ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་འཛིན་རིམ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ཉིན་རྒྱབ་ནས་ ༡༨ བར་ཉིན་གསུམ་དང་ཕྱེད་ཀའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཞི་རིམ་བར་མ་འཛིན་རིམ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཞུས་ཏེ། མཐའ་མའི་གཏན་འབེབས་ཚོགས་འདུ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་ནང་དུ་ཚོགས་ཡོད།

དེ་ཡང་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་ཕྱི་ལོ་ ༢༠༡༠ ལོར་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་བཀའ་ཤག་གིས་གཏན་འབེབས་གནང་རྗེས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་ཕྱི་ལོ་ ༢༠༡༡ ནས་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་གསར་པ་རྩོམ་སྒྲིག་དང་གཏན་འབེབས་ཀྱི་གཞི་རིམ་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུས་ཡོད།

ཕྱི་ལོ་ ༢༠༢༢ འགོ་འཚུགས་ཀྱིས་གཞི་རིམ་བར་མ་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་བྱས་ཟིན་པ་དང་། འདི་ལོ་མུ་མཐུད་འཛིན་རིམ་བདུན་པའི་སློབ་དེབ་བསྐྱར་ཞིབ་ཟིན་ནས་གོང་ཚེས་ཉིན་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་མཐའ་མའི་རགས་ཟིན་སྟེང་གོ་བསྡུར་སྦྱངས་བཤད་བྱས་ཏེ། སྣོན་འཕྲི་ཅི་དགོས་བྱས་ནས་མཐའ་མའི་གཏན་འབེབས་གནང་ཡོད།

ཚོགས་འདུ་རུ་སྤྱི་ཚན་རྩོམ་སྒྲིག་པ་ཟུར་པ་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསོད་ནམས་བཟང་པོ་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས།སློབ་དེབ་རྩོམ་སྒྲིག་པ་བོན་གྲོགས་པ་སངས་ཚེ་རིང་ལགས།དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྤྱི་ཚན་རྒན་བསྟན་འཛིན་དབང་ཕྱུག་ལགས་དང་རྒན་ལྷ་འཛོམས་ཚེ་རིང་ལགས།སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སྤྱི་ཚན་རྒན་ངག་དབང་ཚེ་བརྟན་ལགས་དང་རྒན་བཀྲ་ཤིས་ལྷ་མོ་ལགས། མོན་གྷོ་གཞི་རིམ་འོག་མའི་རྒན་བྱམས་པ་ལྷ་མོ་ལགས།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྤྱི་ཚན་རྒན་ཀུན་བཟང་རྡོ་རྗེ་ལགས།གངས་སྐྱིད་དཔེ་མཛོད་ཁང་གི་རྩོམ་སྒྲིག་པ་བཀྲ་ཤིས་མཚོ་མོ་ལགས་བཅས་མཉམ་ཞུགས་གནང་ཡོད།

སློབ་དེབ་པར་སྐྲུན་ཟིན་མཚམས་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་འདུ་ཌེ་ན་ཊ་རོགས་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་གནང་ཡོད་པ་བཅས།།

སྔོན་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་པ་བསྐོང་ཚོགས་གནང་བ།
ཕྱི་མ།
ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།
Menu