དུས་རབས་ཉི་ཤུ་པའི་མཇུག་རྫོགས་ཤིང་དུས་རབས་ཉི་ཤུ་རྩ་གཅིག་པར་གསར་དུ་བསྐྱོད་འགོ་ཚུགས་པའི་ཛ་དྲག་གི་གནས་སྐབས་འདིར་རིག་གསར་རམ་ཚན་རིག་གིས་ནམ་ཡང་བསྒྲུན་དུ་མི་རུང་བའི་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་སའི་སྐད་ཡིག་གྲགས་ཆེ་ཤོས་རྒྱ་དཀར་ནག་གཉིས་དང༌། བོད་སྐད་བཅས་གསུམ་ལས། རྒྱ་གར་སྐད་ཀྱི་ནང་དུ་དེང་སང་ཆ་ཚང་མེད། རྒྱ་ནག་སྐད་ཀྱིས་ཆ་ཚང་བསྟན་མི་ཐུབ། བོད་སྐད་ནང་ཐེག་པ་གསུམ་དང༌། རྒྱུད་སྡེ་བཞིའི་རྣམ་གཞག་ཆ་ཚང་མ་ཉམས་པར་བཞུགས་ཡོད། དེང་དུས་དགོས་མཁོ་ཆེ་བའི་དབྱིན་ཡིག་གི་ནང་དུའང་ནང་ཆོས་བསྒྱུར་དང་སྒྱུར་བཞིན་པ་ཡིན་ཡང༌། ཆ་ཚང་སྟོན་པའི་ནུས་པས་འདང་གི་མེད། མདོར་ན་ནང་ཆོས་ཆ་ཚང་ཞིག་སློབ་སྦྱོང་བྱེད་པ་ལ་བོད་ཀྱི་སྐད་ཡིག་ལ་མ་བརྟེན་ཐབས་མེད་ཡིན། རང་རེ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་འཛམ་བུ་གླིང་འདིའི་སྒང་ལ་འབྲུག་པ་དང༌། ལ་དྭགས། སོག་པོ། ཁུ་ནུ། བལ་ཡུལ་གྱི་ལུང་པ་ཉུང་ཤས་ཤིག་བཅས་ཡོད། དེང་སང་ཕྱི་གླིང་པའི་ཉམས་ཞིབ་པ་དང༌། གཞོན་སྐྱེས་མང་པོས་བོད་ཡིག་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད་པ་མ་ཟད། རྒྱལ་ཁབ་མང་པོར་བོད་ཡིག་སློབ་གྲྭ་ཆེད་འཛུགས་ཀྱིས་གཞོན་སྐྱེས་བོད་ཀྱི་སྐད་ཡིག་པ་མང་པོ་གསོ་སྐྱོང་བྱེད་བཞིན་པའི་གནས་ཚུལ་ཡང་དངོས་བྱུང་བསྙོན་མེད་ཡིན་ལ། དེ་ལྟ་བུའི་མིང་ཚིག་ཐ་སྙད་ཀྱིས་ཕྱུག་པའི་གངས་ཅན་པའི་སྐད་ཡིག་དེ་ཕྱི་དངོས་པོའི་བདེན་དོན་འཚོལ་བའི་ཚན་རིག་དང༌། ནང་སེམས་ཀྱི་བདེན་དོན་འཚོལ་བའི་ནང་ཆོས་གཉིས་ཀར་དགོས་མཁོ་ཆེ་བ་ཞིག་ཡིན་སྙམ། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། རྩིས་རིག སྤྱི་ཚོགས་རིག་གནས་སོགས་ལའང་བོད་སྐད་ཀྱིས་མ་འདང་བ་མེད། རྒྱུ་མཚན་ནི་དབྱིན་ཡིག་ལ་དབྱངས་གསལ་ཉི་ཤུ་རྩ་དྲུག་ལས་མེད་ཀྱང་དེ་ཡིས་ཐམས་ཅད་བརྗོད་པའི་དཀའ་ཚེགས་མེད་ན། བོད་ཡིག་དབྱངས་གསལ་སོ་བཞིས་དེ་དག་བརྗོད་མི་ཐུབ་པ་དང༌། མ་འདང་བ་ཅི་ཞིག་ཡོད།
