ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་མྱ་ངན་གུས་འདུད།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༣ ཉིན་ཀ་སྦུག་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་བསྟན་འཛིན་བྷུ་ཊི་ཡ་ལགས་དགུང་གྲངས་ ༥༨ ཐོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གདུང་སེམས་མཉམ་སྐྱེད་དང་སྦྲགས་མྱ་ངན་གུས་འདུད་ཞུ་བཞིན་ཡོད།
    དེ་ཡང་སྐལ་བཟང་བསྟན་འཛིན་བྷུ་ཊི་ཡ་ལགས་དམ་པ་ཁོང་ནི། ཕྱི་ལོ་ ༡༩༥༥ ཟླ་ ༥ ཚེས་ ༥ ཉིན་བོད་ས་སྐྱར་འཁྲུངས་ཤིང་། རྡོར་གླིང་གཏན་སློབ་ཏུ་སྔོན་འགྲོ་སློབ་མཐར་ཕྱིན་རྗེས་ཀ་སྦུག་ཏུ་རྟེན་གཞི་བྱས་པའི་ཌོག་ཊར་གྷ་ར་ཧམ་Dr. Graham’s Homes སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་ཐོན་འདུག
    ཕྱི་ལོ་ ༡༩༧༢ ལོར་ལྡི་ལི་གཙུག་ལག་སློབ་ཁང་ཁོངས་སུ་ཡོད་པའི་སེན་སི་ཊི་ཕིན་མཐོ་སློབ་St. Stephen’s College, Delhi University ནས་རྒྱལ་རབས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་ལེགས་པ་ཐོན་བྱུང་ཡོད། དེ་ནས་ཅན་ཌི་སྒར་དུ་རྟེན་གཞི་བྱས་པའི་པན་ཇབ་གཙུག་ལག་སློབ་ཁང་Government College of Education, Punjab University, Chandigarh.ནས་དགེ་རྒན་འོས་སྦྱོང་ཐོན་རྗེས། ཕྱི་ལོ་ ༡༩༨༢ ནས་ ༡༩༨༥ བར་སྒང་ཏོག་ཏུ་ཡོད་པའི་བཀྲ་ཤིས་རྣམ་རྒྱལ་ཤེས་ཡོན་བསྟི་གནས་ཁང་དུ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་རྒྱལ་རབས་དགེ་རྒན་གནང་། ཕྱི་ལོ་ ༡༩༨༦ ནས་ ༡༩༩༢ བར་དམ་པ་ཁོང་གིས་རང་ཉིད་ཆུང་དུས་སློབ་སྦྱོང་གནང་ཡུལ་སློབ་གྲྭ་ཌོག་ཊར་གྷ་ར་ཧམ་སློབ་གྲྭའི་ནང་རྒྱལ་རབས་སློབ་དགེ་གནང་།
    ཕྱི་ལོ་ ༡༩༩༢ ཟླ་ ༨ པའི་ནང་བོད་སློབ་འཛིན་ཚོགས་ནང་ལས་འཁུར་ཞུས་རྗེས་མོན་གྷོ་དང་། ཀ་སྦུག རྡོར་གླིང་། མ་སུ་རི་བཅས་ཀྱི་གཏན་སློབ་ནང་སློབ་སྤྱིའི་ལས་འཁུར་ཞུས་མྱོང་ཡོད།  ཁོང་གིས་ལྷག་བསམ་རྣམ་དག་ཐོག་ནས་གཞོན་སྐྱེས་ཀྱི་ཤེས་ཡོན་ཡར་རྒྱས་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་གྱི་སྲིད་འཛིན་ཕྱག་ནས་རྒྱལ་ཡོངས་དགེ་རྒན་གཟེངས་རྟགས་National Award to Teachers ཐོབ་ཡོད།
    དམ་པ་ཁོང་ལ་ཤུལ་ལུས་ནང་མི་བཟའ་ཟླ་ཆུང་ལགས་དང་། བུ་ཕྲུག་འཇིགས་མེད་རྡོ་རྗེ། བསོད་ནམས་རྒྱ་མཚོ། བསྟན་འཛིན་འཛོམས་པ་བཅས་ཡོད་འདུག  བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་དམ་པ་ཁོང་འདས་གྲོངས་སུ་གྱུར་བར་མྱ་ངན་གུས་འདུད་ཞུ་རྒྱུ་དང་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།

སྔོན་མ།
བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་བསྐྱངས།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ལ་ཚན་རྩིས་ཀྱི་རྨང་གཞི་ཟབ་སྦྱོང་འགོ་འཛུགས་ཞུས།