སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།

 དེ་ཡང་སོག་པོ་མཁས་པ་ཨ་ལག་ཤ་བསྟན་དར་ལྷ་རམས་པས།
           རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །མཁས་པའི་སྙན་པ་རང་དང་མཉམ་དུ་འཆི། །
           རྩོམ་ལ་མཁས་ཀྱང་སུག་བྲིས་མི་འབྱོར་ན། །སྔོན་མེད་དཔའ་བོ་ལག་རྡུམ་གཉིས་པ་ཡིན། །།
    ཞེས་གསུངས་པ་ལྟར་རྩོམ་པའི་ཡོན་ཏན་ཧ་ཅང་གལ་ཆེའོ། །འདིར་སྐབས་སུ་བབས་པ་རྗེ་རིན་པོ་ཆེའི་<<རྟག་ངུའི་རྟོགས་བརྗོད་>>ཀྱི་རྩོམ་གཤིས་དང་སྒྱུ་རྩལ་གྱི་རིན་ཐང་ཇི་ལྟར་འཇལ་ཐབས་དབྱེ་ཞིབ་བྱེད་པ་ལ།

ཀ སྙན་ངག་གི་བསྟན་བཅོས་ཆེན་པོ་འདི་ཇི་ལྟར་བྱུང་བའི་བརྒྱུད་རིམ།

    སྤྱིར་བཏང་གངས་ཅན་མཁས་པའི་གཙུག་རྒྱན༸རྗེ་ཐམས་ཅད་མཁྱེན་པ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ (ཕྱི་ལོ༡༣༥༧–༡༤༡༩) ཞེས་ས་གསུམ་ན་སྙན་པར་གྲགས་པ་ཁོང་ནི། ཡུལ་མདོ་སྨད་དུ་སྐུ་འཁྲུངས་ཤིང་། དགུང་གྲངས་བཅུ་དྲུག་སྟེང་དབུས་གཙང་ཆོས་ཀྱི་ཞིང་སར་ཆིབས་བསྒྱུར་ཀྱིས་མཛད་པ་འཕྲིན་ལས་ནམ་མཁའ་དང་མཉམ་པར་བསྐྱངས་ཏེ།  མི་ཡུལ་དུ་དགུང་གྲངས་རེ་གསུམ་ལས་མ་བཞུགས་ནའང་།  ཡུལ་གངས་རིའི་ཁྲོད་དུ་རི་བོ་དགེ་ལུགས་པའི་ཤིང་རྟའི་ལམ་སྲོལ་གསར་གཏོད་གནང་སྟེ། རྗེ་རིན་པོ་ཆེའི་བསྟན་པ་ཞེས་ཕྱོགས་ཀུན་ཏུ་གྲགས་པས་ཁྱབ་ཅིང་། དེང་སང་འཛམ་གླིང་ཡུལ་གྲུ་མང་པོར་འཕེལ་ཞིང་རྒྱས་བཞིན་པ་འདི་ཉིད།  ཁོང་གིས་བརྩམས་ཆོས་མདོ་སྔགས་ཀྱི་ཟབ་ཆོས་གླེགས་བམ་པོ་ཏི་བཅོ་བརྒྱད་བཞུགས་པ་དག་དང་འབྲེལ་བ་དམ་ཟབ་ཡོད་པ་སྨོས་མ་དགོས་ཤིང་། རྗེ་རིན་པོ་ཆེའི་བཀའ་རྩོམ་གསུང་འབུམ་པོད་ཁ་པའི་ནང་གསུང་ཐོར་བུའི་སྐོར་ཕྱོགས་བསྒྲིགས་གནང་བའི་ནང་ཡོངས་སུ་གྲགས་པའི་སྙན་ངག་དང་ཚིག་རྒྱན་གྱིས་ཕྱུག་པའི་བསྟན་བཅོས།  བསྟོད་ཆེན་བཞི་དང་། རྟོགས་བརྗོད་གཉིས། བྱ་དཀའ་བའི་སྙན་ངག་ཁག་དང་། བསྟོད་ཚོགས་ཀྱི་རིགས་མིག་གི་བདུད་རྩི་དང་། རྣ་བའི་བཅུད་ལེན་དུ་གྱུར་བ་དག་ལས། ཆོས་རྗེ་གྲགས་པ་བྱང་ཆུབ་ལ་བསྟོད་པ། སྟོན་ཟླ་རབ་རྒྱས་མ་དང་། དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་པོ་མ།  སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་མར་གད་ཞུ་བ་མ།  འདུལ་བ་རྒྱ་མཚོའི་སྙིང་པོ་སོགས་ཀྱི་མཇུག་ཏུ། ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པས་ཞེས་སོགས་རང་རྩོམ་དུ་མའི་མཇུག་ཏུ། རང་ཉིད་ཡུལ་གངས་ཅན་གྱི་སྙན་ངག་མཁན་(1)ཞིག་ཡིན་པར་ཞལ་བཞེས་གནང་ཡོད་པ་ལས་གཞན། བཀའ་རྩོམ་མང་པོའི་མཇུག་གི་སྦྱར་བྱང་དུ་མང་དུ་ཐོས་པའི་རྒྱལ་ཁམས་པ་དང་། རིགས་པ་སྨྲ་བ་ཞེས་པ་ཙམ་ལས་དེང་དུས་ཀྱི་མཁས་པར་རློམ་པ་ཚོས་རང་ཉིད་ཀྱིས་རང་ཉིད་ལ་ཆེ་བསྟོད་ཚད་ལས་བརྒལ་བ་བྱེད་པ་ནང་བཞིན་ནམ་ཡང་མི་བྱེད་པ་ཡིན།
    ཡུལ་གངས་ཅན་གྱི་སྙན་ངག་མཁན་འདིས།  བསྟན་བཅོས་འདི་དུས་ནམ་གྱི་ཚེ་བརྩམས་པ་གསལ་ཁ་མི་སྣང་ཡང་། བཤད་རྒྱུན་དུ། རྗེ་རིན་པོ་ཆེས་སྙན་ངག་མེ་ལོང་མའི་བཤད་པ་གསན་པའི་རྗེས་རྩོམ་རྒྱུགས་ལྟ་བུའི་ཚུལ་དུ་བརྩམས་པ་ཡིན་ཞེས་པ་ལྟར་ན། དགུང་ལོ་ཉེར་བཞི་པ་ལྕགས་སྦྲུལ་ (ཕྱི་ལོ ༡༣༨༠ ) ལོར། མཁས་གྲུབ་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། དེ་ནས་སྟོན་ཆོས་ལ་བླ་མ་རྗེ་བཙུན་ཆེན་པོ་བོ་དོང་ན་ཆོས་བར་ལ་ཕེབས་པ་གསན་ནས་ཨེར་བྱོན། བླ་མ་ལོ་ཙྪ་པ་ནམ་མཁའ་བཟང་པོ་ལ་སྙན་ངག་མེ་ལོང་གི་བཤད་པ་གསན་(2)ཞེས་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས། འོལ་ཁ་ལ་སོགས་པར་བོ་དོང་བ་སྒྲ་སྒྱུར་བ་ནམ་མཁའ་བཟང་པོ་ལ་ཀཱ་ལ་པ་དང་། ཙནྡྲ་པ་ལ་སོགས་པ་གསན་ནས་མཁས་པར་མཁྱེན་ཀྱང།  དངོས་སུ་ཞལ་གྱིས་མི་བཞེས་སོ། །   
