ཡར་འགྲོ་སློབ་གྲྭ་དང་མར་འགྲོ་སློབ་གྲྭ
(ཁ་ཤགས།)
(གར་སྟེགས་ཐོག་ལ་སློབ་ཕྲུག་གཉིས་ཀྱིས་ཅི་ཞིག་གི་སྐོར་ལ་རྩོད་པ་རྒྱག་གིན་ཡོང་བའི་ཚུལ་དང༌། དེ་ནས་སྤོ་བོ་ཞིག་ལ་ཐུག་པ།)
སྤོ་བོས། བུ་ཁྱོད་གཉིས་ག་རེ་རྩོད་པ་རྒྱག་གིན་ཡོད། ག་རེ་འགྲིགས་མ་སོང༌།
ཀ་པས། ངེད་གཉིས་ཀྱིས་སློབ་གྲྭའི་ལ་རྒྱ་རྩོད་ཀྱིན་ཡོད།
སྤོ་བོས། ཨ་ལེ། ཁྱོད་རང་གཉིས་སློབ་གྲྭ་གང་གི་ཡིན།
ཁ་པས། ང་ཡར་འགྲོ་སློབ་གྲྭའི་ཡིན། ཁོ་མར་འགྲོ་སློབ་གྲྭའི་རེད།
སྤོ་བོས། ཨ་ལེ། (སློབ་ཕྲུག་ཁ་པར་ལྟ་བཞིན)ཡར་འགྲོ་སློབ་གྲྭ་མིང་ཡག་པོ་འདུག (ཡང་སློབ་ཕྲུག་ཀ་པར་བལྟས་ནས)དེང་སང་སྤྱི་ཚོགས་ཡར་འགྲོའི་དུས་སུ་མར་འགྲོ་སློབ་གྲྭ་ཟེར་བ་ཞིག་ཀྱང་ཡོད་པ་རེད་དམ།
ཀ་པས། མིང་དེ་གཉིས་ཁོ་རང་གིས་བཏགས་པ་རེད། ང་ཚོའི་སློབ་གྲྭར་མཐོང་ཆུང་བྱེད་ཀྱིན་ཡོད་པ་རེད།
ཁ་པས། ག་རེ་མཐོང་ཆུང༌། དེ་དངོས་ཡོད་གནས་ཚུལ་རེད་པ།
(སྤོ་བོས་དེ་གཉི་གས་སྐད་ཆ་བཤད་དུས་རེ་རེའི་གདོང་ལ་ལྟ་ཡག་གིས་ཉན་ཡག་བྱེད་ཧང་སང་པའི་རྣམ་འགྱུར་སྟོན་དགོས།)
ཀ་པས། འོ་ན། ཁྱོད་ཚོའི་སློབ་གྲྭའི་དངོས་ཡོད་གནས་ཚུལ་ག་འདྲ་ཡིན། ཁྱོད་རང་ག་འདྲ་ཡིན།
སྤོ་བོས། (ཁོ་གཉིས་ཀའི་ཕྲག་པ་ལ་ཡང་མོ་རྡེབ་ཀྱིན)བུ། བུ་རང་གཉིས་ཀས་ད་གཅིག་ངན་གཅིག་བཟང་མ་བཤད་པར་དངོས་ཡོད་གནས་ཚུལ་ཞིག་ཤོད་དང༌། ངས་དོན་དངོས་ཐོག་གང་ཡར་འགྲོ་སློབ་གྲྭ་དང་གང་མར་འགྲོ་སློབ་གྲྭ་རེད་ལྟ་ཆོག
ཀ་པ་དང་ཁ་པས། (གཉིས་ཀས་མགོ་ནང་ལ་ལྡེམ་བཞིན་ཁ་མཉམ་གྲགས་ངང༌།) འགྲིག་གི་འདུག ད་ཡིན་ན་དྲང་མོ་དྲང་རྐྱང་རང་བཤད་ཀི་ཡིན་ད། སུ་ལ་ཕོག་ཐུག་སོང་ན་སོང༌།
སྤོ་བོས། (ཁ་པར་བལྟས་ནས།) ད་རང་གིས་ཁོ་ཚོའི་སློབ་གྲྭ་མར་འགྲོའི་སློབ་གྲྭ་ཡིན་པའི་རྒྱུ་མཚན་རེ་རེ་ནས་ཤོད་དང༌།
ཁ་པས། ལགས་སོ། སྐྱོན་ཆ་དང་པོ་དེ། ཁོ་ཚོའི་སློབ་གྲྭའི་ཆ་རྐྱེན་ཡག་པོ་ཡོད་པ་མ་རེད། རྗེས་ལུས་རེད།
ཀ་པས། རེད། ང་ཚོའི་འཛིན་གྲྭ་ཁ་ཤས་ལྕགས་ཁང་ནང་ལའང་འཚོགས་ཀི་ཡོད་རེད། ཁོ་ཚོ་ནང་བཞིན་ཁང་པ་ཐོག་ཁང་དེ་འདྲ་ཡོད་པ་མ་རེད།
ཁ་པས། སྐྱོན་ཆ་གཉིས་པ། ཁོ་ཚོར་དགེ་རྒན་འདང་གི་ཡོད་པ་མ་རེད།
ཀ་པས། རེད། ང་ཚོར་ཁོ་ཚོ་ནང་བཞིན་དགེ་རྒན་ལག་ཁྱེར་རྫིག་པོ་ཡོན་ཏན་ཆུང་ཆུང་ཅན་ཧ་ཅང་ཉུང་ཉུང་ཡིན།
ཁ་པས། སྐྱོན་ཆ་གསུམ་པ། ཁོ་ཚོ་སྒྲིག་གཞི་གུ་དོག་པོ་ཡོད་པ་རེད།
ཀ་པས། རེད། ང་ཚོར་ཐ་མག་ནག་པོ་འཐེན་མཁན་དང་ཕོ་མོའི་ངན་འབྲེལ་ལང་ཤོར་གཏོང་བའི་སྒྲིག་ལམ་མེད་པ་ཁོ་ཚོ་འདྲ་བོ་མིན།
ཁ་པས། སྐྱོན་ཆ་བཞི་བ། ཁོ་ཚོས་བོད་ཡིག་མ་གཏོགས་གང་ཡང་ཤེས་ཀྱིན་ཡོད་མ་རེད།
ཀ་པས། རེད། ཁོ་ཚོ་ནང་བཞིན་དབྱིན་ཡིག་མ་གཏོགས་བོད་ཡིག་མི་ཤེས་མཁན་དེ་འདྲ་མིན།
ཁ་པས། སྐྱོན་ཆ་ལྔ་པ། ཁོ་ཚོའི་རྒྱ་གར་དང་ནུབ་ཕྱོགས་པའི་དེང་རབས་ཀྱི་སྒྱུ་རྩལ་འཁྲབ་སྟོན་ལ་ལྟ་ཡང་ཤེས་ཀི་མ་རེད།
ཀ་པས། རེད། འོན་ཀྱང་ཁོ་ཚོ་ནང་བཞིན་བོད་ཀྱི་གླུ་གཞས་ཞབས་བྲོ་གང་ཡང་མི་ཤེས་མཁན་དེ་འདྲ་ཡང་མིན་དཱ།
ཁ་པས། སྐྱོན་ཆ་དྲུག་པ། ཁོ་ཚོས་བོད་ཡིག་ནང་རྩོམ་ཉོག་མང་པོ་བྲིས་ནས་གཞུང་དམངས་ཚང་མར་སྐྱོན་བརྗོད་ཁོ་ན་བྱེད་ཀྱིན་ཡོད་པ་རེད།
ཀ་པས། རེད། ཁོ་ཚོ་ནང་བཞིན་ཁ་ཡག་ངོ་བསྟོད་ཀྱི་ཚིག་བཅོས་མ་རེ་བཤད་ནས་རང་སྐྱོན་སྦས་ནས་འཇོག་མཁན་དེ་འདྲ་མིན།
ཁ་པས། སྐྱོན་ཆ་བདུན་པ། ཁོ་ཚོས་བོད་རང་བཙན་བློས་བཏང་བ་རེད། རྒྱ་མིའི་དང་མཉམ་དུ་སྡོད་རྒྱུ་ཟེར་གྱིན་ཡོད་རེད། རྒྱ་དགའ་ཚོ།
ཀ་པས། རེད། ཁོ་ཚོ་ནང་བཞིན་བོད་རང་བཙན་གཙང་མ་རེད། བོད་རང་བཙན་དགོས་ཞེས་སྐད་གཅིག་པུ་བརྒྱབ་ནས་སྟོང་བསམ་བཅངས་ཏེ་སྡོད་པ་ལས། འཛམ་གླིང་གི་ཁ་ཕྱོགས་གསར་བ་དང་མཐུན་པར་རང་དབང་འདྲ་མཉམ་དང་ཞི་བདེ་མཉམ་གནས་ཀྱི་འཚོ་ལམ་ཡངས་པོ་ཞིག་སྙེག་ན་དེ་ཡག་པོ་མ་རེད་དམ།
ཁ་པས། སྐྱོན་ཆ་བརྒྱད་པ། ཁོ་ཚོས་གཙང་སྦྲ་འཕྲོད་བསྟེན་ཡང་ཡག་པོ་ཤེས་ཀྱི་མེད་པ་མ་ཟད། ལུས་རྩལ་འགྲན་སྡུར་བྱས་དུས་ག་དུས་ཡིན་ན་ཐ་མ་དེ་ཆགས་ཀྱིན་ཡོད་པ་རེད།
