༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་སྔ་དྲོ་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༡ གི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༩༩ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གསུམ་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་ངག་དབང་རབ་རྒྱས་ལགས། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད། དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ། བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་དང་ཕྱག་རོགས་དགེ་རྒན་རྣམ་པ་བཅས་ཚང་འཛོམས་ཀྱིས། ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། ཤེས་རིག་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་དང་། ཤེས་རིག་བཀའ་བློན་མཆོག་གིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་།
ཁོང་གིས་གསུངས་དོན། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བར་ལམ་ཟབ་སྦྱོང་དང་འོས་སྦྱོང་། ཚོགས་འདུ་སོགས་མང་པོ་ཞིག་གོ་སྒྲིག་ཞུས་ཡོད་པའི་ནང་ནས་གལ་ཆེ་ཤོས་དང་ཕན་ཐོགས་ཆེ་ཤོས་ནི་དེ་རིང་གི་ཟབ་སྦྱོང་དེ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། གང་ཡིན་ཞེ་ན། ཕྱོགས་གཅིག་ནས་སློབ་གྲྭ་ཁག་སུམ་ཅུ་སོ་གཅིག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་འདིར་མཉམ་འཛོམས་ཐུབ་པ་བྱུང་ཡོད། གཉིས་ནས་ས་གནས་ཀྱི་ཆ་ནས་བཤད་ན་དྷ་ས་ནི་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་སྒར་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཤིག་ཀྱང་ཆགས་ཡོད་སྟབས། བོད་མིའི་འཕྲལ་ཕུགས་ཀྱི་གནས་སྟངས་ཐོག་བསམ་གཞིགས་ཀྱིས་ལས་དོན་གལ་ཆེའི་རིགས་ཐག་གཅོད་གནང་རྒྱུས་གཙོས་གནད་དོན་གལ་གལ་ཆེའི་རིགས་དྷ་ས་ནས་ཐག་གཅོད་གནང་བཞིན་ཡོད། ཁྱེད་རང་ཚོ་མ་འོངས་པར་འགོ་ཁྲིད་ཆགས་རྒྱུར་དམིགས་ཡུལ་གཞི་རྩར་བཟུང་ནས་དེ་ལ་གཞིགས་པའི་འབྱུང་འགྱུར་གྱི་གནས་སྟངས་དང་གནས་བབས། འཆར་གཞི་སོགས་ཇི་འདྲ་ཡོད་མེད་ཆ་ཚང་རྟོགས་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ས་གནས་ཀྱི་ཆ་ནས་ཀྱང་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཟབ་སྦྱོང་སྤྲོད་ཡུལ་ནི་འབྱུང་འགྱུར་འགོ་ཁྲིད་ཚོ་ཆགས་ཡོད། རྣམ་པ་ཚོ་མ་འོངས་པར་ལས་འགན་གང་འཁྲི་ཡོད་པ་རེད་ཅེ་ན། བོད་ཀྱི་རྩ་དོན་འཐབ་རྩོད་དེ་མདུན་བསྐྱོད་བྱེད་རྒྱུ་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། མི་རིགས་སྲ་བརྟན། ཤེས་ཡོན་བཅས་ཡར་རྒྱས་ཀྱི་ལས་དོན་རྣམས་འགན་འཁྱེར་རྒྱུ་དེ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་ནའི་བབས་དང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གནས་བབས་སོགས་ལ་གཞིགས་ན་ང་ཚོར་འཁྲི་བའི་ལས་འགན་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། ང་ཚོ་ད་དུང་མུ་མཐུད་བཙན་བྱོལ་བ་བྱས་ནས་ལྷག་ན་དེའི་འགན་འཁྲི་འཁྱེར་མཁན་དེ་རྣམ་པ་ཚོ་ཆགས་ཡོད་པར་བརྟེན། རྣམ་པ་ཚོ་ཕྱི་ནང་གཉིས་ཀྱི་འཚར་ལོངས་སྲ་ཐག་ཐག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པར་འགན་འཁྱེར་མཁན་རྣམ་པ་ཚོ་ཆགས་རྒྱུ་ཡིན་སྟབས། ཁྱེད་རང་ཚོར་ད་ལྟ་ནས་སྲ་ཐག་ཐག་བཟོ་རྒྱུ་དེ་ང་ཚོའི་ལས་འགན་རེད། དེར་བརྟེན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གང་ཡོང་ཅི་ཡོང་བྱེད་བཞིན་ཡོད། ཁྱེད་རང་ཚོ་ཡིན་ནའང་ང་ཚོར་འགན་འཁུར་ཆེན་པོ་ཞིག་ཡོད་བསམས་ཏེ་ཕྲུ་གུའི་སྣང་བ་འཁྱེར་ཏེ་ཡ་ངེ་ཡེང་ངེ་བྱས་ནས་སྡོད་རྒྱུ་མེད། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས་ང་ཚོར་འགན་འཁྲི་ཆེན་པོ་གཅིག་ཡོད་པའི་ཐོག་ཕྱི་ནང་གི་ཆ་རྐྱེན་ཚང་དགོས། དེ་ཚང་བར་འགོ་ཁྲིད་ཀྱི་ཤེས་ཚད་དང་ནུས་ཚད། གདེང་སྤོབས་དེ་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་མཆོག་གིས་དུས་རྟག་ཏུ་ཤེས་ཡོན་དེ་འདབ་ཤོག་གཉིས་ལྡན་ཞིག་དགོས་ཀྱི་ཡོད་པ་དང་། སྲོལ་རྒྱུན་གྱི་ལམ་ལུགས་ལ་མཆོག་ཏུ་གྱུར་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཞིག་དགོས་ཀྱི་ཡོད། ང་ཚོ་བཙན་བྱོལ་ལ་འབྱོར་བ་མ་ཐག་ཐོག་མར་དགོན་པ་རྒྱག་རྒྱུའི་ཚབ་ཏུ་སློབ་གྲྭ་བཙུགས་པ་ཡིན་ཞེསབཀའ་སློབ་ཕེབས་ཡོད། ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་ངོས་རང་དྷ་སར་དངོས་སུ་བཅར་བའི་སྐབས་དེར་༸གོང་ས་མཆོག་གིས་ཤེས་ཡོན་ཐོག་འཐུས་ཤོར་ཧ་ཅང་ཆེན་པོ་ཤོར་འདུག ཅེས་ཚོར་ཤུགས་ཆེན་པོའི་ཐོག་ནས་བཀའ་སློབ་ཕེབས་ཡོད། དེར་བརྟེན་སྐབས་ ༡༤ བཀའ་ཤག་གིས་༸གོང་ས་མཆོག་གི་དགོངས་གཞི་ལྟར་ཤེས་ཡོན་འདི་བཞིན་ལས་དོན་ཚང་མའི་ནང་ནས་གལ་ཆེ་ཤོས་ཤིག་ལ་བརྩིས་དང་བརྩི་བཞིན་ཡོད། བོད་པའི་ཕྲུ་གུ་ཚོར་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་ཡོང་ཆེད་ངོས་ཀྱིས་ཤེས་ཡོན་དེ་གལ་ཤོས་ཡིན་ཞེས་བརྗོད་པ་ཡིན། དེ་བཞིན་འབྱུང་འགྱུར་ལོ་ཉི་ཤུའི་ནང་བོད་ནང་ནས་ཁྱད་ལས་པ་འབུམ་གཅིག་དང་བཙན་བྱོལ་ནང་ནས་ཁྱད་ལས་པ་ཁྲི་གཅིག་ཐོན་ཐུབ་རྒྱུའི་རེ་བ་དང་འབད་བརྩོན་ཞུ་བཞིན་ཡོད། ཅེས་བརྗོད་སྐབས་དྲི་བ་འདྲི་མཁན་མང་པོ་ཡོང་གི་འདུག