    དེ་ཡང་རང་ཉིད་ལ་སྙན་ངག་མེ་ལོང་མ་ལ་སོགས་པ་སྙན་ངག་གི་གཞུང་ལུགས་རྣམས་གསན་ནས་ཐུགས་སྦྱོང་མཛད་པས་ཤིན་ཏུ་མཁས་པར་གྱུར་ནས། དེ་དུས་དབྱངས་ཅན་མའི་བསྟོད་པ། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག །ཅེས་སོགས་མཛད་པས་རྒྱན་གྱི་ཉམས་འཆར་ཞེས་གྲགས་སོ། །དེའི་ཕྱི་ལོར། སྤྱན་སྔ་གྲགས་པ་བྱང་ཆུབ་སྐུ་གཤེགས་ནས་མི་དཔོན་བླ་དཔོན་རྣམས་ཀྱིས་རྣམ་ཐར་ཞིག་རྩོམ་པར་ཞུས་པར་རྟོགས་བརྗོད་ལྷུན་པོ་ཞེས་པ་བརྩམས་པས། འདི་ལས་ལྷག་པའི་སྙན་ངག་མེད་ཅེས་གྲགས་སོ། །ཕྱིས་དབྱངས་ཅན་མ་བསྒྲུབས་པས་གསང་ཕུར་ཞལ་གཟིགས་པ་ནས་བཟུང་སྟེ། རྟག་པར་རྗེས་སུ་བཟུང་བས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཤིན་ཏུ་རྒྱས་ཤིང་། ཁྱད་པར་དུ་རང་ཉིད་ཀྱིས་མཛད་པའི་ཡོ་ག་དང་། བླ་མེད་ཆོས་སྐྱོང་ལ་སོགས་པའི་དབྱངས་དང་། མགུར་མ།  ཆོས་གཞས་ལ་སོགས་པ་སྙན་ཞིང་ཤིན་ཏུ་འཇེབས་པས་གཞན་ལས་ཁྱད་པར་དུ་འཕགས་པར་གདའ། དེ་ཡང་ཡོ་ག་ལ་སོགས་པའི་དབྱངས་ཆེན་པོ་རྣམས་ནི། བརྗིད་པའི་མཐར་ཐུག་པར་སྣང་།(3) ཞེས་གསུངས་པ་སོགས་ལ་དཔགས་ཏེ་བཤད་རྒྱུན་ལ་ཆ་བཞག་ན། སྙན་ངག་གསན་སྐབས་དགུང་གྲངས་ཉེར་བཞི་ཡིན་པས། དགུང་ལོ་ཉེར་བཞི་ཉེར་ལྔ་ཙམ་ལ་བརྩམས་པར་སྣང་ལ། ཡང་། བསྟན་བཅོས་འདི་རྩོམ་པའི་ཡུལ་ཆོས་གྲྭ་ཆེན་པོ་བདེ་བ་ཅན་ཡིན་པ་དང་།  དགུང་གྲངས་སོ་གཉིས་པ་ས་འབྲུག་(ཕྱི་ལོ༡༣༨༨) ལོར། ལེགས་བཤད་གསེར་ཕྲེང་གི་འཕྲོ་མཛད་ཅིང་། མཇུག་བདེ་བ་ཅན་དུ་རྫོགས་པར་མཛད་པ་དང་། ཕར་ཕྱིན་གྱི་རྣམ་བཤད་གྲགས་ཅན་འདི་མཛད་པའི་ཚེ་ན་མངོན་རྟོགས་རྒྱན་གྱི་བཤད་བྱའི་མདོ། ཉི་ཁྲི་དང་། ཁྲི་བརྒྱད་སྟོང་པ། བརྒྱད་སྟོང་པ་གསུམ་གའི་ནང་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་ཐར་ཐོན་པ་གཟིགས་ཤིང་། མངོན་རྟོགས་རྒྱན་གྱིས་ཤེར་ཕྱིན་གྱི་མདོའི་དོན་ཀུན་བསྡུས་ན་ཡང་། གླེང་གཞི་དང་། རྗེ་བཙུན་གྱིས་ཞུས་པ། རྟག་ཏུ་ངུ་དང། ཆོས་འཕགས་ཀྱི་ལེའུ། ཤེར་ཕྱིན་ཡོངས་གཏད་ཀྱི་ལེའུ་རྣམས་མ་བསྡུས་པའི་རྒྱུ་མཚན་སོ་སོར་ཡོད་ཅིང་། རྟག་ཏུ་ངུ་དང་། ཆོས་འཕགས་ཀྱི་ལེའུ་མ་བསྡུས་པའི་རྒྱུ་མཚན་ནི། དེ་གཉིས་སློབ་མ་དང་དགེ་བའི་བཤེས་གཉེན་གྱི་རྣམ་ཐར་བསྟན་པ་ཡིན་པས་དེ་ཡང་མ་འོངས་པ་རྣམས་ལ་དེ་ལྟར་སློབ་པའི་ཆེད་དུ་སྔོན་བྱུང་བ་བསྟན་པ་ཡིན་པས་གོ་སླ་བ་ལ་དགོངས་ནས་མ་བསྡུས་ནའང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་སྟོན་པའི་དགེ་བའི་བཤེས་གཉེན། དེ་ཚུལ་བཞིན་འཚོལ་བའི་སློབ་མས་ལུས་དང་སྲོག་ལ་མི་ལྟ་བར་དཀའ་བ་སྤྱོད་དགོས་པ། དཔེར་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་འཕགས་པ་ཆོས་འཕགས་འཚོལ་བ་བཞིན་ནོ། །ཞེས་རྗེས་འཇུག་གདུལ་བྱས་ཤེས་པའི་ཆེད་དང་། ཕར་ཕྱིན་ཐེག་པ་དང། རྡོ་རྗེ་ཐེག་པ་གང་གི་སྐབས་སུ་ཡང་། དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ཡོན་ཏན་དང་དངོས་གྲུབ་ཀུན་གྱི་རྩ་བར་གཟིགས་པར་མ་ཟད། དེའི་དཔེ་མཚོན་དུ་རྟག་ཏུ་ངུས་འཕགས་པ་ཆོས་འཕགས་བསྟེན་པ་ལྟ་བུ་བསྟེན་དགོས་པའི་དགོངས་བཞེད་ཧ་ཅང་གསལ་ཏེ། ཁོང་གི་བཀའ་རྩོམ་ཐོག་མཐའ་བར་གྱི་སྨོན་ལམ་ལས།
    རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར། །ལུས་སྲོག་ལོངས་སྤྱོད་ཀུན་གྱིས་གཡོ་མེད་པར། །
    བཤེས་གཉེན་དམ་པ་ལེགས་པར་མཉེས་བྱས་ནས། །མི་མཉེས་སྐད་ཅིག་ཙམ་ཡང་མི་བྱེད་ཤོག།།
    ཟབ་ཞི་སྤྲོས་དང་བྲལ་བའི་ཤེར་ཕྱིན་དོན། །ལོག་རྟོག་དྲི་མའི་ཆུ་ཡིས་མ་བསླད་པར། །
    ཇི་ལྟར་རྟག་ཏུ་ངུ་ལ་བསྙད་པ་ལྟར། །དེ་ལྟར་བདག་ལ་རྟག་ཏུ་འདོམས་པར་ཤོག།།(4)ཅེས་དང་། ཅོ་ཙ་བཀའ་བཅུ་པ་ཡོན་ཏན་རྒྱལ་མཚན་ལ་གདམས་པའི་ཡི་གེ་ལས། དམ་པ་རྣམས་ལས་ལེགས་བཤད་གཏམ། ། ཇི་སྲིད་མ་ཐོས་དེ་སྲིད་དུ།  །དཀའ་བ་སྤྱོད་པ་མི་གཏོང་བ།  །དེས་ནི་དེ་ལ་དོན་ཆེན་བྱེད།  །ལོ་བདུན་འདས་ནས་ཆོས་འཕགས་ཀྱིས།  །ནམ་ཞིག་ཆོས་སྟོན་འགྱུར་ཞིག་གུ།  །སྙམ་ནས་དུས་འདས་རྟག་ཏུ་ངུ།  །ཆོས་ཐོས་གྱུར་ཚེ་ཏིང་འཛིན་གྱི།  །སྒོ་མཐའ་ཡས་པ་ཐོབ་པ་ཡང་། །མ་འོངས་སྐྱེ་བོ་ལ་བསྟན་ཕྱིར། །རྒྱལ་བ་མཁྱེན་ཅིང་གཟིགས་པ་དེས།  །གསུངས་པ་རྣམས་ཀྱང་བསམ་པར་རིགས།  །(5)ཞེས་གདམས་པ་སོགས་ཀྱིས་ཤེས་ལ། དེ་ལྟར་དགོངས་ནས་བདེ་བ་ཅན་དུ་སྙན་ངག་གི་བསྟན་བཅོས་ཆེན་པོ་འདི་བརྩམས་པ་ཡང་ཡིན་སྲིད་དེ། དབྱངས་ཅན་མའི་བསྟོད་རྩོམ་དང། སྙན་རྩོམ་འདི་དག་གིས་རྐྱེན་བྱས་ཏེ། དགུང་གྲངས་སོ་གསུམ་པ་ས་བྱི་ (ཕྱི་ལོ༡༣༨༩) ལོར། རྣམ་ཐར་དད་པའི་འཇུག་ངོགས་ལས། ལྷག་པར་ཡང་དེའི་ཚེ་བླ་མ་འདི་ཉིད་ངག་གི་ལྷ་མོ་དབྱངས་ཅན་མས་རྗེས་སུ་བཟུང་བར་གྲགས་ཤིང། དེའི་རྗེས་གནང་ཞུ་བ་གར་བྱོན་དུ་མང་བ་ཞིག་འོང་ཞེས་གྲགས་སོ་ཞེས་དང་། དགུང་ལོ་སོ་བཞི་པ་ལྕགས་རྟ་(ཕྱི་ལོ༡༣༩༠) ལོར། ཡང་དེ་ཉིད་ལས། དེའི་དུས་རྗེ་འདིའི་ཞབས་འབྲིང་ལ་ཡོད་པའི་སྔ་ཕྱི་དཔོན་ཆེན་པ་བསོད་ནམས་གྲགས་དང་། མདོ་སྨད་པ་དགེ་བཤེས་ཤེས་རབ་གྲགས། ཞེས་པ་གཉིས་ཀྱིས་བླ་མ་དབུ་མ་པ་བརྩོན་འགྲུས་སེངྒེ་བདེ་མཆོག་སྟེང་ཞེས་པའི་དབེན་གནས་ཤིག་ན་བཞུགས་པའི་དྲུང་དུ་མཇལ་བ་ལ་བྱོན། ཆོས་འབྲེལ་ཞུས། གསུང་གླེང་བྱུང་བས། ཁོང་བ་ན་རེ། ངེད་ཁྱེད་ཀྱི་སློབ་དཔོན་དེ་ལ་དབྱངས་ཅན་མའི་རྗེས་གནང་ཞིག་ཞུ་དགོས་གསུངས། དེ་ནས་ཁོང་བ་དང་རྗེ་འདི་བ་ཞལ་འཛོམས་མཛད་དེ། རྗེ་འདི་ལ་དབྱངས་ཅན་མའི་རྗེས་གནང་ཞུས།  བླ་མ་དབུ་མ་པ་ཁོང་རང་ལ་མདོ་ཁམས་ན་ཕྱུགས་མ་སྐྱོང་བའི་དུས་ཉིད་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་ནར་མར་འོང་ཚུལ་དང། དེ་ལ་སྔ་ཕྱི་བརྟགས་པ་བྱས་ཚུལ་ལ་སོགས་པ་ཞིབ་པར་ཞུས་ནས་ད་དུང་ངེད་འདི་ལ་གཏིང་ནས་ངེས་པ་རྙེད་པ་མེད་པས་བརྟག་དཔྱད་ཡང་དག་ཅིག་ཐུགས་ལ་འདོགས་པར་ཞུ།
    ད་ལན་ཡང་རྗེ་བཙུན་གྱི་སྐུའི་སྣང་བ་དེའི་གསུང་ནས།  རང་རེ་ལ་དབྱངས་ཅན་མའི་རྗེས་གནང་ཞུ་བ་ལ་རྒྱུགས་གསུངས་ནས་འོངས་པ་ཡིན།(6) ཞེས་གསུངས་པ་དང་། ཡི་གེ་བ་ནི། བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་ངག་མཁན་ཚ་ཁོ་ངག་དབང་གྲགས་པའོ་ཞེས་མཇུག་བྱང་དུ་གསུངས་པ་ལ་དཔགས་ན། ཚ་ཁོ་བ་ནི་ཕྱི་ལོ་ ༡༤༡༠ ལོར། མདོ་སྨད་དུ་ཕེབས་འདུག་པ་དང་། རྗེ་རིན་པོ་ཆེས། སྤྱིར་བློན་པོ་མགར་གྱི་གདུང་རྒྱུད་ལས་འཁྲུངས་པ་དཔལ་ལྡན་ས་སྐྱའི་པཎྚིཏ་ཆེན་པོ་ཀུ་མཱ་ར་མ་ཏི་སྟེ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་མདུན་ནས་ཀྱང་ཐུན་མོང་གི་རིག་གནས་ལ་སྦྱངས་ཤིང། ཁོང་གི་ཐུགས་འདུན་ལ་དང་པོར་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་རྒྱུན་འཛིན་པ་ཆེན་མོ་ལོ་ཆེན་བྱང་ཆུབ་རྩེ་མོ་ལས་སྙན་ངག་མེ་ལོང་མ་སྦྱངས་པར་དགོངས་ཀྱང་། དེ་བ་དགུང་ལོ་མཐོ་དྲགས་པས་ཉུང་ངུ་ཙམ་ལས་སྦྱངས་མ་ཐུབ་པས་དེ་ཉིད་ཀྱི་སློབ་མ་སྐད་གཉིས་སྨྲ་བའི་དབང་པོ་ནམ་མཁའ་བཟང་པོ་ལས་ཕྱི་ལོ་ ༡༣༨༠ ལོར། སྙན་ངག་མེ་ལོང་མ་གསན་བཞེས་མཛད་པ་སོགས་གུང་བསྒྲིགས་ན། རྟོགས་བརྗོད་འདི་ཕྱི་ལོ་ ༡༣༨༠ ནས་ ༡༤༡༠ བར་གྱི་ལོ་གང་རུང་ཞིག་ཏུ་བརྩམས་པ་ཐག་བཅད་ཆོག   དེ་ལས་ཀྱང་དགུང་གྲངས་ཉེར་ལྔ་ཡས་མས་སམ། སུམ་ཅུ་སོ་གཉིས་གཡས་གཡོན་ཞིག་ལ་མཛད་པར་རྗེས་སུ་དཔོག་ནུས་སོ། །དེ་ལྟར་ན།  