ཀ་པས། (མགོ་ལ་ཕུར་གྱིན་འཛུམ་ཙམ་བཅས)དེ་གཅིག་པུ་ངོ་མ་ང་ཚོ་ཞན་པོ་ཡོད་རེད། འོན་ཀྱང་ང་རང་པོ་ལོ་རྩེ་བར་དགའ་བོ་ཡོད་དཱ། ད་དུང་ང་ཚོའི་བུ་མོ་དེ་ཚོ་ཡང་གཙང་སྦྲ་ཨོ་ཙམ་ཡོད་རེད་དཱ།
ཁ་པས། སྐྱོན་ཆ་དགུ་པ། ད་དུང་ཁྱོད་ཚོའི་ནང་ན་ཆང་རག་འཐུང་མཁན། ཐ་མག་འཐེན་མཁན། རྐུ་མ་རྒྱག་མཁན། རྒྱག་རེས་རྒྱག་མཁན།་་་
ཀ་པས། འོ་འོ། ད་དེ་འདྲ་དེ་ཚོ་ང་ཚོ་ལས་ད་དུང་ཁྱོད་རང་ཚོའི་ནང་ན་མང་པོ་ཡོད་རེད་དཱ། ཀྭས་རང་གིས་ད་དུང་ཐ་མག་ནག་པོ་ཡང་འཐེན་གིན་ཡོད་པ། ད་རང་ལ་སྐྱོན་གཞན་བགྲང་རྒྱུ་ཡོད་དམ།
ཁ་པས། རང་གིས་ཀྱང་ཨ་རག་བཏུང་ནས་དགེ་རྒན་དང་འཛིང་པ་ཡིན་པ། སྐྱོན་ཆེན་པོ་དགུ ངན་པ་དགུ་འཛོམས་ཆགས་སོང༌། ད་དུང་དགོས་ཀྱི་འདུག་གམ།
སྤོ་བོས། ད་འགྲིགས་སོང༌། འགྲིགས་སོང༌། ངའི་མགོ་ན་ནས་མགོ་ཡོམ་འདྲ་ཞིག་འཁོར་ཡོང་གི
ཀ་པ་དང་ཁ་པས། སྤོ་བོ་ལགས་གསུངས་དང༌། དྲང་པོར་གསུངས་དང༌། ང་ཚོའི་སློབ་གྲྭ་གང་ཡར་འགྲོའི་སློབ་གྲྭ་དང་གང་མར་འགྲོའི་སློབ་གྲྭ་རེད་དམ། ཞེས་མཉམ་དུ་དྲིས།
སྤོ་བོས། (མགོ་དང་ལག་པ་གཉིས་ཀ་འཕྲེད་ལ་གཡུག་གིན) ད་ངས་ཤེས་མ་སོང༌། ང་རང་འགྲོ་སའི་ལམ་ག་འདི་ཡང་ཡར་ལ་འགྲོ་ས་ཡིན་ནམ་མར་ལ་འགྲོ་ས་གང་ཡིན་ཤེས་མ་སོང༌།
ཀ་པ་དང་ཁ་པས། (སྤོ་བོ་འགྲོ་སའི་ལམ་གར་ལྟ་བཞིན) ལམ་འདི་ཡར་མར་གང་ཡང་མ་རེད། བར་མ་ཞིག་རེད།
སྤོ་བོས། འོ་ཏག་ཏག་རེད། ཁྱོད་ཚོའི་སློབ་གྲྭ་ཡང་ཡར་མར་གཉི་གའི་བར་ན་ལྷག་འདུག གཟབ་གཟབ་མ་བྱས་ན་གཉི་ག་མར་ལ་ལྷུང་ཉེན་འདུག་གཱ
ཀ་པ་དང་ཁ་པས། (ཕར་འགྲོ་ཚུར་འགྲོ་ཙམ་གྱིས་བསམ་བློ་ཏོག་ཙམ་བཏང་ནས་མགོ་ནང་ལ་ལྡེམ་བཞིན་མཉམ་དུ) ད་ནས་བཟུང་ང་རང་གཉིས་ཡར་ལ་སྐྱོད་མ་ཐུབ་ཀྱང་མར་ལ་མི་ལྷུང་བ་ཞིག་བྱེད་དགོས། (ཞེས་དཔུང་གདང་སྦྲེལ་ནས་གར་སྟེགས་ལས་གོམ་སྟབས་ཆེན་པོས་ཕྱིར་ཆས།)
འོན་ལོང་ཞ་ལྐུག
(གཏམ་བརྗོད་ཟློས་གར་ཐུང་ངུ།)
(མི་ཀ་པས་མི་ཁ་བ་ཞིག་འོང་བ་མཐོང་ནས་ཁ་གདངས་ནས་སོང)
ཁ་པས། ཝེ་ གྲོགས་པོ། ཁྱོད་རང་གང་དུ་འགྲོ