སྟབས་ལེགས་པ་ཞིག་ལ་ད་ལྟ་ཤེས་རིག་བཀའ་བློན་གྱིས་གསུངས་པ་ལྟར་རེད། ན་ནིང་ལོར་ང་ཚོས་སློབ་ཕྲུག་ ༦༣༨ ལ་སློབ་ཡོན་གནང་ཁོངས་ནས་ཧ་ལམ་ ༣༠༠ མིན་ཙམ་ཁྱད་ལས་པའི་སློབ་སྦྱོང་བྱེད་མཁན་ཡིན། དེ་བཞིན་བོད་ཁྱིམ་གཉིས་ནས་ཁྱོན་བསྡོམས་སློབ་ཕྲུག་ཉིས་བརྒྱ་མིན་ཙམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཉུང་མཐར་ཁྱད་ལས་པ་ལྔ་བརྒྱ་འཐོན་བཞིན་ཡོད། ང་ཚོས་དམིགས་ཡུལ་ད་དུང་དེ་ལས་མཐོ་བ་འཛིན་དགོས། ཞེས་དང་། ཡང་སྲིད་སྐྱོང་མཆོག་གིས་མུ་མཐུད་གསུང་དོན། ཤེས་ཡོན་ཡར་རྒྱས་འགྲོ་བར་མཛུབ་མོ་ལྔ་ནང་བཞིན་ལྔ་ཀར་འགན་ཡོད། དང་པོ་དེ། བོད་མིའི་སྒྲིག་འཛུགས་ཀྱི་འགན་དེ་མཐུན་རྐྱེན་སྐྲུན་རྒྱུ་རེད། དཔལ་འབྱོར་ཐོག་མཐུན་འགྱུར་ཇི་དགོས་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་གནང་བཞིན་ཡོད། ཐེངས་འདིའི་ཟབ་སྦྱོང་ལྟ་བུར་མཚོན་ན་འབུམ་ ༢༧ ཙམ་འགྲོ་གི་ཡོད། ཁྱེད་རང་ཚོ་སློབ་ཕྲུག་རེར་ཆ་བགོས་བྱས་ན་མི་རེར་ཁྲི་རེ་རེ་ཙམ་འགྲོ་གྲོན་བཏང་ཡོད། ང་ཚོས་དམའ་རིམ་སློབ་གྲྭར་གལ་ཆེར་བརྩིས་ཏེ་ང་ཚོས་ཀློག་དེབ་དང་བྱིས་སྒྲུང་གསར་པ་དཔར་སྐྲུན་ཞུས་ཡོད། དེ་སྔ་སྒྲུང་དེབ་ ༡༠༠ ལྷག་ཙམ་ཡོད། ད་ལན་ཤེས་རིག་ལས་ཁུངས་ནས་ལོ་གཉིས་མིན་ཙམ་ནང་བྱིས་སྒྲུང་ ༧༠ ཙམ་གསར་པ་ངོ་སྤྲོད་བྱས་ཡོད།
གཉིས་པ་དེ། སློབ་གྲྭའི་སློབ་སྤྱི་དང་ལས་བྱེད་ཚོའི་འགན་རེད། སློབ་གྲྭའི་སྒྲིག་འཛུགས་དང་། མཐུན་རྐྱེན་ཁག་ཉིན་རེ་ཉིན་རེར་ལག་བསྟར་བྱེད་རྒྱུ་སློབ་སྤྱི་དང་ལས་བྱེད་ཀྱི་ལས་འགན་རེད།
གསུམ་པ་དེ། དགེ་རྒན་རྣམ་པ་རེད། དགེ་རྒན་ཚོར་འགན་དམིགས་བསལ་ཡོད། དགེ་རྒན་ཡག་སྡུག་གང་འདྲ་ཡོད་མེད་སློབ་ཕྲུག་གི་མི་ཚེའི་ནང་ནམ་ཡང་བརྗེད་རྒྱུ་མ་རེད། དགེ་རྒན་གྱིས་འཛིན་ཁང་སྒོ་བརྒྱབ་ནས་སློབ་ཁྲིད་མ་བྱས་པ་དང་སྟངས་འཛིན་ལེགས་པོ་མ་བྱས་པ་ཡིན་ན། ཕྲུ་གུའི་མི་ཚེ་འཕྲོ་བརླག་འགྲོ་གི་ཡོད་སྟབས། དགེ་རྒན་ཚོར་དམིགས་བསལ་འགན་ཡོད།
བཞི་པ་དེ་ཕ་མ་རེད། ཕ་མས་ཕྲུ་གུ་དང་མཉམ་དུས་ཚོད་མང་ཙམ་བསྐྱལ་དགོས། ཕ་མས་སློབ་ཕྲུག་ཆེད་དུ་དུས་ཚོད་བཏོན་དགོས། ཕྲུ་གུ་ལ་དགོས་པ་ནི་ཕ་མ་ཡིན་པ་ལས་རྔན་པ་མིན། ཕ་མར་དུས་ཚོད་མེད། ཅེས་པ་ནི་གཡོ་ཐབས་ཤིག་ལས་གཞན་རྒྱུ་མཚན་གང་ཡང་མེད། མཛུབ་མོ་ལྔ་པོ་གཅིག་ཏུ་བསྒྲིལ་པ་ཡིན་ན་ནུས་པ་ཆ་ཚང་འདོན་ཐུབ་རྒྱུ་རེད། ལྔ་པ་དེ་སློབ་ཕྲུག་རེད། ཁྱེད་རང་ཚོ་མ་འོངས་འགོ་ཁྲིད་ཡིན་སྟབས། ༸གོང་ས་མཆོག་གིས་བཀའ་དགོངས་ལྟར་གདབ་ཤོག་གཉིས་ལྡན། སྲོལ་རྒྱུན་གྱི་ལམ་ལུགས་ལ་མཆོག་ཏུ་གྱུར་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཞིག་དགོས་ཀྱི་ཡོད།
