ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་མདུན་ལམ་སློབ་སྟོན་གྱི་ཟབ་སྦྱོང་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༥ ནས་ ༢༢ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་དང་། མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་གཉིས་ཀྱིས་རྒྱ་གར་བྱང་ཕྱོགས་བཙན་བྱོལ་བོད་མིའི་སློབ་གྲྭ་སམ་བྷོ་ཊ་ཧར་པ་པུར་ཉིན་སློབ་དང་། སམ་བྷོ་ཊ་མ་སུ་རི། མ་སུ་རི་བོད་ཁྱིམ། རཱཇ་པུར་བོད་ཁྱིམ། བདེ་སྐྱིད་གླིང་བོད་ཁྱིམ། དོན་གྲུབ་གླིང་། སམ་བྷོ་ཊ་སིམ་ལ། སམ་བྷོ་ཊ་ཌོ་ལན་ཇི་བཅས་སུ་མདུན་ལམ་སློབ་སྟོན་ཆེད་བསྐོར་བསྐྱོད་དུ་ཕེབས་ཡོད་པ་རེད།

 དེ་ཡང་ཟབ་སྦྱོང་དེའི་དགོས་དམིགས་ནི། འཛིན་རིམ་བརྒྱད་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ལ་མ་འོངས་མདུན་ལམ་དོན་དང་ལྡན་པ་ཞིག་བསྐྲུན་ཐབས་ཆེད་ཡིན་པ་དང་། སློབ་སྟོན་པ་གཉིས་ནས་ལག་ཤེས་དང་། འབྲེལ་ལམ་གྱི་ནུས་པ། བཟང་ཕྱོགས་ཀྱི་བསམ་བློའི་འདུ་ཤེས། མཉམ་རུབ་ཀྱི་ནུས་པ་ལྟ་བུའི་སྐོར་བྱེད་སྒོ་རྣམ་གཞག་སྤེལ་འདུག  སྐབས་དེར་སློབ་ཕྲུག་རྣམས་མཉམ་ཞུགས་ཀྱིས་གླེང་མོལ་གནང་བ་མ་ཟད་སློབ་ཕྲུག་རྣམས་སྡེ་ཚན་ཁག་ཏུ་བགོས་ཏེ་བགྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད།

དེ་མཚུངས་སློབ་སྟོན་པས་དེང་སང་སྤྱི་ཚོགས་ཁྲོད་ཀྱི་ཛ་དྲག་ཅན་གྱི་བརྗོད་གཞི་བྱིས་པར་འཁྲིག་པའི་རྩུབ་སྤྱོད་འགོག་ཐབས་དེ་གལ་ཆེན་བརྩིས་ཏེ་སློབ་གྲྭའི་ཁྱབ་ཁོངས་ཁྱིམ་ཚང་གི་ཕ་མ་དང་། དགེ་རྒན། ལས་བྱེད་སོགས་ལ་གོ་རྟོགས་སྤེལ་བ་མ་ཟད། རྒྱ་གར་གྱི་བཅའ་ཁྲིམས་ནང་གི་ (POSCO ACT 2012) ཞེས་པའི་ནང་དོན་ངོ་སྤྲོད་ཟབ་རྒྱས་གནང་ཡོད།

སློབ་ཕྲུག་ཅིག་གི་མི་ཚེ་ནང་ཕ་མའི་འགན་ཁུར་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཏེ་སམ་བྷོ་ཊ་ཧར་བར་པུར་དང་དོན་གྲུབ་གླིང་སློབ་གྲྭར་ཕ་མའི་སློབ་སྟོན་གྱི་ཚོགས་འདུ་གོ་སྒྲིག་གནང་ཡོད། ཚོགས་འདུ་འདི་བརྒྱུད་ཕ་མ་དང་ཕྲུ་གུ་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་དང་། ཕྲུ་གུའི་འཚར་ལོངས་ཆེད་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐབས་བཅས་ཀྱི་སྐོར་ལམ་སྟོན་གནང་།

ཚོགས་ཐུན་དེའི་གྲུབ་འབྲས་ལེགས་པར་ཐོན་ཡོད་པ་དང་ཕྲུ་གུ་རྣམས་ནས་ཀྱང་ཁ་ཡོད་ལག་ཡོད་ཀྱི་རང་གཞན་ལ་ཕན་པའི་རྒྱུ་རྩལ་ཤེས་རྟོགས་བྱུང་བའི་མྱོང་ཚོར་གསུངས་ཡོད་པ་མ་ཟད། ལྷག་པར་བྱིས་པར་འཁྲིག་པའི་རྩུབ་སྤྱོད་འགོག་ཐབས་སྐོར་གོ་རྟོགས་སྤེལ་བ་དེས་བདེ་འཇགས་དང་ཤེས་ཡོན་ཅན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་བཅས།།

སྔོན་མ།
ཟློས་དགེའི་འོས་སྦྱོང་གི་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱིས་བྱིས་སྒྲུང་གསར་པ་བཅུ་འདོན་སྤེལ་གནང་བ།