ཀ་པས ཅི་ཡང་མ་གོ་ཁུལ་གྱིས་ཁ་གདངས་ཏེ་ཁོའི་གདོང་ལ་བལྟས
ཁ་པས། ཨོ་ འོན་པ་ཞིག་ཡིན་པ་འདྲ།
ཀ་པས། རེད། གོང་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་གོ་མ་མྱོང་མཁན། ཕྱི་ནས་དགེ་རྒན་གྱི་སློབ་གསོ་ཉན་མི་ཤེས་མཁན། ནང་ཕ་མའི་ཁ་ལ་མི་ཉན་མཁན། མདོར་ན། ལོ་བརྒྱ་ལོན་ཡང་བསམ་གཅིག་མི་ཤེས་ཟེར་བ་ཁྱོད་ཚོ་ད་འོན་པའི་ནང་གི་འོན་པ་རེད་ཡཱ།
(མི་དེ་རླུང་ལངས་ནས་སོང་བ་དངཡང་མི་ང་པ་ཞིག་ལ་ཐུག)
ག་པས། ཁྱོད་རང་གཟབ་གཟབ་བྱོས་མ་གཏོགས་གཡང་ལ་ལྷུང་ཉེན་ཆེ།
ཀ་པས། (མིག་ཕྱེ་སྟེ།) ངས་ཁྱོད་རང་འདི་འདྲ་ཞིག་རེད་ཟེར་གྱིན་ཡོད།
ག་པས། ང་ག་རེ་བྱས་ནས། ངའི་མིག་གཉིས་ཀ་གསལ་ཐང་ཐང་ཡོད།
ཀ་པས། ཆོལ་ཁ་གསུམ་གྱི་ནང་ནས་རང་གི་ཆོལ་མ་གཏོགས་མི་མཐོང་མཁན། ཆོས་བརྒྱུད་བཞི་བོའི་ནང་ནས་རང་གི་ཆོས་བརྒྱུད་མ་གཏོགས་མི་རིག་པ། ཆོས་སྲིད་གཉིས་ལས་གཅིག་ལས་མི་མཐོང་མཁན། སྤྱི་སྒེར་གཉིས་ལས་སྤྱི་མི་རིག་པ། མདོར་ན། རང་གི་འཚོ་ལམ་མ་གཏོགས་མི་རིགས་ཀྱི་མདུན་ལམ་མི་མཐོང་བའི་ཁྱོད་རང་ལྟ་བུ་ཚོ་ལོང་པ་དང་གཅིག་པ་མ་རེད་དམ།
ག་པས། སྤྲང་རྒན། ཇུས་གཏོགས།
(ཡང་མི་ང་པ་ཞིག་མཐོང་བས་མཛུབ་མོ་རྣམས་འཁུམས་པའི་ཚུལ་བྱས)
ང་པས། ལག་པ་ཞ་བོ་ཞིག་ཡིན་པ་འདྲ།
ཀ་པས། རེད། མཐོ་ས་མགོ་ཁྲིད་ནས་དམའ་ས་ཁྱོད་རང་ང་ལྟ་བུའི་ལས་མེད་འཁྱམ་པོ་ཚང་མའི་ནང་ན་ལག་ཞ་ལག་ཆད་མང་པོ་ཡོད་པ་རེད།
ང་པས། ཁྱོད་ཀྱིསྐད་ཆ་དེའི་ནང་དོན་ཅི།
ཀ་པས། ཁ་ནས་བཤད་ན་ལྷ་བཞེངས་མཁན། ལག་ལ་བཞག་ན་སྣབས་ལུགས་མཁན། ཟེར་བ་དེ་འདྲ་དེ་ཚོར་ཁ་མ་གཏོགས་ལག་པ་ག་ལ་ཡོད།
ང་པས། ཅི་ཡང་མ་བཤད་པར་མགོ་ནང་ལ་ལྡེམ་ཙམ་གྱིས་ཕྱིན།
(དེ་ནས་ཡང་མི་ཅ་པ་ཞིག་མཐོང་བས་འཐེང་འགྲོས་ཚུལ་བྱས)
ཅ་པས། སྙིང་རྗེ། རྐང་པ་ཞ་བོ་ཞིག་རེད། ཚང་མ་ཕྱིན་ཚར་སོང༌། ཁྱོད་རང་རྗེས་ཟིན་རྒྱུ་མ་རེད།
ཀ་པས། འོ་ན་ང་ལ་རོགས་པ་ཞིག་གནང་རོགས།
ཅ་པས། དེ་འདྲ་བྱས་ན་ང་རང་ཡང་རྗེས་སུ་ལུས་རྒྱུ་རེད།