གྲོགས་འཕགས་པ་སྐྱབས་ཀྱིས་(7)བསྟན་བཅོས་འདི་དགུང་ལོ་ཉི་ཤུ་པར་བརྩམས་པ་དང་སྙན་ངག་མེ་ལོང་མ་ཆ་ཚང་སྦྱངས་ནས་རྩོམ་རྩལ་རྫོགས་པའི་རྟགས་སུ་ཆེད་དུ་མཛད་པ་ཡིན་ཞེས་བཤད་པ་ནི་ལོ་ཚིགས་འགལ་བ་དང། ལྷག་པར་དུ་དགུང་ལོ་ཉི་ཤུ་པར་བརྩམས་ཟེར་བ་ལ་ཁུངས་ཡོད་མེད་བཙལ་དགོས་སོ། །《སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་》ནི། དགུང་གྲངས་སོ་གཅིག་པ་མེ་ཡོས་ (ཕྱི་ལོ༡༣༨༧) ལོར་བརྩམས་པར་གསལ་བས། ཡོངས་གྲགས་སུ་རྗེ་རིན་པོ་ཆེའི་གསུང་གི་རྟོགས་བརྗོད་གཉིས་བརྩམས་པའི་གོ་རིམ་ཡང་དཔྱད་དགོས་སོ། །
    རྟག་ངུའི་རྟོགས་བརྗོད་རྩོམ་སྐུལ་བྱེད་མཁན་ནི། མཇུག་བྱང་དུ།   དལ་འབྱོར་གྱི་ལྷུན་པོ་བསླབ་གསུམ་ནོར་བུའི་ཡོན་ཏན་དུ་མས་བརྗིད་ཅིང་། ལུང་དང་རིགས་པ་བསྟན་པ་རྒྱ་མཚོའི་དཔལ་ལས་འཁྲུངས་པ། དགེ་བའི་བཤེས་གཉེན་བྱང་ཆུབ་བླ་མས་བསྐུལ་ནས་ཞེས་གསལ་ལ། རྟོགས་བརྗོད་བརྩམས་གྲུབ་ནས་བསྐུར་བའི་ཆབ་ཤོག་ཅིག་(8)སྣང་ན་ཡང་དུས་ཚོད་གསལ་ཁ་མི་སྣང་ལ། ཆབ་ཤོག་དེའི་མཇུག་ཏུ།་་་་་་ཞེས་འཕྲིན་ཡིག་སྐྱེས་ཀྱི་བརྡ་མཚོན་པར་རྟག་ཏུ་ངུའི་རྟོགས་པ་བརྗོད་པ་དང་། ངེད་རང་གི་གོན་འཕྲོའི་རིང་འགག་ཅིག་ལ་ཐེའུ་ཙེ་འདི་འབྱར་བ་འབུལ་ཞེས་གསལ་ལ། ད་དུང་དེའི་ནང་དུ། འདི་དག་རྒྱས་པར་ཚུལ་ཁྲིམས་ལེའུའི་རྣམ་བཤད་དང་། ལམ་གྱི་རིམ་པར་བཤད་ཟིན་པས་འདིར་མ་སྤྲོས་སོ་ཞེས་འབྱུང་བ་ལ་དཔགས་ན། བསྟན་བཅོས་སྔ་མ་དགུང་ལོ་ཞེ་བདུན་པ་ཆུ་ལུག་ (ཕྱི་ལོ་༡༤༠༣) ལོ་དང་། ཕྱི་མ་ལམ་རིམ་ཆེན་མོ་ནི་དགུང་ལོ་ཞེ་དྲུག་པ་ཆུ་རྟ་ (ཕྱི་ལོ༡༤༠༢) ལོར་བརྩམས་པས་རྟག་ངུའི་རྟོགས་བརྗོད་དེའི་སྔ་ཕྱི་འདི་ཙམ་ཞིག་ལ་བརྩམས་པ་ཡིན་ནམ་སྙམ་ན་ཡང་། སྐུལ་བ་པོར་ཕྱིས་སུ་བསྐུར་བ་ཡང་སྲིད་པས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་ལ། ཡང་། རྩོམ་སྐུལ་གྱི་ཚེ་ལུང་དང་རིགས་པ་བསྟན་པ་རྒྱ་མཚོའི་དཔལ་ལས་འཁྲུངས་ཞེས་གསལ་བ་དང་། ཆབ་ཤོག་གི་འགོར། ཟབ་མོ་རྡོ་རྗེ་ཐེག་པ་དང་། རྒྱ་ཆེ་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་ཀྱི་གཞུང་ལུགས་ལ་བློ་གྲོས་ཀྱི་སྣང་བ་རྒྱས་ནས་དེ་དག་གི་དོན་ལ་སྒྲུབ་པ་སྙིང་པོར་མཛད་པ་བཤེས་གཉེན་ཆེན་པོ་བྱང་ཆུབ་བླ་མ་སྐུ་ཁམས་བཟང་ཞིང་ཞེས་བཀོད་པར་གཞིགས་ན། སྐུལ་བ་པོ་བྱང་ཆུབ་བླ་མ་ཁོང་སྐུལ་བ་ཞུས་པའི་ཚེ་ཐོས་པ་འཚོལ་བའི་སྐབས་དང་། ཕྱིས་རྟོགས་བརྗོད་བསྐུར་བའི་ཚེ། མདོ་སྔགས་ཡོངས་རྫོགས་ལ་སྒྲུབ་པ་སྙིང་པོར་མཛད་དེ་བྱ་བྲལ་ལ་བཞུགས་པའི་སྐབས་ཤིག་ཀྱང་ཨེ་ཡིན་སྙམ་པ་དབང་མེད་དུ་བློ་ལ་འཆར་ཏེ། གང་ཡིན་ཞེ་ན། ཆབ་ཤོག་ནང་བྱང་ཆུབ་བླ་མའི་དྲི་བ་དང་། རྗེ་རིན་པོ་ཆེའི་དྲིས་ལན་གྱི་བབ་ལ་བལྟས་ན་ཡང་ཡིད་ལ་འཆར་རྒྱུ་ཞིག་འདུག་གོ །

ཁ རྟོགས་བརྗོད་འདིའི་རྩོམ་ཁུངས།

    རྟོགས་བརྗོད་འདིའི་བརྗོད་དོན་གྱི་རྩོམ་ཁུངས་ཨ་མ་དེ་གང་ཡིན་ཞེ་ན། བོད་དུ་འགྱུར་བའི་ཤེར་ཕྱིན་གྱི་མདོའི་གྲས་སུ་བཞུགས་པ། ཉི་ཁྲི་དང་། ཁྲི་བརྒྱད་སྟོང་པ་དང་། བརྒྱད་སྟོང་པ་གསུམ་གྱི་ནང་དུ་རྟག་ཏུ་ངུའི་རྣམ་ཐར་ཐོན་འདུག་ཀྱང་། ལྷ་སའི་བཀའ་འགྱུར་དཀར་ཆག་ལས། ཀླུ་སྒྲུབ་ཀྱིས་ཀླུའི་གནས་ནས་སྤྱན་དྲངས་པའི་ཚེ། བྱམས་ཞུས། ཆོས་འཕགས། རྟག་ངུ། ཡོངས་གཏད་དེ་ལེའུ་བཞི་ཀླུས་མ་བསྐུར་བས་མ་ཚང་བ། ཕྱིས་ཉི་ཁྲི་དང་། བརྒྱད་སྟོང་པའི་ནང་ནས་ཁ་བསྐངས་པའི་ལུགས་ཀྱང་ཡོད་དོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པའི་སྐབས་སུ་ཀླུ་རྣམས་ཀྱིས་མ་བསྐུར་ཞིང་། ཞེས་ཉི་ཁྲི་སོགས་ནས་ཁ་བསྐངས་པའི་གསུང་སྒྲོས་ཤིག་སྣང་ཡང་། གང་ལྟར་ད་ལྟ་བོད་འགྱུར་ཉི་ཁྲི་ཡི་ནང་དུ་ལེའུ་དོན་བཞི་པ་རྟག་པར་རབ་ཏུ་ངུ་བའི་ལེའུ་དང་། སོ་གཅིག་པ་ཆོས་ཀྱི་འཕགས་པའི་ལེའུ་གཉིས། ཁྲི་བརྒྱད་སྟོང་པའི་ནང་དུ་གྱ་ལྔ་པ་རྟག་ཏུ་ངུ་དང་། གྱ་དྲུག་པ་ཆོས་འཕགས་ཀྱི་ལེའུ་གཉིས་དང་། བརྒྱད་སྟོང་པའི་ནང་ལེའུ་སུམ་ཅུ་པ་རྟག་ཏུ་ངུ་དང་། སོ་གཅིག་པ་ཆོས་འཕགས་ཀྱི་ལེའུ་བཅས་སུ། རྟག་ངུའི་རྣམ་ཐར་ཆ་ཚང་རེ་བཀོད་འདུག