ཀིང་ནི་སྤྱི་ལོ༡༩༢༩ ལོའི་ཟླ༡པོའི་ཚེས༡༥ ཉིན་རྗོར་རྗེ་ཡཱ་ས་ཁུལ་གྱི་ཨཱ་ཌ་ལན་ཌཱ་རུ་སྐུ་འཁྲུངས། ཁོང་གི་ཡབ་ནི་ཨེ་བྷེ་ནེ་ཛེར་བྷཱབ་ཌི་སཌ་(Ebenezer Baptist Church)ཡེ་ཤུའི་ཆོས་ཁང་གི་མཆོད་གནས་ཤིག་ཡིན་པ་དང་། ཀིང་(ཡབ)གིས་ཨཱ་ཌ་ལན་ཌཱ་ཡི་མི་རིགས་ནག་པོ་ཚོའི་གྲས་སུ་རྒྱ་ཆེ་ཞིང་སྤྲོ་སྐྱིད་ལྡན་པའི་ཁང་ཁྱིམ་ཞིག་ཏུ་རང་ཉིད་ཀྱི་ཁྱིམ་མི་དང་ལྷན་དུ་འཚོ་བ་བསྐྱལ་ཞིང་། སྤྱི་ལོ༡༩༣༠ ལོའི་སྐྱ་ཟད་སྔོ་གཏུགས་ཀྱི་དུས་སྐབས་སུའང་ཁོང་གི་ཁྱིམ་མི་ཚོར་འདང་ངེས་པའི་ཟས་ཞིམ་པོ་དང་གོས་ཡག་པོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
   འོན་ཀྱང་ཀིང་(ཡབ)ནི་ཆེས་དབུལ་ཕོངས་ཀྱི་འཚོ་བའི་གནས་བབ་ལ་རྒྱུས་མངའ་ཡོད་དེ། ཁོང་གི་ཡབ་ནི་ཞིང་བྲན་དུ་གྱུར་མྱོང་ཡོད་ལ། རྒྱུན་དུ་ཁོས་བསགས་པའི་དངུལ་ཚང་མ་ས་བདག་ལ་སྤྲོད་དགོས་ཀྱི་ཡོད། དུས་ཡུན་རིང་པོར་ལས་ཀར་འབད་བརྩོན་ཆེན་པོ་བྱས་ཀྱང་། ཁོས་རང་གི་གནས་བབ་ཇེ་ཡག་ཏུ་ཡོང་བའི་གོ་སྐབས་ཤིག་ནམ་ཡང་མ་མཐོང་ལ། ཁྱིམ་གྱི་གནས་སྟངས་ཀྱང་ཇེ་ཞན་ནས་ཇེ་སྡུག་ཏུ་གྱུར།
   ཀིང་(ཡབ)གི་ངོས་ནས་དེ་ལྟ་བུའི་མི་ཚེ་ཞིག་སྐྱེལ་འདོད་མེད་པས། ལོ་ན་བཅོ་ལྔར་སོན་རྗེས་ཞིང་ལས་གཉེར་རྒྱུ་མཚམས་བཞག་སྟེ་མ་ལེ་ཉི་ཤུ་ཡི་ལམ་ཐག་ཡོད་པའི་ཨཱ་ཌ་ལན་ཌཱ་རུ་སོང་། དེར་ཁོང་གིས་ཉིན་མོ་ལས་ཀ་ཅུང་ཙམ་རེ་ལས་ཏེ་མཚན་མོ་སློབ་གྲྭར་སོང་། དེ་ལྟར་དུས་ཡུན་རིང་པོ་ཞིག་འགོར་མོད་མཐར་གཞི་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་འགྲིམས་ཏེ་ཡེ་ཤུའི་ལྷ་ཁང་གི་གཙོ་འཛིན་ཞིག་ཏུ་གྱུར། ཁོོང་གིས་ཨ་ཌ་ལན་ཌ་ཡི་འགོ་ཁྲིད་ཅིག་གི་བུ་མོ་དང་ལྷན་དུ་གཉེན་སྒྲིག་བྱས་ཏེ་ཁྱིམ་གཞི་བཟུང་། ཁོང་གི་བྱིས་པ་གསུམ་ནི་ཁ་རི་ས་ཌེན་(Christine)དང་། མར་ཊིན་(Martin, Jr)དང་། ཨལ་ཧྥ་རེཌ་ཌཱ་ནེལ་(Alfred Daniel)བཅས་རེད།