ཀ་པས། རེད། ཁ་ཡག་བཤད་ནས་སྔོན་ཐོན་གྱི་རྗེས་ཟིན་རྒྱུ་མ་རེད། ཤེས་ཡོན་གྱི་རྐང་པ་ཡོད་ཀྱང་ལྷག་བསམ་གྱི་རྐང་ཡ་མེད་ན་ཚང་མ་གྱོལ་པོ་ལས་ཀྱང་ཐུ་བ་རྐང་གཅིག་པ་རེད།
ཁ་ནས་སྙིང་རྗེ་ཟེར་བ་རྫུན་ཡིན། དངོས་སུ་རོགས་པ་བྱེད་པ་དོན་ཡིན།
ཅ་པས། ཧེ་ཧེ་ ཧེ་ཧེ་ (ཞེས་མགོ་ཕུར་ནས་ངོ་ཚ་བཞིན་ཕྱིན།)
(ཡང་མི་ཆ་པ་ཤོག་བུ་ཁྱེར་བ་ཞིག་ལ་ཐུག)
ཆ་པས། ཁྱེད་རང་གིས་བོད་ཡིག་ཤེས་སམ། ང་ལ་ཡེ་གེ་འདི་གཅིག་ཀློག་རོགས་གནང་དང༌།
ཀ་པས། ཨ་ ཨི་ (ཞེས་ངག་མི་འཁྲོལ་བའི་ཚུལ་དུ་ལག་བརྡ་བྱས།)
ཆ་པས། ཨ་ལེ་ ལྐུགས་པ་ཞིག་རེད་འདུག་གཱ
ཀ་པས། རང་གི་སྐད་ཡིག་མི་ཤེས་མཁན་དེ་ཚོ་འདི་ལས་ཀྱང་ལྐུགས་སེ་ཞིག་མ་རེད་དམ། ད་དུང༌། ལ་ལར་ནང་ཆོས་སྨྲ་བའི་ལྕེ་མེད། ལ་ལར་ཆབ་སྲིད་གླེང་བའི་ཁ་མེད། ལ་ལར་ལོ་རྒྱུས་བཤད་པའི་ངག་མེད། མང་པོར་བདེན་པ་སྨྲ་བའི་ལྗགས་མེད། ལྐུགས་པ་འདི་འདྲ་ཇེ་མང་ཇེ་མང་རེད་ཡཱ།
(མི་དེ་ངོ་ཚ་ནས་ཅི་ཡང་བཤད་རྒྱུ་མེད་པར་ལུས།)
(ཡང་མི་ཇ་པ་ཞིག་མཐོང་བས། ར་བཟི་བའི་ཚུལ་བྱས་ཏེ།)
ཀ་པས། ཀྱེ་ངའི་སྦྱིན་བདག་རིན་པོ་ཆེ། ང་ལ་ཊོ་ལོར་གནང་དང༌། ང་ལ་མཛེས་མ་ཞིག་དགོས་ཡོད།
ཇ་པས། ར་བཟི། ངོ་ཚ་མེད་པའི་ཞབས་འདྲེན་པ།
ཀ་པས། རེད། སྦྱིན་བདག་རག་ན་ར་བཟི་ནས་བསྟོད་གླུ་ལེན་མཁན། ཊོ་ལོར་མཐོང་ན་བཟི་ནས་གྲོགས་པོ་བརྗེད་མཁན། མཛེས་མ་མཐོང་ན་ར་བཟི་ནས་སྡོམ་པ་ཤོར་བ་མི་དྲན་མཁན། དེ་འདྲའི་ར་བཟི་ངོ་ཚ་མི་ཤེས་མཁན་རྐང་འདྲེན་པ་མང་པོ་མི་འདུག་གམ།
ཇ་པས། ཉོག་གཏམ། ཁ་ཚུམས། ཞེས་ཁོང་ཁྲོ་ལངས་ནས་སོང༌།
(གོང་གི་མི་ཀ་པ་ནས་ཇ་པ་བར་ཚང་མ་ལྷན་དུ་འདུས་ཏེ་མགྲིན་གཅིག་གིས།)
འོན་པ་ལོང་པ་ཞ་བོ་དང༌། ལྐུགས་པ་ར་བཟི་ལ་སོགས་པའི། སྐྱོན་རྣམས་ཤེས་ནས་མྱུར་སྤངས་ཏེ། བོད་མི་མཚན་ཉིད་ཚང་བར་ཤོག །
༢༠༠༥།༣།༧།
རྩོམ་པ་པོ།
(གཞོན་ནུ་ཞིག་གིས་རྒད་པོ་འགའ་ཞིག་འོང་གིན་ཡོད་པ་མཐོང་ནས། ལམ་སང་ཅིག་བོར་བའི་ཚུལ་གྱིས་ཡར་མར་ལ་ཅི་ཞིག་འཚོལ་ཁུལ་བྱས། མི་དེ་ཚོས་ཁོ་མཐོང་ནས)