དེར་མ་ཟད། མདོ་སྡུད་པའི་ནང་དུ་ཡང་རྟག་ཏུ་ངུའི་སྐོར་བསྡུས་ཡོད་པས། འགའ་ཞིག་གིས། ཉི་ཁྲི་དང་། ཁྲི་བརྒྱད་སྟོང་པ་དང་། བརྒྱད་སྟོང་པ་གསུམ་ཁོ་ནར་འདོད་པ་ཡང་ཁྱབ་ཆུང་ངམ་སྙམ།  
    འགྱུར་བྱང་དངོས་མ་བཀོད་ཀྱང་། ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པའི་དུས་སུ་བསྒྱུར་བ་བཞུགས་སོ། །ཞེས་ཀྱང་འབྱུང་ཞིང་། ཁྲི་བརྒྱད་སྟོང་པ་ལ་ཡང་དེ་དང་གཅིག་མཚུངས་བཀོད་འདུག་ཀྱང་། སྒྱུར་མཁན་ལོ་ཙཱ་བའི་མཚན་མ་རྙེད།
    བརྒྱད་སྟོང་པ་ནི། རྒྱ་གར་གྱི་མཁན་པོ་ཤཱཀྱཱ་སེ་ན་དང་། ཛྙཱན་སིདྷི་དང་། ལོ་ཙཱ་བ་བན་དེ་དྷརྨ་ཏཱ་ཤཱི་ལ་སོགས་ཀྱིས་ཐོག་མར་བསྒྱུར་ཅིང་། ཕྱིས་སུ་ལོ་ཆེན་རིན་ཆེན་བཟང་པོས་(༩༥༨–༡༠༥༥) འགྱུར་བཅོས་ལན་གཉིས་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་(༡༠༠༤–༡༠༦༤) གྱིས་ལན་བཞི། ལོ་ཆེན་བློ་ལྡན་ཤེས་རབ་ (༡༠༥༩–༡༡༠༩) ཀྱིས་འགྱུར་བཅོས་ལན་གཅིག་བཅས་གནང་བར་སྡེ་དགེ་དཔར་མའི་འགྱུར་བྱང་དུ་གསལ།  གང་ལྟར་དུས་རབས་བརྒྱད་པ་ཙམ་ནས་རྟག་ཏུ་ངུའི་རྣམ་ཐར་འདི་བོད་ཡིག་ཏུ་མཇལ་རྒྱུ་བྱུང་བ་དང་། སྔ་ཕྱིའི་ལོ་ཙཱ་བ་མང་པོ་ཞིག་གིས་འགྱུར་བཅོས་གནང་བའི་དབང་གིས་མདོ་དེ་གསུམ་དུ་བཀོད་པའི་རྟག་ཏུ་ངུ་དང་། ཆོས་འཕགས་ཀྱི་ལེའུར་རྩ་བའི་བརྗོད་དོན་ཐད་མང་ཉུང་གང་ཡང་མེད་ཀྱང་། འགྱུར་ཚིག་ལ་ཅུང་མི་འདྲ་བ་བྱུང་བ། དཔེར་ན། ཉི་ཁྲིའི་ནང་། རབ་འབྱོར། རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་དཔའ་ཆེན་པོས། སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་བ་ན་ལུས་ལ་མི་ཕངས་པ་དང། སྲོག་ལ་མི་ལྟ་བ་དང་། རྙེད་པ་དང་བཀུར་བསྟི་དང་། གྲགས་པ་ལ་མི་གནས་པས་བཙལ་ཏེ། ཞེས་དང་། ཁྲི་བརྒྱད་སྟོང་པའི་ནང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྟག་ཏུ་ངུ་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་འཚོལ་བ་ན། ལུས་ལ་ཆེས་ཆེར་མི་འཛིན། སྲོག་ལ་མི་ལྟ། རྙེད་པ་དང་། བཀུར་བསྟི་དང་། ཚིགས་སུ་བཅད་པ་དག་ལ་མི་གནས་པས་ཡོངས་སུ་བཙལ་བ་དང་། ཡོངས་སུ་བཙལ་ཏོ་ཞེས་པ་ལྟ་བུའི་འགྱུར་ཁྱད་ཡོད་པར་སྣང། དེ་ལྟར་ན། གྲོགས་འཕགས་པ་སྐྱབས་ཀྱིས་(9)རྟོགས་བརྗོད་འདིའི་བརྗོད་བྱའི་རྟེན་ཁུངས་ནི། ཤེར་ཕྱིན་གྱི་གཞུང་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་《འཕགས་པ་བརྒྱད་སྟོང་པ་》ཞེས་བྱ་བ་དེ་ཉིད་ཡིན་ལ་ཞེས་དེ་ཉིད་ཀྱི་སྒྲ་སྦྱར་ནས་བཤད་འདུག་པ་ཡང་དཔྱད་པ་དཔྱིས་ཕྱིན་པ་མ་བྱས་པའི་རྟགས་སུ་ཤེས་དགོས་སོ། །
དེས་ན་རྗེ་རིན་པོ་ཆེས་སྙན་ངག་མེ་ལོང་མ་མ་གསན་གོང་དུ་ཕར་ཕྱིན་གྱི་གསན་བསམ་མཐར་ཕྱིན་ཏེ་གྲྭ་སྐོར་གནང་གྲུབ་པ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བའི་ཆེད་དུ་དཀའ་བ་སྤྱད་ཏེ་འཕགས་པ་ཆོས་འཕགས་ཚུལ་བཞིན་དུ་བསྟེན་ཚུལ་ལ་ཐུགས་སྣང་ཤུགས་དྲག་བྱུང་ཞིང་། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་གོ་བའི་ཆེད་དུ།  