གོ་དོན།
ཤེས་ཚད་དང་ཉམས་མྱོང་མ་འདྲ་བ་ལ་བརྟེན་ནས་རྩོམ་ཡིག་ཅེས་པའི་ཐ་སྙད་འདི་ལ་འགྲེལ་བཤད་རྒྱག་སྟངས་སྣ་ཚོགས་ཤིག་འབྱུང་གི་ཡོད། དེར་བརྟེན། རང་གི་ཤེས་ཚད་དང་ཉམས་མྱོང། དེ་བཞིན་འགྲེལ་བཤད་བཅས་ཀྱི་བར་ལ་འབྲེལ་བ་ཟབ་མོ་ཡོད།
འགྲོ་བ་མིའི་རིགས་ལ་ཤེས་རིག་བྱུང་སྟེ་དུས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་བསམ་གྱིས་མི་ཁྱབ་པ་བྱུང། དེ་ལ་ཕྱོགས་ཀྱི་དབང་དུ་བྱས་ན་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་རིག་ལྟ་བུ། ཡུལ་གྱི་དབང་དུ་བྱས་ན། རྒྱ་གར་གྱི་ཤེས་རིག་དང་གྷི་རི་སིའི་ཤེས་རིག་ལ་སོགས་ཡོད་པར་མ་ཟད། དུས་ཀྱི་དབང་དུ་བྱས་ན། གནའ་དེང་གི་ཤེས་རིག་ཏུ་དབྱེ་བ་དང། ཡུལ་དུས་གཅིག་གི་ཤེས་རིག་ལའང་རིག་ཚན་མ་འདྲ་བ་མང་པོ་ཡོད་དེ། ནང་བསྟན་རིག་པ་དང་སྲིད་དོན་རིག་པ། ཚན་རིག གསོ་རིག་སོགས་བགྲང་གིས་མི་ལང་བ་ཡོད། རིག་ཚན་སོ་སོའི་གཞི་རྩའི་རྩ་དོན་མ་འདྲ་བ་ལ་བརྟེན་ནས་བྱ་དངོས་གང་རུང་ཞིག་ལ་ངོས་འཛིན་བྱེད་སྟངས་ཀྱང་མི་འདྲ་བ་རེ་འབྱུང་བ་དང། དེར་བརྟེན་ནས་བྱ་དངོས་གང་རུང་ཞིག་ལ་མཚན་ཉིད་དང་གོ་དོན་སོགས་ཀྱང་མ་འདྲ་བ་རེ་འཇོག་པ་དཔེར་ན། རྩོམ་རིག་ནི་ལྷ་ཡི་ལེགས་སྐྱེས་ཡིན་ཟེར་བ་དང། ཡང་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བའི་ཚུར་སྣང་ཡིན་ཟེར་བ། དེ་བཞིན་དུ་མིང་ཚིག་ཡི་གེ་གསུམ་ཚོགས་ནས་བརྗོད་བྱའི་དོན་སྟོན་པའི་རྣམ་པ་ཅན་ཞིག་ཡིན་ཟེར་བ་སོགས་མང་ངོ་། །དེ་ལས་སྔ་མ་ནི་སེམས་གཙོ་སྨྲ་བའི་བཤད་སྟངས་ཡིན་ལ། བར་མ་དེ་རྩོམ་གཞུང་ག་གེ་མོ་ལས་བྱུང་བའི་བཤད་སྟངས་དང་། ཕྱི་མ་ནི་བརྡ་སྤྲོད་གཞིར་བཞག་གིས་འགྲེལ་བརྗོད་བྱེད་སྟངས་ཡིན་ནོ། །གསལ་པོར་བཤད་ན། གྲུབ་མཐའ་སོ་སོ་དང་མཁས་པ་རང་རང་ལ་རྩོམ་རིག་ཅེས་པར་ངོས་འཛིན་བྱེད་སྟངས་མ་འདྲ་བ་རེ་ཡོད་པ་ཡིན་ཞེས་པ་དེའོ། །