དེ་བཞིན༸གོང་ས་མཆོག་གིས་ང་ཚོ་བོད་པའི་ཕྲུ་གུ་རྣམས་ལྡུམ་རྭའི་ནང་གི་མེ་ཏོག་ལྟར་མིན་པར་རི་སྐྱེས་མེ་ཏོག་བཞིན་དགོས་ཞེས་བཀའ་སློབ་སྩལ་ཡོད། ལྡུམ་རྭའི་ནང་གི་མེ་ཏོག་དེ་སྙིང་རྗེ་མོ་ཡོད་ཀྱང་། ལུད་དང་ས། ཆུ་སོགས་བླུགས་ཏེ་བདག་གཅེས་བྱས་ན་གཞི་ནས་སྙིང་རྗེ་པོ་ཆགས་ཀྱི་ཡོད། རི་སྐྱེས་མེ་ཏོག་ནི་ལྷགས་པ་དང་གངས་ཆར་སོགས་ཅི་ཞིག་བྱུང་བ་ཡིན་ནའང་འགྱུར་མེད་རང་བཞིན་གྱིས་གནས་ཐུབ་ཀྱི་ཡོད་སྟབས། རི་སྐྱེས་མེ་ཏོག་ལྟ་བུ་ཞིག་དགོས་ཀྱི་ཡོད་ཅེས་བཀའ་སྩལ་བ་རེད། འདི་ནི་བཀའ་ཤག་གི་ལྟ་གྲུབ་གསུམ་པོའི་ནང་ནས་རང་ཁ་རང་གསོ་ཞེས་པ་དེ་རེད། ཅེས་གསུངས་པ་མ་ཟད། སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གིས་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་ཞེས་བཀའ་སློབ་ཕེབས་བཞིན་ཡོད་པ་ལྟར། ངོས་ཀྱང་སློབ་ཕྲུག་རྣམས་ནས་ཆོལ་ཁ་དང་ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་བྱས་པའི་ཐོག་ནས་དུས་རབས་ ༢༡ པའི་བོད་པ་བྱེད་དགོས་ཀྱི་རེད་བསམ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་གསོལ་ཇའི་བར་གསེང་གྲུབ་མཚམས་སྲིད་སྐྱོང་མཆོག་གིས་འགོ་ཁྲིད་ཀྱི་ཁྱད་ཆོས་དང་འབྲེལ་ལམ་སྐོར་གྱི་ཚོགས་ཐེངས་འགོ་བཙུགས་ཞུས་ཡོད།
སྤྱིར་ཐེངས་འདིའི་ཟབ་སྦྱོང་ཐོག་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་མིའི་སློབ་གྲྭ་ཁག་ ༣༡ ནས་འཛིན་རིམ་བཅུ་པའི་བུ་ ༡༥༥ དང་བུ་མོ་ ༡༤༤ བཅས་ཁྱོན་སློབ་ཕྲུག་ ༢༩༩ དང་། དགེ་རྒན་ ༣༡ ཕེབས་ཡོད། ཉིན་གྲངས་བརྒྱད་རིང་གི་ཟབ་སྦྱོང་སྐབས་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་བབས་དང་འགོ་ཁྲིད་གསར་པའི་ལས་འགན། འབྲེལ་ལམ་སྒྱུ་རྩལ། བོད་ཀྱི་མང་གཙོའི་འཕེལ་རིམ། རྒྱ་གར་དང་འབྲེལ་ལམ་གནང་ཕྱོགས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། དུས་རབས་ཉེར་གཅིག་པའི་ནང་པ། མདུན་ལམ་འདེམས་ཕྱོགས་སྐོར། ཤེས་རིག་སློབ་ཡོན་ངོ་སྤྲོད། ཤེས་ཡོན་སྲིད་བྱུས་དང་ཤེས་ཡོན་ངོས་འཛིན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ། མྱོས་རྫས་ལང་ཤོར་གྱི་སྐྱོན་གནད་དང་འགོག་ཐབས། འཚེ་མེད་ཞི་བའི་ལྟ་གྲུབ་དང་འབྲེལ་བའི་སྐོར། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར། གཞོན་སྐྱེས་འགོ་ཁྲིད་ནུས་པ་དང་སྒྱུ་རྩལ་སྐོར་བཅས་ཀྱི་བརྗོད་གཞི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག དེ་བཞིན་ཟབ་སྦྱོང་སྐབས་སློབ་ཕྲུག་ནང་ཁུལ་སིལ་པོལ་དང་རྐང་རྩེད་པོ་ལོའི་འགྲན་བསྡུར་གནང་རྒྱུ་མ་ཟད། ཤེས་ཡོན་དང་འབྲེལ་བའི་གློག་བརྙན་བསྟན་རྒྱུ་དང་། སློབ་ཁག་སོ་སོའི་གནས་སྟངས་ངོ་སྤྲོད། ཟློས་གར་གཏམ་བརྗོད་དང་གཞས་སྣ། སྒྱུ་སྩལ་འཁྲབ་སྟོན་སོགས་ཀྱང་གནང་རྒྱུ་ཡིན་འདུག