སྙན་ངག་གསན་རྗེས་དེའི་དོན་རྟོགས་བརྗོད་རྩོམ་རིག་གི་ངོ་བོར་བརྩམས་པའམ། ཡང་ན། ལེགས་བཤད་གསེར་ཕྲེང་རྩོམ་སྐབས་ཤེར་ཕྱིན་གྱི་མདོ་རྣམས་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་དག་ལ་གཟིགས་རྟོག་མཛད་དེ། དཔེར་ན། མཇུག་ཡོངས་གཏད་ཀྱི་ལེའུར། ཀུན་དགའ་བོ།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་ན་ཇི་སྲིད་དུ་ཡོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་བཞུགས་པར་རིག་པར་བྱའོ། །ཀུན་དགའ་བོ་དེ་སྲིད་དུ་དེ་བཞིན་གཤེགས་པས་ཆོས་སྟོན་པར་རིག་པར་བྱའོ། །ཞེས་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱལ་བས་ཆོས་ཇི་སྙེད་ཅིག་བཀའ་བསྩལ་བ་རྣམས་ཀྱི་ནང་ནས་རབ་དང་།   ཕུལ་དང་།   གྱ་ནོམ་པར་གཟིགས་ཏེ་ཆོས་འདི་དང་འདི་སྟོན་པའི་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ཏེ། དོན་དུ་གཉེར་དགོས་པ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་པར་ཐར་པ་བཞིན་བསླབ་དགོས་སོ། །ཞེས་གདུལ་བྱ་རྣམས་ལ་འདོམས་པའི་དོན་དུ། དེའི་དོན་སྙན་ཚིག་གི་ལམ་དུ་དྲངས་པའི་རྟོགས་བརྗོད་འདི་བརྩམས་པ་ཡིན་ཞེས་ཤེས་པར་བྱའོ། །
    རྣམ་པ་གཅིག་ཏུ་ན། རྗེ་རིན་པོ་ཆེས་སྙན་ངག་གསན་སྦྱོང་གནང་སྐབས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སོགས་ལ་ཟུར་གཟིགས་གནང་མྱོང་སྲིད་ལ། སྙན་ངག་གི་བསྟན་བཅོས་དེར་ཆོས་རྒྱལ་དགེ་བའི་དབང་པོས་མནལ་ལམ་གྱི་ཚུལ་དུ་བཅོམ་ལྡན་འདས་ཞལ་གཟིགས་ནས་རྩོམས་ཤིག་ཅེས་བཀས་བསྐུལ་བ་དང་དུ་བཞེས་ཏེ། ལེའུ་བརྒྱ་དང་རྩ་བདུན་མཛད་ལ། བཀྲ་ཤིས་གྲངས་ངེས་ཀྱི་ཕྱིར་ལེའུ་གཅིག་སྲས་ཟླ་བའི་དབང་པོ་ལ་རྩོམས་ཤིག་གསུངས་པ་ལྟར་བརྩམས་པ་དང་། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས། ཤོ་ལོ་ཀ་སུམ་སྟོང་ཕྱེད་དང་བཞི་སྟེ་བམ་པོ་བཅུ་གཉིས་མ་ལོངས་པ་རྒྱ་གར་གྱི་མཁན་པོ་བིདྱཀར་སིཾཧ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་མཉྫུཤྲཱི་ཝརྨས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེ་དག་ཏུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་མེད་པ་གཟིགས་པས་ཀྱང་རྐྱེན་བྱས་ཏེ་བརྩམས་པའང་ཡིན་སྲིད་དེ། རྟག་ངུའི་རྟོགས་བརྗོད་འདིའི་མཇུག་ཏུ་ཡང་།
སྨྲ་བའི་གཙུག་རྒྱན་དཔལ་ལྡན་དཔའ་བོ་ཡིས། །སྔོན་དུས་རྒྱལ་བ་ཁོ་ནའི་མཛད་པ་རྣམས། །
ལེགས་པར་བསྔགས་ནས་རྒྱལ་སྲས་མཆོག་འདི་ཡི། །རྟོགས་བརྗོད་རེ་ཞིག་བཏང་སྙོམས་བཞག་པ་ན། །
སྙན་དངགས་རྒྱ་མཚོར་ཡང་ཡང་སོན་པའི་མཁས་པའི་དེད་དཔོན་བྲལ་བ་རྣམས། །རླབས་ཆེན་སྤྱོད་པ་ཟབ་དང་རྒྱ་ཆེའི་ཆུ་གཏེར་ངམ་ནག་འདི་མཐོང་ཚེ། །
ཤིན་ཏུ་འཇིགས་ནས་ཡུན་རིང་དོར་བ་འདི་ཡི་བློ་ཡིས་མ་བཟོད་ནས། །དཔའ་བོ་ཞེས་གྲགས་དེད་དཔོན་མཆོག་དེས་སླར་ཡང་ཚུལ་འདིར་ཞུགས་པར་གྱུར། ། ཞེས་འབྱུང་བའང་འདིའི་དཔྱད་པའི་གཞིར་འོས་སོ། །

ག རྟོགས་བརྗོད་རྩོམ་རིག་གི་འཕེལ་རིམ།

    སྤྱིར་བཏང་སྒྲུང་དང་།   གཏམ་རྒྱུད།  ལོ་རྒྱུས།  རྣམ་ཐར་དང་རྟོགས་བརྗོད་སོགས་ཐ་སྙད་ཀྱི་རྣམ་གྲངས་མི་འདྲ་བ་མང་པོ་ཡོད་པ་དེ་དག་གི་དོན་ལ་འདྲ་ས་དང་མི་འདྲ་ས་མང་པོ་ཡོད་ཅིང། ཁྱད་པར་ཡང་ཡོད་དེ། སྒྲུང་ནི། བོད་སྐད་ཀྱི་བརྡ་རྙིང་པའི་གྲས་ཤིག་ཡིན་ལ། བྱ་ཚིག་འདིའི་དོན་ནི། སྔོན་གྱི་ལོ་རྒྱུས་ཡིད་ཆེས་ཀྱི་གནས་སུ་བྱེད་འོས་པའི་གྲས་གང་ཞིག་ལ་རབ་བཏགས་སམ། མཛེས་ཆོས་ཀྱི་ཚིག་དོན་དུ་མས་རབ་ཏུ་ཕྱུག་པར་བྱས་པའི་རིགས་ཨ་ཁུ་སྟོན་པ་དང་། ཉི་ཆོས་བཟང་པོ། མི་རོ་གསེར་སྒྲུང་། མཆིལ་བའི་སྒྲུང་། སྤྲེའུ་དང་རི་བོང་གི་སྒྲུང་ལྟ་བུ་ཡིན་ལ།
    གཏམ་རྒྱུད་ནི། དམངས་ཁྲོད་ཀྱི་ངག་རྒྱུན་དུ་གྲགས་པའི་ལོ་རྒྱུས་དང་སྒྲུང་སོགས་ཀྱི་སྤྱི་མིང་ཡིན། དཔེར་ན། བྱ་སྤྲེལ་གྱི་གཏམ་རྒྱུད་དང་། མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི་བྲིས་རྩོམ་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལྟ་བུའོ། །