    ཨ་ལགས་ཤ་བསྟན་དར་ལྷ་རམས་པས། དེ་ལྟར་ཤེས་བྱ་རེ་ལ་མིང་རེ། མིང་རེ་ལ་ཡི་གེ་མི་འདྲ་བ་རེ་ཡོད་པས་བོད་ཀྱི་ཡི་གེ་ལ་ཟད་མཐའ་མེད་པས་ཞིབ་ཏུ་བསླབ་དགོས་སོ། །ཞེས་པས་ཀྱང་གྲུབ། རེ་ཟུང་གིས་དུས་རབས་གསར་པར་ཕྱིའི་དངོས་པོ་འཕོ་འགྱུར་ཉིན་རེ་ནས་ཉིན་རེར་ཇེ་མགྱོགས་ཇེ་མང་དུ་འགྲོ་བ་དང་ཆབས་ཅིག་སྔོན་རྗེས་མིང་གསུམ་གྱི་འདོར་ལེན་དེ་བསྟུན་གྱིས་བརྡ་གསར་ཐ་སྙད་གསར་བསྐྲུན་དེ་མཚུངས་རྗཻས་མ་ཟིན་པའི་ནོངས་སྐྱོན་བོད་པའི་མཁས་དབང་དང༌། བོད་པའི་ལོ་ཙཱ་བར་མ་བསྙད་པར་བོད་ཡིག་གིས་མ་འདང་སྐད་ཟེར་བ་ནི་བྱུང་རྒྱལ་གྱི་གཏམ་དུ་ཟད་ལ། དེ་ལྟར་ན་དབྱིན་ཡིག་ཀྱང་ཕྱུག་པོ་དང་ནུས་ལྡན་མ་ཡིན་པར་འགྱུར་ཏེ། ཆོས་སྐད་ཐོག་མ་འདང་བ་དུ་མ་ཞིག་ཡོད་པའི་ཕྱིར། དེ་ལྟ་ནའང་ཕྱི་རྒྱལ་བས་རང་གི་སྐད་ཡིག་ལ་མི་སྨོད་པར་ཆོས་སྐད་གསར་རྩོམ་བྱེད་མུས་ལ་ལྟོས་དང༌། དུས་རབས་འདིའི་དུས་མཇུག་ཙམ་དུ་དབྱིན་ཡིག་ནི་ཆོས་དང༌། ཚན་རིག དཔལ་འབྱོར། ཆབ་སྲིད་སོགས་གང་ཅིའི་ཐད་གཞན་དྲིང་མི་འཇོག་པའི་སྐད་ཡིག་ནུས་ལྡན་ཞིག་ཏུ་འགྱུར་ངེས་སྙམ། གང་ཡིན་ཞེ་ན། ཁོང་ཚོའི་མཁས་པ་དང་ལོ་ཙཱ་བ་སོགས་ཀྱིས་རང་གི་སྐད་ཡིག་ལ་བསྙོན་བཙུགས་ཏེ། བོད་མི་བཞིན་རང་དགར་མི་སྡོད་པར་ཕུགས་རྒྱང་རིང་བའི་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་འབད་རྩོལ་སྙུགས་བསྲིངས་པར་གཟིགས་དང༌། བསམ་ཤེས་པ་ཞིག་ཡིན་ན། རང་རེ་བོད་པ་ལའང་སྐུལ་ལྕག་ངེས་ཅན་ཞིག་ཐེབས་ངེས་ཡིན།
    གནའ་མི་བོད་ཀྱི་གཏམ་དཔེར། “སོ་ནམ་མི་ཤེས་གྲོང་པར་ལྟོས་”ཞེས་པ་ལྟར་མ་ཡིན་ནམ། དེས་ན་རྩམ་ཟན་ཡིན་ནོ་ཅོག་གིས་རང་གི་སྐད་ཡིག་གི་ནུས་པ་དང༌། ཁྱད་ཆོས་སོགས་ལེགས་པར་ངོ་ཤེས་པ་དང་ཆབས་ཅིག་དམ་པའི་ཆོས་ལ་མཐོང་ཆེན་དང༌། རྒྱུན་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེ། བརྡ་རྙིང་དེང་སྤྱོད་དང༌། བརྡ་གསར་གསར་འདྲེན་བྱས་ཏེ་བོད་ཀྱི་སྐད་ཡིག་འདི་ཉིད་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གང་གི་ཐད་ཐ་སྙད་ཀྱིས་མ་འདང་བ་མེད་པ་ཞིག་བྱ་རྒྱུ་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། མ་སྲིན་མོ་བྲག་སྲིན་གྱི་རིགས་ཡོད་དོ་ཅོག་གི་ཕྲག་ཏུ་བབ་པའི་ལས་འགན་ལྡོག་ཏུ་མེད་པ་ཞིག་ཏུ་མཐོང༌། ཕྱི་རབས་བོད་ཀྱི་གཞོན་སྐྱེས་རྣམས་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་སླེབས་པ་ལ་བོད་རང་གི་ལུང་པར། བོད་རང་གི་མིས། བོད་རང་གི་སྐད་ཡིག་སྦྱངས་ཏེ། ཚན་རིག་དེ་ཉིད་བོད་རང་གི་སྐད་ཡིག་ཐོག་ཆ་ཚང་གདན་འདྲེན་ཐུབ་པ་ཙམ་དུ་མ་ཟད་ཚན་རིག་གི་རོ་བཅུད་མྱོང་ཐུབ་པ་ཞིག་ཆགས་ན། ད་གཟོད་བོད་ནི་འཛམ་གླིང་དུ་རིག་གནས་ཕུན་སུམ་ཚོགས་པའི་ལྟེ་གནས་ཤིག་དང༌། ཞི་བདེའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་ཐེ་ཚོམ་མི་དགོས་སོ། །