ཀ་པས། ཝེ་ རང་ག་རེ་འཚོལ་གྱིན་ཡོད། ག་རེ་བརླགས་སོང༌།
ཁོས། རིན་པོ་ཆེ་ཞིག་བརླགས་སོང༌།
ཀ་པས། ཨོ། རིན་པོ་ཆེ། རིན་ཆེན་དང་པོ་གསེར་ཟེར་བ་རེད། ཁྱོད་ཀྱིས་གསེར་ཞིག་བརླགས་སོང་བ་ཡིན་ནམ།
ཁོས། ཨོ་ལེ། ངའི་རིན་ཆེན་གསེར་སྙུག་བརླགས་སོང༌།
ཀ་པས། གསེར་སྙུག་ཟེར་ན་ག་རེ་རེད།
ཁོས། གསེར་གྱི་སྙུ་གུ འདི་ (ཞེས་ཡི་གེ་འབྲི་བའི་རྣམ་འགྱུར་བསྟན།)
ཀ་པས། གསེར་གྱི་སྙུ་གུ་ཞིག་ཀྱང་ཡོད་དམ། ཁྱོད་སློབ་མ་ཞིག་ཡིན་ནམ། མི་ཚང་ཕྱུག་པོ་ཚང་ཞིག་གི་ཡིན་རྒྱུ་རེད།
ཁོ་པས། མིན། ང་སྔོན་མ་ནས་མཐོ་སློབ་ཐོན་ཟིན་པ་ཞིག་ཡིན། ཆེད་དུ་འདི་རང་བྱེད་མཁན་ཞིག་ཡིན། (ཞེས་ཡང་བསྐྱར་ཡི་གེ་འབྲི་བའི་བཟོ་ལྟ་བྱས།)
ཀ་པས། ཨོ་ གསེར་སྙུག གསེར་སྙུག་དེ་གསེར་ཡིག་འབྲི་སྤྱད་དང་གསེར་རྩི་གཏོང་སྤྱད་ཡིན་རྒྱུ་རེད། ཁྱོད་ལྷ་བྲིས་པ་ཞིག་ཡིན་པ་འདྲ།
ཁོས། མིན་མིན། རི་མོ་བ་ཚོའི་ལག་གི་དེ་སྤུ་སྙུག་རེད་ད། ང་དེ་ཚོ་ལས་ལྷག་ཅིག་ཡིན།
ཀ་པས། དེ་ཚོ་ལས་ལྷག་ཅིག་ཨེ། ཨ་ལེ། ཤེས་སོང༌། ཤེས་སོང༌། ཚོང་པ་ཞིག་ཡིན་པ་རེད།
ཁོས། ཨ་ཙི་ ཚོང་པས་གསེར་སྙུག་བཟུང་ནས་ག་རེ་འབྲི་དགོས་པ་རེད།
ཀ་པས། ཨ་ལེ། ཨོ་རེད། དྲུང་ཡིག དྲུང་ཡིག་ཅིག་ཡིན་པ་རེད། ཚོང་པ་ཞིག་གི་དྲུང་ཡིག རེད་པ།
ཁོས། ཨ་ཙི། (མགོ་འཕྲེད་ལ་གཡུག་གཡུག་བྱས།)
ཁ་པས། ངས་ཤེས་སོང༌། ཡིག་གཟུགས་འབྲི་མཁན། ཡི་གེ་བ་ཞིག་པ་རེད།
ཁོས། ཨ་ཙི། (མགོ་འཕྲེད་ལ་གཡུག་གཡུག་བྱེད་ཀྱིན) ང་ཉི་མ་རེ་ལ་ཡང་ཤོག་བུ་མང་པོ་འབྲི་མཁན།
ག་པས། ད་ངས་ཤེས་སོང༌། དཔེ་ཆ་བཤུ་མཁན་ཞིག
ཁོས། ཨ་ཙི། ང་རྙིང་པ་ཞིག་ཚུར་བཤུ་མཁན་དེ་འདྲ་མ་རེད་ད གསར་པ། གསར་པ་གསར་རྐྱང་འབྲི་མཁན།
ང་པས། ཨོ་ ད་ཤེས་སོང༌། གསར་འགོད་པ། གསར་འགོད་པ་ཞིག རེད་པ།
ཁོས། ཨ་ཙི། (མགོ་འཕྲེད་ལ་གཡུག་གིན་སྐད་ཆེན་པོས) ང་གསར་རྩོམ་བྱེད་མཁན་ཞིག་ཡིན།
ཀ་པས། གསར་རྩོམ་བྱེད་མཁན་ཟེར་ན་ག་རེ་རེད།
ཁོས། ཨ་ཙི། རྩོམ་པ་པོ། རྩོམ་པ་པོ།