ཀིང་(ཡབ)ནི་ལྷོ་ཕྱོགས་ས་ཁུལ་གྱི་རྗམ་ཁུ་རོ་ལམ་ལུགས་ལ་ཡེ་ནས་དགའ་བོ་མ་བྱུང་། ཁོང་ནི་རང་དབང་འཐབ་རྩོད་པ་ཞིག་ཡིན་ལ། ཁོང་གི་བུ་མར་ཀྲེན་གྱིས་ཁོང་གི་ས་ནས་ཆེས་ཐོག་མའི་སློབ་གསོ་འགའ་ཉམས་སུ་མྱང་ཡོད། ཉིན་ཞིག་ཀིང་(ཡབ)གིས་ཁོང་གི་བུ་ཆུང་ཁྲིད་དེ་ཚོང་ཁང་ཞིག་ཏུ་ལྷམ་ཉོ་བར་སོང་། ཚོང་ཁང་གི་མདུན་གྱི་རྐུབ་སྟེགས་དང་པོ་སྟོང་བ་ཡིན་པས་ཁོང་གཉིས་དེར་བསྡད། ཚོང་བདག་མི་རིགས་དཀར་པོ་ཞིག་ཡོད་པ་དེས་ཀིང་ལ་ངག་འཇམ་པོའི་སྒོ་ནས་”རྣམ་པ་གཉིས་རྒྱབ་ཀྱི་རྐུབ་སྟེགས་སྟེང་བཞུགས་དང་།”ཞེས་པར། ཀིང་གིས་”འདིར་བསྡད་ན་མི་ཆོག་པ་གང་ཡང་མི་འདུག  ངེད་གཉིས་ལ་རྐུབ་སྟེགས་འདི་ཧ་ཅང་བདེ་བོ་འདུག”ཅེས་ལན་འདེབས་གནང་བ་དང་། ཚོང་བདག་དེས་”དགོངས་པ་མ་ཚོམས། རྣམ་པ་གཉིས་ངེས་པར་དུ་རྒྱབ་ལ་སྤོ་རོགས་”ཞེས་བཤད།
   ཀིང་(ཡབ)ཁོང་ཁྲོ་ལངས་ཏེ་”ངེད་གཉིས་འདིར་བསྡད་དེ་ལྷམ་ཉོ་འདོད་ཡོད་རུང་། དེ་ལྟར་ཡིན་ན་ལྷམ་རྩ་བ་ནས་ཉོ་རྒྱུ་མིན”ཅེས་བཤད་ཞོར་ཏུ། བུ་ཆུང་གི་ལག་པ་ནས་ཁྲིད་དེ་ཚོང་ཁང་གི་ཕྱིར་ཐོན། ཁོང་གིས་”ལམ་ལུགས་འདི་དུས་ཡུན་ཅི་ཙམ་རིང་པོར་གནས་ཀྱང་ངས་ངོས་ལེན་རྩ་བ་ནས་བྱེད་ཀྱི་མིན་”ཞེས་བཤད།
   ཡང་ཉིན་ཞིག་མར་ཊིན་ཁོང་གི་ཡབ་དང་མཉམ་དུ་རླངས་འཁོར་ལ་བསྡད་ནས་འགྲོ་བའི་སྐབས། ཀིང་(ཡབ)གིས་དོ་སྣང་མ་བྱུང་བར་རླངས་འཁོར་འདུག་དགོས་པའི་བརྡ་རྟགས་དང་བརྒལ་ནས་སོང་བས། སྤྱི་བདེ་མི་སྣ་ཞིག་ཡོང་སྟེ་ཁོང་ལ། ”ཡ་བུ་ཆུང། ཁྱེད་ཀྱི་ཆོག་མཆན་ལག་ཁྱེར་སྟོན་དང་།” ཞེས་བཤད།
   བུ་ཆུང་ཞེས་འབོད་ས་ཞིག་ཡོད་པ་མ་རེད། འདི་ནི་ལྷོ་ཕྱོགས་ས་ཁུལ་དུ་མི་རིགས་ནག་པོ་ཚོར་མཐོང་ཆུང་བྱེད་སྟངས་ཤིག་ཡིན་པ་རེད། ཀིང་(ཡབ)ཡང་བསྐྱར་ཁོང་ཁྲོ་ལངས་ཏེ་ཁོང་གི་བུ་ལ་མཛུབ་མོ་བཙུགས་ནས་”འདི་བུ་ཆུང་ཞིག་རེད། ང་མི་རྒན་པ་ཞིག་ཡིན། ཁྱེད་ཀྱིས་ང་ལ་ཚུལ་མཐུན་གྱིས་མ་བོས་པར་ངས་ཁྱེད་ཀྱི་ཁ་ལ་ཉན་རྒྱུ་མིན་”ཞེས་སྤྱི་བདེ་མི་སྣ་དེར་བཤད།
