ཟླ་རེའི་གསར་འགྱུར།

ཤེས་རབ་དང་རྨོངས་པ།

རྗེ་ཤེས་རབ་རྒྱ་མཚོ།

ངག་གི་དབང་ཕྱུག་འཇམ་པའི་དབྱུངས་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཤེས་རབ་ཀྱི་ཉི་མ་འཆར་བར་མཛད་དུ་གསོལ།
འཇིག་རྟེན་འདི་ན་སྣང་བ་དང་མུན་པ་གཉིས་པོ་འདི་བྱ་བ་ཤིན་ཏུ་ཆེ་སྟེ། ཇི་ལྟར་ཞེ་ན། སའི་སྟེང་ན་གཟུགས་ཀྱི་རྣམ་པ་ཆེ་ཆུང་ཕྲ་རགས་སྲིད་ཚད་ཐམས་ཅད་སྣང་བས་གསལ་བར་བྱེད། མཐོང་བར་བྱེད། བསྟན་དུ་ཡོད་པའི་གནས་ཚུལ་ལ་གཞན་གྱི་མིག་འཇུག་པར་བྱེད་དེ། དགའ་སྡུག་འདོད་སྡང་བླང་དོར་གྱི་རྣམ་རྟོག་སྣ་ཚོགས་པ་འབྱིན་པར་བྱེད་དོ། །
དེ་ཡང་ཉི་མ་དང། ཟླ་བ་དང། སྐར་མ་དང། གློག་དང། མར་མེ་ལ་སོགས་པ་སྣང་བའི་རིས་སུ་གཏོགས་པ་རྣམས་གང་ལ་གང་འོས་སུ་བྱས་ཏེ་སེམས་ཅན་རྣམས་ལ་ཕན་འདོགས་པ་རྩོམ་མོ། །དེ་དག་ཀྱང་སྐྱེ་བོ་རྣམས་ཀྱི་བསོད་ནམས་རྣམ་པར་དཀར་བའི་མཐུ་ལས་མངོན་པར་སྣང་བའི་དངོས་པོ་ལ་སྤྱོད་པའི་ཐབས་གཞན་མ་མཆིས་སོ། །
མུན་པ་ཡང་དེ་ལས་ལྡོག་པའི་གནོད་རྔམས་ཆེ་ཤིན་ཏུ་འཐུག་པ་ཞིག་ཡིན་ཏེ། མིག་ལ་སྒྲིབ་གཡོགས་བརྒྱ་སྟོང་གིས་བཀབ་པ་བཞིན་དུ་བལྟ་བྱ་ཅི་ཡང་མི་མཐོང་བར་བྱེད། བྱ་བ་འཛོལ་བ་དང། ལམ་ནོར་བ་དང། གཡང་དུ་ལྷུང་བ་དང། སྡུག་བསྔལ་བ་དང། འཇབ་བུས་བརྐུ་བ་ལ་སོགས་པ་ཚུལ་དང་མི་མཐུན་ཞིང་དམ་པས་སྨོད་པའི་ལོག་ལམ་བསམ་གྱིས་མི་ཁྱབ་པ་ལ་སྦྱོར་བར་བྱེད། ཡང་དག་པའི་བྱ་བ་མང་པོ་ལ་སོག་ལེ་དང་སྟ་རེ་བཞིན་དུ་གཞོག་པ་དང་གཏུབས་པར་བྱེད། མེ་ཏོག་གི་ཚལ་དང། རྒྱ་མཚོ་ཆེན་པོ་དང། གསེར་གྱི་རི་དང། གངས་ཀྱི་ལྗོངས་ལ་སོགས་པ་ཡིད་དུ་འོང་བའི་དཔལ་འབྱོར་ལྷའི་གནས་ལ་འགྲན་བཟོད་པ་རྣམས་ཀྱང་སྐད་ཅིག་ལ་མི་སྡུག་པས་ཁེབས་པར་བྱས་ཏེ་བསོད་ནམས་མ་ཡིན་པའི་འབྲས་བུ་དཔག་པར་དཀའ་བ་ལ་འགོད་པར་བྱེད་དོ། །
དེ་ལྟར་སྣང་བ་དང་མུན་པའི་དཔེ་གཉིས་ཀྱིས་མཚོན་པར་བྱ་བའི་དོན་ནི་གང་ཞིག་ཅེ་ན། འདི་ལྟ་སྟེ། ཤེས་རབ་དང་རྨོངས་པའོ། །
དེ་ལ་ཤེས་རབ་ནི། སྣང་བ་དང་འདྲ་སྟེ། སྣང་བས་སྔར་ཇི་སྐད་བཤད་པ་དེ་བཞིན་དུ་གཟུགས་ཐམས་ཅད་གསལ་བར་བྱེད་པ་ལྟར་ཤེས་རབ་ཀྱིས་ཀྱང་ཆོས་དང་འཇིག་རྟེན་གྱི་བླང་བར་བྱ་བ་དང་དོར་བར་བྱ་བའི་རིམ་པ་མ་ལུས་པ་འབྱེད་པར་བྱེད་དོ། །