ཁ་གང་ལ་བསྐོར་ནས་བལྟས་ཀྱང་མཐར་གཏུགས་ནས་བཤད་ན། སྐབས་སུ་བབས་པའི་“རྩོམ་ཡིག”་ཅེས་པ་ནི། རང་ཉིད་ཀྱིས་བརྗོད་པར་འདོད་པ་གང་ཡིན་པ་དེ་མིང་ཚིག་ཡི་གེ་གསུམ་ཚོགས་པ་ལ་བརྟེན་ནས་གསལ་པོར་མཚོན་པར་བྱས་པ་ཞིག་ལ་གོ་ན་འགྲིག རང་ཉིད་ཀྱི་བརྗོད་པར་འདོད་པ་དེ་ཡུལ་ལྗོངས་དང་དངོས་པོ་ལ་སོགས་པའི་རྣམ་པ་ཡིན་ཆོག་ལ། བྱ་བ་ཞིག་གི་འབྱུང་རྐྱེན་དང་འཕེལ་རྒྱས་སོགས་ཡིན་ནའང་འགྲིག དེ་བཞིན་རང་གི་ལྟ་ཚུལ་ཞིག་ཡིན་འོས་ལ་ཚོར་བ་ཞིག་ཡིན་ཀྱང་ཆོག གང་ལྟར། ཕ་རོལ་པོས་ཡི་གེའི་གཟུགས་ལ་བརྟེན་ནས་གསལ་པོར་གོ་ཐུབ་པ་ཞིག་ངེས་པར་དུ་ཡིན་དགོས། འདི་ནི་ཆེས་མ་མཐའི་ཚད་གཞིའམ་ལྟ་སྟངས་རིགས་ཤིག་ཡིན། བཤད་སྟངས་གཞན་ཞིག་གིས་བཤད་ན། “རྩོམ་ཡིག་”ཅེས་པའི་སྒྲ་ཡངས་འཇུག་གི་གོ་དོན་ཡིན་ཞེ་ནའང་འགྲིག
ཅིའི་ཕྱིར་རྩོམ་ཡིག་འབྲི་དགོས།
༡ རྩོམ་ཡིག་ལེགས་པོ་ཞིག་བྲིས་པ་བརྒྱུད་ནས་ཡུལ་དུས་ཀྱིས་བསྐལ་བའི་མི་རྣམས་ལ་བསམ་བློ་བརྒྱུད་སྒྲོག་བྱེད་ཐུབ། དཔེར་ན། ཁྱོད་ཀྱིས་བྲིས་པའི་རྩོམ་ཡིག་ཡག་པོ་དེས་ལེ་དབར་སྟོང་ཕྲག་གིས་ཆོད་པའི་རྒྱང་རིང་གི་མི་རྣམས་སམ། ཡང་ན། མ་འོངས་པ་ན་སྐྱེ་བར་འགྱུར་བའི་མི་དག་གིས་ཁྱོད་ཀྱི་བསམ་བློ་དང་མྱོང་ཚོར་སོགས་ལ་རྒྱུས་ལོན་ཐུབ་པ་རེད།
༢ རྩོམ་ཡིག་འབྲི་བའི་བརྒྱུད་རིམ་ཁྲོད་གོ་རིམ་མེད་པ་དང་རྙོག་འཛིང་ལྡན་པའི་ཁྱོད་ཀྱི་བསམ་བློ་སྙོམས་སྒྲིག་བྱེད་ཐུབ་པར་མ་ཟད། ལྷིང་འཇགས་དང་སྲ་བརྟན་ཡོང་བར་རམ་འདེགས་བྱེད་ཐུབ་པ་མ་ཟད། བརྒྱུད་རིམ་འདིའི་ཁྲོད་ནས་ཁྱོད་ཀྱི་བསམ་བློའང་ཡར་རྒྱས་ནས་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་པར་ཐེ་ཚོམ་མེད། སྤྱིར་ན་འབྲི་བ་ལས་འཆད་པ་ནི་སྟབས་བདེ་དང་དཀའ་ཚེགས་དེ་ཙམ་མེད་པ་མ་ཟད། མི་གཞན་གྱིས་ཀྱང་ལས་སླ་བའི་ངང་ནས་གོ་ཐུབ་མོད། འོན་ཀྱང། གཏམ་བཤད་མང་པོའམ་རིང་པོ་ཞིག་བཤད་ཚེ་སྔོན་གྱི་གྲ་སྒྲིག་དང་རྗེས་ཀྱི་ལེགས་བཅོས་སོགས་བཀོད་སྒྲིག་བྱེད་པའི་གོ་སྐབས་ཡོད་མི་སྲིད་པས་སྐབས་ཐོག་གི་གཏམ་བཤད་དེ་གྲ་འགྲིག་པོ་ཞིག་མི་འོང། ད་དུང་གཏམ་བཤད་ཚར་རྗེས་འཇའ་ཡལ་བ་བཞིན་རྗེས་ཤུལ་ཙམ་ཡང་ལྷག་པར་མི་འགྱུར། རྩོམ་འབྲིའི་བྱ་བར་ད་གཟོད་སྔོན་གྱི་གྲ་སྒྲིག་དང་རྗེས་ཀྱི་ལེགས་བཅོས་བྱེད་པའི་གོ་སྐབས་ཡོད་པས་གོ་རིམ་ལྡན་པ་དང་རྒྱས་བསྡུས་རན་པ་སོགས་དོན་སྙིང་ལྡན་པ་ཞིག་བཟོ་ཐུབ།
༣ རྩོམ་ཡིག་འབྲི་བ་ནི་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན། དེ་ལྟ་ནའང་རྩོམ་འབྲིའི་བྱ་བ་འདི་ལས་སླ་མོ་ཞིག་མིན། འཇིག་རྟེན་འདིའི་ལས་རིགས་ཅི་འདྲ་ཞིག་ཡིན་ཡང་རུང། སྤྲོ་སྣང་མེད་པ་ཞིག་ཡོད་མི་སྲིད་ལ་དེ་བཞིན་དུ་དཀའ་ལས་མེད་པའི་ལས་རིགས་ཤིག་ཀྱང་ཡོད་མི་སྲིད། ཁྱོད་ཀྱིས་ཞིབ་ཏུ་སོམས་དང། མི་མང་པོ་ཞིག་རྩེད་མོའི་རིགས་ལ་དགའ་མོས་ཡོད་པ་མིན་ནམ། འོན་ཀྱང་། དེ་ལའང་དཀའ་ཁག་ལོས་ཡོད། དཔེར་ན། ལུས་རྩལ་འགྲན་སྡུར་རམ་ཞབས་བྲོ་འཁྲབ་པ། ཡང་ན། གླུ་དབྱངས་ལེན་མཁན་ཞིག་བྱེད་ན་ཡང་ཕྱོགས་དང་ཟུར་མང་པོ་ཞིག་ལ་སྦྱོང་བ་ལེགས་པོ་ཐོབ་དགོས། སྦྱངས་ནས་མཐར་ཕྱིན་རག་བར་དུ་ལུས་ཀྱི་དཀའ་ཚེགས་དང་སེམས་ཀྱི་སྡུག་བསྔལ་ཅི་ཙམ་ཞིག་མྱོང་དགོས་པ་དངོས་སུ་བརྒྱུད་མྱོང་བའི་ཉམས་མྱོང་ཅན་དག་གི་མི་ཚེའི་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ། དེ་བས་ཁོ་ཚོ་ནི་དཀའ་ཁག་བརྒྱུད་ནས་ཡོང་བ་ཤ་སྟག་ཡིན་ཞེས་བཤད་ཆོག འོན་ཀྱང་བྱ་འགུལ་སྤེལ་སྟངས་རེ་རེའི་ཁྲོད་དུ་སྤྲོ་སྣང་ངེས་ཅན་ཞིག་ཡོད། སྤྲོ་སྣང་དེས་ད་གཟོད་རང་ཉིད་རིམ་གྱིས་ཤེས་མེད་ཚོར་མེད་ངང་ཡར་རྒྱས་ཀྱི་ལམ་དུ་འཁྲིད་ཀྱིན་ཡོད་པས་ཁོ་ཚོ་ནི་སྤྲོ་སྣང་གིས་བསྐྱེད་བསྲིངས་ནས་ཡོང་བ་ཡིན་ཞེས་བཤད་ནའང་འགྲིག དེར་བརྟེན། སློབ་གསོ་བ་མང་པོས་སྤྲོ་སྣང་གལ་ཆེན་དུ་འཛིན་གྱིན་ཡོད་པ་མིན་ནམ། རྩོམ་འབྲིའི་བྱ་བར་མཚོན་ནའང་། དེ་དང་གཅིག་མཚུངས་ཡིན་ཏེ། ཁྱོད་ཀྱི་ཧུར་བརྩོན་ལ་བརྟེན་ནས་རྩོམ་རྩལ་གོང་དུ་འཕེལ་བའི་འགྲོས་དང་བསྟུན་ཏེ་སྤྲོ་སྣང་ཡང་རང་ཤུགས་ཀྱིས་ཆེ་ནས་ཆེ་རུ་འགྲོ་ཐུབ་པར་མ་ཟད་བསམ་བློ་ཡང་སྤྲོ་སྣང་འཕེལ་བའི་འགྲོས་དང་འགྲོགས་ནས་འཕེལ་རྒྱས་འབྱུང་བར་ཐེ་ཚོམ་མེད། དེར་བརྟེན་རྩོམ་ཡིག་འབྲི་བ་ནི་རང་ག་བའི་ལས་ཤིག་མིན་པ་གསལ་པོ་ཡིན་ནོ།
འདིར་རྩོམ་ཡིག་འབྲི་དགོས་པའི་རྒྱུ་མཚན་འགའ་གླེང་བ་འདི། གཙོ་བོ་ལས་དང་པོ་བའི་རིགས་ལ་དམིགས་ཏེ་བརྗོད་པ་ཡིན། ཚད་ངེས་ཅན་ཞིག་ནས་བཤད་ན། རྩོམ་ཡིག་འབྲི་དགོས་པའི་རྒྱུ་མཚན་ནི་འདི་ཙམ་ག་ལ་ཡིན།
རྩོམ་འབྲིའི་ཕན་ཡོན།
འདས་ཟིན་པའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོར་ཕྱི་མིག་གིས་བལྟས་ན། རང་རེའི་མེས་པོ་དག་གིས་བཀའ་བསྟན་གཙོས་རི་རབ་ཀྱི་གཏོས་དང་མཉམ་པའི་གླེགས་བམ་ཅི་འདྲའི་མང་པོ་ཞིག་བསྒྱུར་བ་དང་བརྩམས་ཏེ་ང་ཚོ་ཕྱི་རབས་པའི་མིག་གི་དཔྱིད་དང་ཡིད་ཀྱི་གསོས་སུ་བཞེངས་ཡོད་པ་རེད་ཨང། མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་མཚོན་ནའང། རླབས་ཆེན་གྱི་མཁས་པ་བགྲང་གིས་མི་ལང་བ་ཞིག་གིས་གྲངས་ཀྱིས་མི་ཟིན་པའི་བརྩམས་ཆོས་དེབ་གཟུགས་སུ་བགྱིས་ཡོད་པ་མིན་ནམ། བློས་མི་དཔོག་པའི་མཛད་བཟང་འདི་དག་གི་རྨང་གཞིར་གྱུར་པ་ནི་རྩོམ་འབྲི་ཁོ་ནའོ། །རིན་ཐང་གཞལ་དུ་མེད་པའི་གླེགས་བམ་དེ་དག་ལ་བརྟེན་ནས་ད་གཟོད་མིའི་རིགས་མུན་ནག་ལ་རྒྱབ་ཀྱིས་ཕྱོགས་ཏེ་འོད་སྣང་གི་ཕྱོགས་སུ་བསྐྱོད་དང་སྐྱོད་མུས་ལགས་ཤིང། དེ་རིང་གི་སྔོན་ཐོན་དང་ཡར་རྒྱས་མཐའ་དག་ཀྱང་རྩོམ་འབྲིའི་བྱ་བ་རྨང་གཞིར་བྱས་པའི་གླེགས་བམ་དེ་དག་ལ་བརྟེན་ནས་བྱུང་བ་ཡིན།