   སྤྱི་བདེ་མི་སྣ་དེས་ཁོང་ལ་མི་རིགས་ནག་པོ་ཞིག་གིས་ཡ་ལན་སློག་གི་རེད་བསམ་པ་ཡིད་ལའང་ཤར་མྱོང་མེད། ཁོ་ཧ་ལས་པའི་ཚོར་སྣང་དང་བཅས་མགྱོགས་པོར་འཛིན་བྱང་སྤྲད་དེ་འགྲོ་བཅུག།
   ཀིང་(ཡབ)གིས་ཨཱ་ཌ་ལན་ཌཱ་ས་ཁུལ་དུ་རང་གི་རིགས་མཐུན་ཚོའི་ཆེད་གྲུབ་འབྲས་ལྡན་པའི་བྱ་བ་གལ་ཆེན་ཁ་ཤས་བསྒྲུབས་ཡོད། དེར་ཁོང་གིས་མི་རིགས་ནག་པོའི་དགེ་རྒན་ཚོ་ལ་མི་རིགས་དཀར་པོའི་དགེ་རྒན་ཚོ་དང་གླ་ཆ་གཅིག་མཚུངས་རག་ཐབས་ཀྱི་རོགས་པ་བྱས་པ་དང་། ཁྲིམས་ཁང་དུ་རྗམ་ཁུ་རོ་མི་རིགས་དཀར་ནག་དབྱེ་འབྱེད་ཐད་ལྟ་སྟངས་ཆེན་པོ་ཡོད་པ་དེ་མེད་པར་བཟོ་ཐབས་ལ་རོགས་བྱས་ཡོད།
   མར་ཊིན་ལོ་ན་དྲུག་ཡིན་དུས་ཨ་མའི་ས་ནས་ཀྱང་བསླབ་བྱ་གལ་ཆེན་ཞིག་རག་མྱོང་ཡོད། མར་ཀྲེན་ལ་མི་རིགས་དཀར་པོའི་གྲོགས་པོ་གཉིས་ཡོད། ཁོང་གི་གྲོགས་པོ་དེ་གཉིས་ཀྱི་ཁྱིམ་མིས་ཀིང་ཚང་གི་མདུན་གྱི་གཞུང་ལམ་ཕར་ཕྱོགས་སུ་ཚོང་ཁང་ཞིག་གཉེར་གྱི་ཡོད། མར་ཊིན་དང་མི་རིགས་དཀར་པོའི་གྲོགས་པོ་དེ་གཉིས་རྒྱུན་དུ་མཉམ་དུ་འགྲོ་ཡི་ཡོད། ཉིན་ཞིག་མི་རིགས་དཀར་པོའི་བྱིས་པ་དེ་གཉིས་ཀྱི་ཨ་མས་མར་ཀྲེན་ལ་ད་ནས་བཟུང་ཁོང་གཉིས་ཁྱེད་དང་མཉམ་དུ་རྩེད་མོ་རྩེ་ཆོག་གི་མ་རེད་ཅེས་བཤད།
   མར་ཊིན་གྱིས་དེའི་དོན་ཅི་ཡིན་ཧ་མ་གོ་བས་ཨ་མར་དེའི་སྐོར་དྲིས་པ་ན། ཨ་མས་ཁོང་པང་དུ་ཉར་ཏེ་ལྷོ་ཕྱོགས་ས་ཁུལ་གྱི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལམ་སྲོལ་སྐོར་འགྲེལ་བཤད་བརྒྱབ་སྟེ། ཁོ་མོས་མར་ཀྲེན་ལ་”འོན་ཀྱང་དོན་འདི་ནམ་ཡང་བརྗེད་དུ་མ་འཇུག    ཁྱེད་རང་མི་གཞན་པ་ཚོ་ཇི་བཞིན་ཡག་པོ་ཡོད་པ་རེད།”ཅེས་བཤད།
   མར་ཊིན་ཁོང་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལམ་སྲོལ་ལ་མི་དགའ་བའི་སྣང་བ་ཇེ་ཆེར་སོང་བ་མ་ཟད། ཁོང་ལོ་ན་ཆུང་བས་སྤྱི་སྤྱོད་འགྲུལ་འཁོར་རྒྱབ་ཀྱི་རྐུབ་སྟེགས་སྟེང་འདུག་རྒྱུར་མི་དགའ། མེ་འཁོར་ནང་ཟ་ཁང་གི་ཡོལ་བའི་རྒྱབ་ཏུ་བསྡད་དེ་ཟས་བཟའ་དགོས་པ་དེས་ཁོའི་སེམས་ནང་མ་སྐྱིད་པའི་ཚོར་བ་ཆེན་པོ་བསླངས། ཁོང་གི་བསམ་པར་ལམ་སྲོལ་འདི་ཆ་ཚང་དྲང་བདེན་མིན་པ་དང་གནས་ལུགས་དང་མི་མཐུན་པ་ཞིག་རེད་སྙམ། ད་དུང་ཁོང་མི་རིགས་དཀར་ནག་དབྱེ་འབྱེད་ལས་བྱུང་བའི་དྲག་སྤྱོད་དང་འཚེ་བའི་ལས་ལ་མི་དགའ། ཁོང་གིས་ཀེ་ཀེ་ཀེ་(K.K.K.)ཚོ་མཚན་མོར་སྣུམ་འཁོར་ལ་བསྡད་ནས་འགྲོ་བ་མཐོང་ལ་མི་རིགས་ནག་པོ་ཚོ་ལ་ཉེས་མེད་བསྙོན་འཛུགས་ཀྱིས་རུབ་རྡུང་བྱེད་སའི་ས་ཆ་མང་པོ་བརྒྱུད་མྱོང་བ་དང་།    གནས་ཚུལ་འདི་འདྲ་མང་པོ་ཞིག་གིས་ཁོང་མི་རིགས་དཀར་པོ་ལ་མི་དགའ་མཁན་ཞིག་ཏུ་བསྒྱུར།
   སློབ་གྲྭའི་ནང་དུ་མར་ཊིན་ནི་ཧ་ཅང་བློ་རིག་བཀྲ་བའི་སློབ་མ་ཞིག་ཡིན། ཁོང་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཁོང་གིས་གཏམ་བཤད་གནང་སྟངས་ཧ་ཅང་ཡག་པོ་ཡོད་པ་དེ་ཡིན་ལ།    རྒྱུན་དུ་མེ་ལོང་ནང་ལ་བལྟས་ཏེ་གཏམ་བཤད་སྟངས་སྦྱོང་བརྡར་བྱེད་ཀྱི་ཡོད། ཁོང་འབྲིང་རིམ་སློབ་མཐར་ཕྱིན་པའི་ལོ་དེར་གཏམ་བཤད་འགྲན་བསྡུར་ཞིག་གི་ནང་ཞུགས་ཏེ་བྱ་དགའ་ཨང་དང་པོ་ཐོབ་པ་དང། སྐབས་དེ་ནི་ཁོང་གི་མི་ཚེའི་ནང་སྤོབས་པ་དང་གདེང་ཚོད་ཆེ་བའི་དུས་སྐབས་ཤིག་ཀྱང་རེད།
   མར་ཊིན་ནི་རྣམ་དཔྱོད་བཀྲ་བའི་སློབ་མ་ཞིག་ཡིན་པར་བརྟེན་སློབ་གྲྭའི་ནང་དུ་འཛིན་རིམ་གཉིས་འཕར་མཆོང་བྱས་ཤིང་། ཁོང་ལོ་ན་བཅོ་ལྔ་ལ་སོན་སྐབས་ཨཱ་ཌ་ལན་ཌཱ་(Atlanta)ས་ཁུལ་དུ་ཡོད་པའི་མཱོར་ཧཱོ་སེ་(Morehouse)མཐོ་རིམ་སློབ་གྲྭའི་ནང་ཚུད། སློབ་གྲྭ་འདི་ནི་སྔོན་ཆད་ཁོང་གི་པཱ་ལགས་སློབ་མཐར་ཕྱིན་ས་ཡིན་ལ། མི་རིགས་ནག་པོའི་གནད་ཡོད་འགོ་ཁྲིད་མང་པོ་ཞིག་སློབ་གྲྭ་འདི་འགྲིམས་ནས་སློབ་མཐར་ཕྱིན་པ་རེད།