ཆོས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྩ་བ་རང་ཡིན་ཏེ། ཕྱི་མ་ལྷ་མིའི་གོ་འཕང་ཙམ་ཞིག་འདོད་ན་ཡང་དགེ་བ་བཅུ་དང་མི་དགེ་བ་བཅུའི་རྣམ་གཞག་ཕྱིན་ཅི་མ་ལོག་པར་མ་རྟོགས་པར་གཏན་ནས་མི་ཡོང་ཞིང། དེ་ཤེས་རབ་ལ་རག་ལས། སངས་རྒྱས་ཀྱི་སྤངས་རྟོགས་བླ་ན་མེད་པའི་ཡོན་ཏན་ཐོབ་པར་འདོད་ན་ཡང་བདེན་པ་གཉིས་ཀྱི་གནས་ཚུལ་ཕྱིན་ཅི་མ་ལོག་པར་མ་རྟོགས་པར་གཏན་ནས་མི་ཡོང་ཞིང། དེ་ཤེས་རབ་ལ་རག་ལས།
མདོར་ན་གྲུབ་མཐའ་བཞི། སྐྱེས་བུ་གསུམ། ཐེག་པ་ཆེ་ཆུང། མདོ་སྔགས་གཉིས། རྒྱུད་སྡེ་བཞིའི་རྣམ་གཞག་བརྡར་ཤ་མ་ཆོད་པར་རང་རང་གིས་ལམ་བགྲོད་པའི་ནུས་མཐུ་མེད་ཅིང། དེ་ཤེས་རབ་ལ་རག་ལས་ཏེ། དེ་ཐམས་ཅད་ཀྱི་བཟང་ངན་དང་མཆོག་དམན་ནི། ཤེས་རབ་ཀྱི་རྩལ་ཆེ་ཆུང་ལ་ཐུག་པ་ཡིན་ཏེ། འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་ཡང་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཤེས་རབ་ཡིན་ཏེ། རྒྱལ་ཁབ་ཆེ་ཆུང། སྟོབས་འབྱོར་མངའ་ཐང། དམག་ཤུགས་བཙན་གཉོམ། ཅ་ལག་བཟང་ངན། ཐོན་དངོས་མང་ཉུང། ཚོང་གི་འཕེལ་འགྲིབ། ལོ་ཏོག་གི་འབབ་ཡོང་ཚུན་ཆད་ཀྱང་ཤེས་རབ་ཀྱི་རླབས་ཆེ་ཆུང་དང་རགས་ཞིབ་ཀྱི་ཁྱད་པར་ལ་ཐུག བསོད་ནམས་ཡོད་མེད་དང་བསོད་ནམས་ཆེ་ཆུང་ལ་རག་ལས་ཞེས་དཀོན་མཆོག་གསུམ་དང་རྒྱུ་འབྲས་བརྩི་བའི་དམ་པ་རྣམས་ལ་ཡོངས་སུ་གྲགས་པ་རེད་མོད་དེ། བསོད་ནམས་ཀྱང་རྒྱུ་མེད་དུ་འབྱུང་བ་མ་ལགས་པས་གསོག་ཚུལ་མ་ནོར་བར་ཤེས་རབ་ཀྱིས་ཤེས་པ་ལ་རག་ལས་ཏེ། ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན། །ཞེས་དུས་གསུམ་རྒྱལ་བ་སྲས་དང་བཅས་པས་བཞེད་པ་ཡང་ཆོས་ཀྱི་བཟང་ངན་ཀུན་སློང་བཟང་ངན་ལ་ཐུག་པར་གསུངས་པ་ཡིན་ཞིང། ཀུན་སློང་བཟང་ངན་གྱི་ཁྱད་པར་ཡང་ཤེས་རབ་ཀྱིས་བརྟགས་ནས་འབྱེད་དགོས་པས་སོ། །
ཐ་ན་འཇིག་རྟེན་གྱི་མདུན་གྲོས་ཤིག་བསྡུར་བ་གནད་དུ་འགྲོ་མི་འགྲོ་ཡང་ཤེས་རབ་བཟང་ངན་གྱི་རྗེས་སུ་འབྲངས་ན་གཞན་ལྟ་ཅི་སྨོས། དེའི་ཕྱིར་ཡོན་ཏན་གང་ཡིན་ཀྱང་ཤེས་རབ་ལ་རག་ལས་པར་ལུང་དང་རིགས་པ་བརྒྱ་ཕྲག་གིས་གྲུབ།
རྨོངས་པ་ནི། མུན་པ་དང་འདྲ་སྟེ། མུན་པས་སྔར་ཇི་སྐད་བཤད་པ་བཞིན་དུ་གཟུགས་ལ་སྒྲིབ་པའི་ཉེས་དམིགས་བསམ་གྱི་མི་ཁྱབ་པ་བསྐྱེད་པ་ལྟར་ཆོས་དང་འཇིག་རྟེན་གྱི་ཕྱོགས་ལ་སྐྱོན་གྱི་རྣམ་པ་ཇི་སྙེད་མཆིས་པ་ཐམས་ཅད་ཀྱི་རྩ་བ་རྨོངས་པས་བྱེད་ཅིང། མི་འདོད་སྡུག་བསྔལ་བཟོད་པ་དཀའ་བའི་ཀློང་དུ་ལྡང་མི་ནུས་པར་གནོན་པའི་དགྲའི་དྭངས་མ་ཞིག་ཡིན་པ་ལ་ཡིན་པར་ངོ་ཤེས་ནས་དཔུང་དང་བཅས་པ་འཇོམས་དགོས་སོ། །