(ཁོ་ཚོ་ཚང་མས་གཅིག་གཅིག་གི་གདོང་ལ་ལྟ་བཞིན་ཅི་ཡང་མ་གོ་བའི་ཚུལ་བསྟན།)
ཁོས། ཨ་ཙི་ཙི། སྒྲུང་གཏམ་སོགས་དེབ་འབྲི་མཁན་རྩོམ་པ་པོ་མི་ཤེས་སམ།
ཀ་པས། ཨོ་ གོ་མྱོང་ཡོད་གོ་མྱོང་ཡོད། ཕྲུ་གུ་ཚོར་མགོ་འཁོར་སའི་སྒྲུང་གཏམ་འབྲི་མཁན་ཞིག་ཡིན་ནམ།
ཁོས། ང་བྱིས་སྒྲུང་འབྲི་མཁན་ཞིག་མིན། མི་རྒན་པ་མི་མང་གི་རྩོམ་པ་པོ་ཞིག་ཡིན།
ཁ་པས། གནའ་སྔོན་མ་ཡིན་ན་གླིང་གེ་སར་རྒྱལ་པོའི་སྒྲུང་བཤད་མཁན་མང་པོ་ཡོད་རེད། རྒན་རྒོན་ཚོས་ཀྱང་ཉན་གི་རེད། དེང་སང་མི་རྒན་ཚོས་ཉན་རྒྱུའི་སྒྲུང་ག་རེ་ཡོད་དམ།
ག་པས། ཨོ་རེད། ཡ་ད་རང་གིས་སྒྲུང་ག་རེ་བྲིས་པ་ཡིན། ང་ཚོར་ཅིག་ཤོད་དང༌། གླུ་ཨ་ལ་ཐ་ལ་ཟེར་བ་དེ་འདྲ་ཨེ་རེད།
ཁོས། ཨ་ཙི། ཡིག་རྨོངས་པ་རང་རེད། ངས་བརྩམས་པ་དེ་ཚོ་བཤད་རྒྱུ་ཞིག་མ་རེད་སོ་སོས་ཀློག་རྒྱུ་ཞིག་རེད།
ང་པས། འོ་ན། ཁྱོད་ཀྱིས་དེབ་ག་ཚོད་བྲིས་ཡོད། ཡི་གེ་ཞིག་འབྲི་སྤྱད་ཀྱང་གསེར་གྱི་སྙུ་གུ་ཡིན་དུས། ཡོང་སྒོ་ཡག་པོ་ཡོད་པ་འདྲ།
ཁོས། ཨ་ཙི། ཡོང་སྒོ་བཙལ་སྤྱད་ཅིག་མ་རེད། མ་གཞི་ཕྱི་རྒྱལ་ཡིན་ན་རྩོམ་ཡོན་མང་པོ་ཡོད་རེད། ཐ་ན་རྩོམ་བྲིས་ནས་ཕྱུག་པོ་ཆགས་སོང་བ་ཡང་ཡོད་རེད།
ག་པས། འོ་ན། ང་ཚོའི་སྤྱི་ཚོགས་ནང་ག་འདྲ་རེད། ཁྱོད་ཀྱིས་ཀྱང་རང་ཁ་གསོ་ཐུབ་ཀྱིན་ཡོད་རྒྱུ་རེད།
ཁོས། ག་བ་ག་བ། ང་ཚོའི་སྤྱི་ཚོགས་ནང་རྩོམ་བྲིས་ན་ཚུར་ཡོང་སྒོ་ཕར་ཞོག་ད་དུང་ཕར་འགྲོ་སོང་མང་པོ་ཡོད་རེད།
ཁ་པས། ཨོ་དེ་ཅི་ཡིན་ནམ།
ཁོས། རྩོམ་ཡིག་ཅིག་སྤེལ་ན་རྩོམ་ཡོན་མེད། རྩོམ་དེབ་ཅིག་དཔར་ན་སྦྱིན་བདག་མེད། གལ་ཏེ་དཔར་བསྐྲུན་བྱས་ཀྱང་ཉོ་མཁན་མེད།
ཀ་པས། འོ་ཉོ་མཁན་ཡང་མེད་པ་དེ་ཅི་ཡིན་ནམ། ཡག་པོ་འབྲི་ཤེས་ཀི་མེད་པ་ཡིན་རྒྱུ་རེད།
ཁོས། ག་རེ་ཡག་པོ་ཡོད་མེད། ཁྱོད་རང་ཚོ་ལྟོས་དང༌། ཡི་གེ་ཀློག་ཤེས་སམ། ཐ་ན་རྩོམ་པ་པོ་ཟེར་བ་ཡང་ཅི་ཡིན་ཤེས་ཀིན་མེད་པ་ཞིག་ལ། ཨ་ཙི་ ད་ (མགོ་བོ་འཕྲེད་ལ་གཡུག)