   སྐབས་དེར་ད་དུང་མར་ཊིན་གྱིས་མ་འོངས་པར་བྱ་བ་ཅི་ཞིག་བསྒྲུབ་དགོས་མིན་གསལ་པོ་ཞིག་ཤེས་ཀྱི་མེད། ཁོང་གི་སེམས་སུ་བསྒྲུབ་དགོས་སྙམ་པའི་བྱ་བ་གཅིག་ཡོད་པ་ནི། རང་དང་རིགས་མཐུན་གྱི་མི་རིགས་ནག་པོ་ཚོར་ཕྱོགས་ཀུན་ནས་རོགས་རམ་བྱ་དགོས་སྙམ་པ་དེ་རེད། འོན་ཀྱང་ཁོང་གིས་བྱ་བ་དེ་ཇི་ལྟར་ལེགས་འགྲུབ་ཐུབ་མིན་ནི་ད་དུང་གསལ་བོ་ཞིག་ཤེས་ཀྱི་མེད། ཁོའི་བསམ་པར་ཆོས་ལུགས་ཀྱིས་རང་གི་རིགས་མཐུན་གྱི་སྤུན་ཟླ་ཚོ་རིགས་རུས་དབྱེ་འབྱེད་དང་བཀྲེས་ལྟོགས་མྱོང་བའི་དཀའ་ངལ་ལས་གྲོལ་བར་ཕན་གྲོགས་ཡོང་གི་མ་རེད་སྙམ་པ་དང། ཡང་སྨན་པ་ཞིག་བྱས་ཏེ་ཁོང་ཚོ་ནད་སྡུག་ལས་སྐྱོབ་ཐབས་བྱས་ན་ཅི་འདྲ་ཡོད་དམ་སྙམ་ཞིང། རེ་ཞིག་ཁོང་གི་ཐབས་ལམ་དེ་ཡག་ཤོས་རེད་སྙམ། ཡང་སྐབས་ཤིག་ཁོང་ཁྲིམས་རྩོད་པ་ཞིག་བྱས་ཏེ་ཁྲིམས་རྩོད་ཀྱི་གཏམ་བཤད་སྤེལ་ནས་མི་རིགས་ནག་པོ་ཚོ་ཁྲིམས་རའི་ནང་ནས་སྐྱོབ་ཐབས་བྱས་ན་ཅི་འདྲ་ཡོད་དམ་སྙམ་ཞིང་། ཁོང་འདོད་ཚུལ་འདི་ལ་ཧ་ཅང་དགའ་སྟེ་རང་ཉིད་ཁྲིམས་རྩོད་པ་ཞིག་བྱས་ནས་ཁྲིམས་ཁང་ནང་དུ་མི་རིགས་ནག་པོ་ཚོའི་ཐོབ་ཐང་རྩོད་ལེན་བྱེད་དགོས་སྙམ།
   འོན་ཀྱང་རིང་པོ་མ་འགོར་བར་ཁོང་གི་བསམ་བློར་འགྱུར་བ་ཐེབས། མཱོར་ཧཱོ་སེ་མཐོ་སློབ་ཀྱི་དགེ་རྒན་གཙོ་བོ་གཉིས་ནི་ཡེ་ཤུའི་ཆོས་ཁང་གི་གཙོ་འཛིན་གཉིས་རེད། དགེ་རྒན་དེ་གཉིས་ཀྱིས་ཁོང་ལ་ཡེ་ཤེས་ཆོས་ཁང་གི་གཙོ་འཛིན་པ་ཞིག་བྱས་ན་མི་རིགས་དཀར་ནག་གི་དབྱེ་འབྱེད་དང་། ལྟོགས་སྐོམ་དང་ནད་སྡུག་གིས་མནར་བའི་མི་ཚོར་རོགས་རམ་ཐུབ་པའི་ལམ་སྟོན་བྱས། མར་ཊིན་ལོ་ན་བཅུ་བདུན་ལ་སོན་སྐབས་ཁོང་གི་ཡབ་ཀྱིས་ཕྱག་ལས་གནང་སའི་ཡེ་ཤུའི་ཆོས་ཁང་དུ་ཆོས་འཆད་ཁྲིད་བྱེད་པའི་ཚོད་ལྟ་ཞིག་བྱས་པ་དང། སྐབས་དེར་ཁོང་གི་ཡོན་ཏན་གྱིས་ཆོས་ཁང་གི་འཐུས་མི་ཚང་མ་ཟིལ་གྱིས་མནན་པས། མར་ཀྲེན་གྱི་ཡབ་དམ་པས་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞེས་གསོལ་འདེབས་བྱས། མར་ཊིན་ཁོང་ལོ་ན་བཅོ་བརྒྱད་ལ་སོན་སྐབས་ཡེ་ཤུའི་ཆོས་ཁང་གི་གཙོ་འཛིན་དང་ཡབ་ཀྱི་ཕྱག་རོགས་སུ་གྱུར།
*ཀིང་(ཡབ)་ནི་མར་ཊེན་ལུ་ཐར་ཀིང་གི་ཡབ་ཀྱི་བསྡུས་མིང་ཡིན།

མདུན་ཤོག