འཇིག་རྟེན་ན་སྟོབས་ཆེ་བའི་དུད་འགྲོ་བརྒྱ་སྟོང་ཁྲི་འབུམ་གྱི་ཚོགས་པར་ལོངས་པ་ཡང་བློ་དང་ལྡན་པའི་བྱིས་པ་ཆུང་ངུ་གཅིག་ཁོ་ནས་འདོད་རྒུར་སྤྱོད་ཅིང་བཀོལ་བར་བྱེད་པ་ནི། ཤེས་རབ་ཀྱི་མཐུ་མ་ལགས་སམ།
དེས་མཚོན་ནས་ཐམས་ཅད་གོ་བར་ནུས་ཏེ། ཇི་ཙམ་པའི་འགྲིག་མི་རུང་བ་ཞིག་བྱུང་བ་ཐམས་ཅད་དེ་དང་དེའི་སྐྱོན་སེལ་མ་ཤེས་པ་ལ་ཐུག་པས་རྟོག་དཔྱོད་ཕྲ་ཞིབ་ཀྱི་ཤེས་རབ་མིག་དང་འདྲ་ཞིང། དེ་དང་བྲལ་བས་བླང་དོར་གྱི་གནས་མཐའ་དག་ལ་ནག་འཐོམ་མེར་རྨོངས་པར་འགྱུར་རོ། །
ཤེས་རབ་མེད་ན་ཡོན་ཏན་མེད། ཐོས་པ་མེད་ན་ཤེས་རབ་མེད་པ་དེའི་ཕྱིར་འཇིག་རྟེན་གྱི་སྡུག་བསྔལ་སེལ་བ་དང། བདེ་བ་སྒྲུབ་པའི་རྒྱུའི་རྩ་བར་ཐོས་པ་ལ་འབད་འབུངས་གལ་ཆེ་གཤིས་རྒྱལ་ཁབ་དང། མི་རིགས་ལ་སྙིང་ཐག་པ་ནས་ཤ་ཚ་བའི་སྐྱེས་བུ་དམ་པ་དྲག་ཞན་བར་མ་ཚང་མས་རང་རང་ལ་ནུས་པ་ཅི་ཡོད་དང། སྟོབས་ཅི་ཡོད་ཀྱིས་རིག་གཞུང་སྤེལ་བའི་ཚོགས་འདུ་མ་ཚུགས་པ་འཛུགས་པ་དང། བཙུགས་ཟིན་གནས་པ་དང། རྒྱ་ཆེར་སྤེལ་བའི་བྱ་བཞག་ལེ་ལོར་མ་ཤོར་བ་གཟི་བརྗིད་བླ་ན་མ་མཆིས་པའི་རྒྱན་གྱི་མཆོག་ཏུ་འཆར་བར་མཛོད་མཛོད་ཅེས་ཐལ་མོ་སྙིང་གར་སྦྱོར།
འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པས། ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུངས་ནས་འབྱིན་པའི་སྨན། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུན་སེལ་སྒྲོན་མེའི་མཆོག་ཏུ་གྲགས། །ཞེས་དང། སློབ་དཔོན་དཔའ་བོས། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ཉིད་ཉོ་བར་རིགས། །ཞེས་དང། ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང། །ཐོས་པས་མྱ་ངན་འདས་པ་ཐོབ། །
ཅེས་གསུངས་པ་འདི་དག་གི་ཚིག་འབྲུ་བཟང་པོ་དང། དོན་བཟང་པོ་བདུད་རྩིའི་ཐིགས་པ་ལྟ་བུ་རེ་རེ་ནས་ཐུགས་ཀྱི་ཟེའུ་འབྲུར་མཛེས་པར་ཞུ་ཞེས་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས་མིང་གོ་སྲིད་ལོའི་ཟླ་ཚེས་ལ་བྲིས།

སྔོན་མ།
རྐང་ལམ་ཕྲ་མོ།
ཕྱི་མ།
བོད་དུ་དར་བའི་ནང་པའི་གྲུབ་མཐའ་སོ་སོའི་མིང་འདོགས་ཀྱི་དཔྱད་པ།