རླབས་ཆེན་གྱི་མེས་པོ་དེ་དག་རེ་རེ་བཞིན་དུས་ཀྱི་འགྲོས་དང་བསྟུན་ནས་མི་མངོན་པའི་དབྱིངས་སུ་གཤེགས་ཟིན་ནའང། ཁོང་རྣམ་པའི་དགོངས་པ་ཅི་འདྲ་ཞིག་ཡིན་པ་གླེགས་བམ་དེ་དག་ལས་གསལ་པོར་རྟོགས་ཐུབ་པར་མ་ཟད། ལོ་རྒྱུས་ཀྱི་འགྱུར་ལྡོག་དང་ཤེས་རིག་གི་དར་རྒུད་སོགས་གསལ་ལེར་འཆར་བའི་མེ་ལོང་ཡང་གླེགས་བམ་དེ་དག་ལས་གཞན་དུ་ཅི་ཞིག་ཡོད་དམ། དེ་བས་ལོ་ངོ་སྟོང་ཕྲག་མང་པོ་ཞིག་འདས་ཀྱང་ཁོང་ཚོ་སྔར་བཞིན་གཟི་བརྗིད་ཀྱི་ངང་ནས་གསོན་ཡོད་པ་ལྟར་སྣང་བ་འདི་ཡང་གསལ་པོར་བཤད་ན། རྩོམ་འབྲིའི་བྱ་བ་འདིའི་ཉེེར་ལེན་ཉག་གཅིག་ཏུ་འཁུམས་ཏེ། ཇི་སྐད་དུ། གལ་ཏེ་སྒྲ་བོད་སྣང་བ་ཡིས། །བསྐལ་པའི་བར་དུ་མ་བསལ་ན། །འཇིག་རྟེན་གསུམ་པོ་མཐའ་དག་ནི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། ། ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང། །རང་བཞིན་ཉམས་པ་མེད་ལ་ལྟོས། ཞེས་གསུངས་པ་ལྟར་ལགས།
ང་ཚོའི་དུས་རབས་འདི་ལ་མཚོན་ན་ཡང་རྩོམ་འབྲི་བྱ་བའི་ཁྱབ་རྒྱ་ཧ་ཅང་ཆེ། དུས་དེབ་དང་ཆོས་དཔེ། ཁྱབ་བསྒྲགས་ཀྱི་རིགས། གསར་འགྱུར་ཚགས་པར་གྱི་རིགས་འདྲ་མིན། སློབ་དེབ་ཀྱི་རིགས་སོགས་ཉིན་གཅིག་ལ་ཡང་གྲངས་ཀྱིས་མི་ཟིན་པ་པར་སྐྲུན་བྱེད་ཀྱིན་ཡོད། ལྷག་པར་དུ་ཡར་ཐོན་ཅན་གྱི་མི་རིགས་དང་རྒྱལ་ཁབ་ལ་མཚོན་ན་དེ་ལྟར་ཡིན། གང་ལྟར་འཚོ་བའི་ཁྲོད་ཀྱི་བྱ་གཞག་ཀུན་ལས་རྩོམ་འབྲི་ཞེས་པའི་ལས་རིགས་འདིས་གོ་གནས་གལ་ཆེན་བཟུང་ཡོད་པ་མིག་མཐོང་ལག་ཟིན་རང་ཡིན་ནོ། །
རྩོམ་འབྲི་བྱ་བ་ནི་ནུས་ཤུགས་ཤིག་སྟེ་ནུས་ཤུགས་འདི་བསྐྱེད་པ་ཇི་ལྟར་བཟང་ན། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག། ཡང་ན་མི་སྒེར་བ་ཞིག་ཡིན་ནའང་འདྲ། ཡར་རྒྱས་ཀྱི་འགྲོས་མགྱོགས་པ་རེད། དེར་བརྟེན། རྩོམ་འབྲིའི་ནུས་རྩལ་གོང་མཐོར་གཏོང་བ་ནི་རང་ཉིད་ཀྱི་རིན་ཐང་གོང་མཐོར་གཏོང་བ་ཡིན་ལ། རང་ཉིད་ཀྱི་རིན་ཐང་གོང་མཐོར་གཏོང་བ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་རིན་ཐང་གོང་མཐོར་གཏོང་བ་ཡིན་ཞེས་བཤད་ཆོག