རྩོམ་པ་པོ་ངོ་སྤྲོད།   
    དེབ་འདིའི་རྩོམ་པ་པོ་རྟའུ་ཆོས་མཛད་ཕུན་ཚོགས་དབང་འདུས་ནི། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པར་ཤར་རྟའུའི་ཡུལ་དུ་འཁྲུངས་ཤིང༌། དགུང་ལོ་༩ ནས་༡༦ བར་ཁུལ་དེའི་ཆུང་འབྲིང་གི་སློབ་གྲྭ་འགྲིམས་ཤིང༌། དེའི་རྗེས་རབ་ཏུ་བྱུང་སྟེ་ཉ་མཚོ་ཐོས་བསམ་དར་རྒྱས་གླིང་དུ་ཚད་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་ཞབས་དྲུང་དུ་ནང་དོན་རིག་པ་དང༌། འདོན་རྟ་དབྱངས། ཐིག་རྡུལ་ཚོན། མཆོད་བཅའ་རྡུང་སོགས་ལེགས་པར་སྦྱངས། ཞིང་ཆེན་བོད་ཡིག་སློབ་གྲྭ་དང༌། དར་མདོ་དགེ་འོས་སློབ་གྲྭར་བོད་ཀྱི་བརྡ་སྤྲོད་རིག་པར་དགེ་རྒན་ཟུར་བསྟེན་གྱིས་རྟག་གུས་བརྩོན་པས་སྦྱངས་པ་མཛད། ལོ་རབས་དགུ་བཅུ་པར་མཁས་མང་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ནང་དོན་རིག་པ་སྦྱོང་ཞོར། གྲྭ་ཚང་གི་སློབ་དགེ་དང་དཔེ་མཛོད་དཔེ་སྐྲུན་ཁང་གི་ཞུ་དག་པ། དུས་དེབ་རྩོམ་སྒྲིག་པ་གཞོན་པ་བཅས་གནང༌། ཕྱི་ལོ་༡༩༩༨ ལོར་གོང་མའི་སྲོལ་བཟང་བཞིན་གྲྭ་ཚང་ཆོས་མཛད་ཀྱི་གདན་ཐོག་བསྙེགས། ད་དུང་རྒྱལ་སྤྱི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས། ༢༠༠༢ ལོར། <<སྐུ་གསུམ་རྒྱ་མཚོར་འཇུག་པའི་གྲུ་རྫིངས་>> ཞེས་པའི་བླ་མའི་རྣམ་ཐར་ཞིག་འདོན་སྤེལ་མཛད། ད་དུང་དུས་དེབ་ཁག་ཏུ་བཀོད་པ་དང་མ་བཀོད་པའི་སྙན་རྩོམ་ཡང་ཅི་རིགས་རྩོམ་འབྲི་མཛད། ༢༠༠༣ ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གྲྭར་ཆོས་དགེ་འོས་སྦྱོང་གནང༌། དྷ་ཤོད་བོད་ཁྱིམ་དུ་ཆོས་དགེ་དང་བོད་དགེ་ལོ་གཉིས་རིང་གནང༌། ༢༠༠༦ ལོར་བོད་སློབ་འཛིན་སྐྱོང་ཚོགས་པས་སིམ་ལ་གཏན་སློབ་ཀྱི་ཆོས་དགེ་ལས་གནས་སུ་བདམས་ཐོན་བསྐོ་བཞག་གནང་བ་བཞིན་ད་ལྟ་འདི་ག་སློབ་གྲྭར་ཕྱག་ལས་གནང་མུས་སུ་བཞུགས་པ་བཅས་ཀྱི་ངོ་སྤྲོད་གནས་བསྡུས་སུ། སིམ་ལ་གཏན་སློབ་ཀྱི་ལས་དྲུང་ནོར་བུ་ཚེ་རིང་གིས།

མདུན་ཤོག