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ནས་ས་གནས་ཁག་གི་དཀའ་ངལ་ཁག་སེལ་ཐབས་དང་། ཕྱི་ལོ་ ༢༠༢༣ ནས་རྒྱལ་ཡོངས་ན་གཞོན་ཚན་རིག་པའི་བྱ་དགའ་ཞེས་ཕྲུ་གུ་ལོ་ ༡༤ ནས་ ༡༧ བར་གྱི་སློབ་ཕྲུག་རྩེ་ཕུད་ཁག་འདེམས་སྒྲུག་གིས་སློབ་མའི་གསར་གཏོད་ཀྱི་བློ་ངོར་ཚན་རིག་དང་མཐུན་པའི་ཞིབ་འཇུག་གི་བརྒྱུད་རིམ་ངོ་སྤྲོད་དང་གསོ་སྐྱོང་གིས་ལས་གཞིའི་ལམ་སྟོན་ཡིག་ཆ་ཁག་ཟིན་བྲིས་དང་།བསམ་ཚུལ་བསྡུ་ལེན་བཅས་གནང་། ཕྲུ་གུའི་ཚན་རིག་གི་བློ་ངོ་སྐྱེད་སྲིང་ཆེད་ལས་གཞི་འདིའི་ལམ་སྟོན་ཡིག་ཆ་ཁག་གཏན་འབེབས་ཟིན་རྗེས་འདི་ལོ་ཕྱི་ཟླ་ ༥ པའི་ནང་རྒྱ་གར་རྒྱལ་ཡོངས་སུ་གསལ་བསྒྲགས་སྤེལ་འཆར་ཡོད་འདུག
ཟབ་སྦྱོང་དུ་ཤེས་རིག་ཤེས་ཡོན་འགན་འཛིན་གྱིས་ཕྱི་ལོ་ ༢༠༡༧ ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགྲེམས་སྟོན་གོ་སྒྲིག་གནང་ཕྱོགས་དང་། ཏོག་དབྱིབས་ནད་ཡམས་རྗེས་ཀྱི་འགྲེམས་སྟོན་གོ་སྒྲིག་དང་འབྲེལ་བའི་དཀའ་ངལ་འགྲེལ་བརྗོད། མཐར་ཁོང་གིས་ཕྱི་ལོ་ ༢༠༡༧ ནས་བོད་མིའི་སློབ་གྲྭ་ཁག་ལ་རྒྱ་གར་རྒྱལ་ཡོངས་ཚན་རྩིས་ཁོར་ཡུག་གི་འགྲེམས་སྟོན་ནང་མཉམ་ཞུགས་ཀྱི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། མ་འོངས་པར་ཡང་རྒྱ་གར་རྒྱལ་ཡོངས་སློབ་གསོའི་ལས་གཞི་ཁག་ནང་བོད་ཕྲུག་གང་མང་འཛུལ་ཞུགས་ཀྱི་གོ་སྐབས་བསྩལ་གནང་ཡོང་བའི་རེ་བསྐུལ་ཡང་ཞུས་འདུག
གཞན་ཡང་ཕྱི་ལོ་ ༢༠༢༢ ལོར་རྒྱ་གར་རྒྱལ་ཡོངས་ཚན་རྩིས་ཁོར་ཡུག་གི་འགྲེམས་སྟོན་ཐེངས་ ༤༩ པའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འགྲེམས་སྟོན་དངོས་གཟུགས་གྲངས་ ༣ འདེམས་སྒྲུག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༢ ནས་ ༢༧ བར་རྒྱ་གར་བྱང་ཤར་གྷོ་ཧ་ཊིར་རྟེན་གཞི་བྱས་པའི་ཤེས་ཡོན་བསྟི་གནས་ (Srimanta Sankardev Kalakshetra) ཞེས་པར་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཕྲུག་དང་ལྷན་དུ་འགྲེམས་སྟོན་གནང་ཡོད་པ་བཅས། །