    ལོ་རྒྱུས་ནི། མི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་ཁམས་ཀྱི་འདས་ཚར་བའི་སྔོན་བྱུང་གི་བྱ་བའམ་སྔོན་བྱུང་གི་གནས་ཚུལ་བཀོད་པའི་ཡི་གེ་སྟེ་གཙོ་ཆེར་ལོ་ཚིགས་དེད་ནས་བྱུང་རབས་གླེང་བའི་ཡི་གེའི་མིང་ཡིན།
    རྣམ་ཐར་ནི། རྗེ་རིན་པོ་ཆེ་རྣམ་ཐར་ཆེན་མོ་ལས།(10) དེ་ལ་སྤྱིར། དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ཞེས་པ་ནི། འཁྲུངས་རབས་ཀྱི་ཕྲེང་བ་སྔོན་མའམ་སྐུ་ཚེ་འདི་ཉིད་གང་ཡིན་ཡང་རུང་སྟེ། གང་ཟག་ཕལ་བ་གཞན་ལས། ཁྱད་པར་དུ་འཕགས་ཤིང། ངོ་མཚར་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང། ལྷག་པར་རྒྱལ་བའི་བསྟན་པ་ལ་ཐོས་པ་དང་བསམ་པ་དང་སྒོམ་པ་རྣམ་པར་དག་པ་མཛད་པའི་ཚུལ་དང་། དེ་ལ་བརྟེན་ནས། མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་དང། བཙུན་པའི་ཡོན་ཏན་སྡོམ་པ་གསུམ་གྱི་བཅས་པའི་མཚམས་ལས་མི་འདའ་བ། གྲུབ་པའི་ཡོན་ཏན་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཚུལ། བཟང་པོའི་ཡོན་ཏན་མཁས་གྲུབ་ཀྱི་ལག་རྗེས་བསྟན་པ་དང་། འགྲོ་བ་ཡོངས་ལ་སྨན་པའི་འཕྲིན་ལས་རླབས་པོ་ཆེ་ཇི་ལྟར་མཛད་ཚུལ་ལ་སོགས་པ་རྣམས་ངག་གི་ཕྲེང་བར་སྤེལ་བ་ལས། མཐོང་བ་དང་ཐོས་པའི་གདུལ་བྱ་གང་གི་རྒྱུད་ལ་བཅོས་མ་མ་ཡིན་པའི་དད་པ་དང་གུས་པ་གོང་ནས་གོང་དུ་འཕེལ་ཞིང། དེ་ལ་བརྟེན་ནས། གདུལ་བྱ་དེ་དག་གིས་ཀྱང་རྣམ་པར་ཐར་བའི་ཚུལ་དེ་ལ་སྨོན་ལམ་ཚུན་ཆད་ཀྱིས་འཇུག་པར་འགྱུར་བའི་ལེགས་བཤད་དེ་ལྟ་བུ་ལ་རྣམ་པར་ཐར་པ་ཞེས་བརྗོད་པ་ཡིན་གྱི། དེ་ལས་གཞན་དུ་གང་ཟག་རང་ག་བ་དག་གིས་ཚེ་འདིར་དགྲ་འདུལ་གཉེན་སྐྱོང་དང་། ཚོང་ཁེ་སྤོགས་སོགས་ཀྱི་ནོར་སྒྲུབ་ཚུལ། དགེ་བ་ལྟར་སྣང་འགའ་ཙམ་བྱས་ཚུལ་སོགས་ལ་རབ་བཏགས་ཀྱི་ཚིག་གིས་བརྒྱན་ཏེ། འཇིག་རྟེན་པ་རྣམས་ཡ་མཚན་སྐྱེ་ཐབས་ཙམ་དུ་སྤེལ་བ་དག་ནི། གཏམ་རྒྱུད་ཀྱི་གྲངས་སུ་གཏོགས་པ་ཙམ་ལས། རྣམ་པར་ཐར་པ་ཞེས་པའི་གྲངས་སུ་མི་འགྲོ་ལ། དེར་མ་ཟད། རྣམ་ཐར་དགོད་ཡུལ་བདག་ཉིད་ཆེན་པོ་ཡིན་དུ་ཟིན་ཀྱང་རྩོམ་པ་པོ་རྣམ་དཔྱོད་དང་མི་ལྡན་པའི་བྱེད་ལས་ལ་བརྟེན་ནས་དམ་པའི་ཡོན་ཏན་མཁས་བཙུན་བཟང་གསུམ་སོགས་ལས་བརྩམས་པ་ཆེར་མེད་པར་གདུལ་བྱར་བསྙད་པའི་འདི་ནས་འདིར་ཕེབས་དང་། འདི་ནས་འདིར་བཞུགས། མཇལ་ཁ་འདིར་གནང། འབུལ་བ་འདི་བྱུང་སོགས་གཙོ་བོར་བཏོན་པ་ཙམ་གྱིས་གདུལ་བྱའི་རྒྱུད་ལ་དད་གུས་ཆེར་བསྐྱེད་མི་ནུས་པས་དེ་དག་རྣམ་ཐར་གྱི་གྲངས་སུ་གཏོགས་པ་ཡིན་ཤས་ཆེ་རུང། རྣམ་ཐར་གྱི་དོན་ཇི་བཞིན་ནི་མ་ཚང་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཐར་པ་ཞེས་པའི་དོན་དངོས་ནི། བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་དེ་ལ་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་པ་དང། ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྱུར་བ་ཞིག་དགོས་པའི་ཕྱིར་ཞེས་གསུངས་པ་ལྟར་གྱི་ལོ་རྒྱུས་ཀྱི་ཡི་གེ་ཞིག་ལ་ཟེར།
    རྟོགས་བརྗོད་ནི། ཨ་བ་དཱ་ནཾ་སྟེ། མ་རྟོགས་པའི་དོན་དཔེ་དང་བཅས་གསལ་པོར་སྟོན་པའི་སྡེ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་རྟོགས་པ་བརྗོད་པའི་སྡེ་ནི། འདུལ་བའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་སོ། །
དེས་ན། རྣམ་ཐར་དང་རྟོགས་བརྗོད་གཉིས་ལས་རྟོགས་བརྗོད་ཁྱབ་ཆེ་བ་ཡང་ཤེས་ནུས་ཏེ། རྟོགས་བརྗོད་ལ་རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་སོགས་ཀྱང་ཡོད་པས་སོ། །