ཀ་པས། འོ་ན། ཁྱོད་ཀྱིས་གསེར་སྙུག་ཅིག་ཉོས་ནས་ཅི་བྱེད། དེ་འགྲོ་སོང་གི་ཐོག་ལ་དོན་མེད་ཆུད་ཟོས་མ་རེད་དམ།
ཁ་པས། ཨོ་ལེ། ལས་ཀ་གཞན་པ་ཞིག་ཚོལ་དང་ཡོང་སྒོ་མེད་པའི་འགྲོ་སོང་ཞིག་གིས་ཅི་བྱེད།
ག་པས། ཡ་ད་ ཁོ་ལ་གསེར་སྙུག་འཚོལ་རོགས་བྱོས་དང༌། སྙིང་རྗེ། གོང་ཆེན་པོ་སྤྲད་ཡོད་རྒྱུ་རེད།
ཁོས། དེ་ང་ལ་བྱ་དགའ་ཐོབ་པའི་གསེར་སྙུག་རེད།
ཀ་པས། ག་རེའི་བྱ་དགའ།
ཁོས། ད་ལོར་ཤེས་རིག་ལས་ཁུངས་ནས་རྩོམ་ཡིག་འགྲན་སྡུར་ཨང་དང་པོ་ལ་གསེར་སྙུག གཉིས་པར་དངུལ་སྙུག གསུམ་པར་ཟངས་སྙུག་གི་བྱ་དགའ་གནང་བ་རེད།
ང་པས། འོ་ན། ཁྱོད་ཀྱིས་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་རྒྱུ་རེད། ཁྱོད་རྩོམ་འབྲི་བ་མཁས་པ་ཞིག་ཡིན་པ་འདྲ།
ཁོས། དེ་ངའི་སྙན་དངགས་ཤོག་ལྷེ་གསུམ་གྱི་གོང་ཚད་རེད། (ཅེས་མགོ་ཡར་བཏེགས་ཏེ་ཅུང་འཛུམ་ནས་ཡིན་མདོག་མདོག་གིས་བཤད།)
ག་པས། ཨ་ལ་ལ། འོ་ན། སྙན་དངགས་གཅིག་གི་གོང་ཚད་ལ་གསེར་སྙུག་ཅིག རང་མཁས་པ་ཞིག་ཡིན་ཐག་ཆོད་རེད།
ཁ་པས། ཨོ་དེ་འདྲ་ཡིན་རྒྱུ་རེད། ཡོང་སྒོ་གཅིག་ཀྱང་མེད་པར་རྩོམ་ཡིག་བྲིས་ནས་འདུག་མཁན་ཞིག་སུ་ཡོད།
ཀ་པས། ལོ་རེ་ལ་གསེར་སྙུག་རེ་བླངས་ན་ཨོ་ཙམ་རེད།
ང་པས། ད་སྙན་གྲགས་ཤིག་ཡོད་ན་མ་གཏོགས། ང་ཚོ་ཨ་རི་ལ་སླེབས་ན་དེ་ཉིན་གཅིག་གི་གླ་རིན་ཙམ་ལས་ཅང་མ་རེད།
ག་པས། རེད། ཡ་ད་ཅང་རྙེད་མ་སོང༌། འགྲོ་ང་ཚོ་ཡང་མགྱོགས་ཙམ་མ་སོང་ན་དེང་སང་ཕྱི་སྐྱོད་ལམ་ཡིག་ལེན་སར་མི་མང་ནས་འཚང་ཁ་འདུག
(སྤོ་བོ་དེ་ཚོས་མ་ཎི་ཞིག་འདོན་གྱིན་ཕྱིན་རྗེས། ཁོས་དེ་ཚོའི་རྗེས་སུ་བལྟས་ཏེ། བསམ་བློ་ཏོག་ཙམ་བཏང་རྗེས། དབུགས་རིང་ཞིག་ཤོར་ནས། ཆིག་ལབ་འདི་ལྟར་བརྒྱབ།)
ངོ་མ། གལ་ཏེ་ང་ལ་གསེར་སྙུག་ཅིག་གི་གཟེངས་རྟགས་ངོ་མ་ཞིག་ཐོབ་ཀྱང་སྙན་གྲགས་སྟོང་པ་ཞིག་ལས་ཅི་ཞིག་ཡོད། ཁོ་ཚོ་འཆི་རན་ན་ད་དུང་ཡང་འཆི་ས་ཨ་རིར་སྙེག་གིན་འདུག རེད། སང་ཉིན་ནས་ལམ་ག་དེར་ཞུགས།
(ཞེས་ཟེར་ནས་མགོ་སྒུར་ཏེ་ག་ལེར་གོམ་སྟེགས་བུ་ལས་ཕྱིར་ཆས་སོ།)
༢༠༠༦།༨།༢༨།