    གཞིས་བཞུགས་གཞོན་སྐྱེས་རྩོམ་རིག་ཉམས་ཞིབ་པ་ཁ་ཤས་ཀྱིས། གཅིག་གི་སྐད་ཆ་གཅིག་གིས་ལད་ཟློས་བྱས་ནས། དུས་རབས་བཅུ་གསུམ་པར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རིང་ལ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ (ཕྱི་ལོ༡༢༤༠–) གྱིས་རྒྱ་གར་དུ་དུས་རབས་བཅུ་གཉིས་པའི་སྨད་ཙམ་དུ་སློབ་དཔོན་དབྱུག་པ་ཅན་གྱི་མེ་ལོང་མ་བོད་སྐད་དུ་བསྒྱུར་བ་ལས་བོད་ཀྱི་རྩོམ་རིག་གི་གོམ་པ་གསར་པ་སྤོས་ཤིང་། འཕེལ་རྒྱས་ལ་སྐུལ་འདེད་དང་། ཤུགས་རྐྱེན་ཆེན་པོ་ཐེབས་ཚུལ་ནན་བརྗོད་བྱེད་བཞིན་ཡོད་མོད། དོན་དངོས་ཐོག་སྙན་ངག་མེ་ལོང་མ་ཕྱི་ལོ ༡༢༨༠ ལོར་བསྒྱུར་བ་དེའི་གོང་དུ། ས་སྐྱ་པན་ཆེན་གྱི་མཁས་འཇུག་སོགས་གསུང་འབུམ་ཁྲོད་དུ་བཞུགས་པའི་སྙན་རྩོམ་ཁག་དང་། སྐད་གསར་བཅད་སྔོན་གྱི་སྒྱུར་ཡིག་སྙན་རྩོམ་རཱ་མཱ་ཎའི་རྟོགས་བརྗོད་སོགས་ཡོད་པ་མ་རྟོགས་ཤིང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དེ་སྙན་ངག་མེ་ལོང་མའི་སྔོན་དུ་བསྒྱུར་ཟིན་པ་(11)སོགས་ལ་ཐུགས་སྣང་མ་གནང་བ་ནི་ཞིབ་ཆ་མ་ཐོན་པའི་གཏམ་ཟློས་པ་ཙམ་དུ་ཟད་དོ། །
    གྲོགས་པོ་རབ་གསལ་ལགས་ཀྱིས་(12)རྗེ་རིན་པོ་ཆེས་རྟོགས་བརྗོད་འདི་བརྩམས་པ་ནི། བོད་ཀྱི་མཁས་པས་རྟོགས་བརྗོད་རང་རྩོམ་དུ་མཛད་པའི་ཐོག་མ་ཡིན་ཚུལ་སྐོར་མང་པོ་བྲིས་འདུག་པ་ནི་ཅུང་ཟད་ཐག་གཅོད་སྔ་དྲགས་པ་མིན་ནམ་སྙམ་སྟེ། གང་ཡིན་ཞེ་ན། ཆག་ལོ་ཙཱ་བས་མཛད་པའི་《གནས་བཅུའི་རྟོགས་བརྗོད་》ཅིག་ཡོད་པར་དུང་དཀར་རིན་པོ་ཆེས་མཛད་པའི་དཔེ་རྒྱུན་དཀོན་རིགས་སྡུད་རུབ་མཛད་པའི་ཐོ་ཡིག་(13)ནང་གསལ་ལ། དེ་ལྟར་ན། ཆག་ལོ་ཆོས་རྗེ་དཔལ་བ་ནི། ཕྱི་ལོ་༡༡༩༧–༡༢༦༤ བར་གྱི་ལོ་ཙཱ་བ་ཡིན་པས། སྙན་ངག་མེ་ལོང་མ་དང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་མ་བསྒྱུར་གོང་དུ་བྱོན་པའི་མཁས་པ་ཞིག་ཡིན་ལ། ད་དུང་དེ་ལས་གཞན་ཡང་རྗེ་རིན་པོ་ཆེའི་སྔོན་གྱི་ས་སྐྱའི་མཁས་པ་ཁ་ཤས་ཀྱིས་བྲིས་པའི་རྟོགས་བརྗོད་ཀྱང་ཡོད་སྲིད་པ་ཞིག་རེད་འདུག །
    ཀརྨ་རང་བྱུང་རྡོ་རྗེས་ (༡༢༨༤–༡༣༣༩) སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པའི་མཇུག་མཐུད་དེ་སྐྱེས་རབས་བརྒྱ་པ་བརྩམས་གནང་ན་ཡང་། དེ་ལ་རྟོགས་བརྗོད་ཀྱི་ཐ་སྙད་མ་བྱས་ཤིང་། སྒྱུར་ཡིག་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་རྗེས་ནས་རྗེ་རིན་པོ་ཆེས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་བརྩམས་གནང་མཛད་པའི་བར་ལོ་ངོ་བརྒྱ་ཕྲག་ཙམ་གྱི་རིང་རྟོགས་བརྗོད་ཀྱི་ཐ་སྙད་མཛད་པའི་བོད་རང་གི་མཁས་པས་བརྩམས་པའི་རྩོམ་རིག་ཧ་ཅང་ཉུང་ལ། དེས་ན། རྟག་ཏུ་ངུའི་རྟོགས་བརྗོད་དཔག་བསམ་ལྗོན་པ་དང་། སྤྱན་སྔ་གྲགས་བྱང་བའི་རྟོགས་བརྗོད་ལྷུན་པོ། རྗེ་རང་གི་རྟོགས་བརྗོད་འདུན་ལེགས་མ་རྣམས་ནི་བོད་ཀྱི་མཁས་པས་བརྩམས་པའི་རྟོགས་བརྗོད་སྔ་ཤོས་ཀྱི་གྲས་ཡིན་པའང་ཤེས་དགོས་སོ། །
    དེ་ནས་རིམ་པར། རྗེ་རིན་པོ་ཆེའི་དངོས་སློབ་ཞང་ཞུང་ཆོས་དབང་གྲགས་པས་(ཕྱི་ལོ་༡༤༠༤–༡༤༦༩) ཕྱི་ལོ་ ༡༤༣༨ ལོར་རཱ་མཱ་ཎའི་རྟོགས་བརྗོད་བརྩམས་ཤིང་། རྗེ་འདི་ནི་ཐ་སྙད་ཀྱི་གཙུག་ལག་མ་ལུས་པ་ལ་དབང་འབྱོར་བས་དགེ་ལྡན་པའི་བསྟན་པ་འཛིན་པའི་ནང་ན་སྙན་ངག་ལ་འདི་ལས་མཁས་པ་མ་བྱུང་སྐད། ཡང་ཁོང་གིས་མཛད་པའི་ལོ་ཆེན་རིན་ཆེན་བཟང་པོའི་རྟོགས་བརྗོད་ཅིག་ཀྱང་ཡོད། 
    ས་པཎ་གྱིས་རྟོགས་བརྗོད་སྐལ་བཟང་ལེགས་ལམ། སྡེ་བ་རིན་སྤུངས་པ་ངག་དབང་འཇིག་རྟེན་གྲགས་པས་ (ཕྱི་ལོ་༡༤༨༢–) ༡༥༡༩ ལོར་རྒྱལ་བུ་དགའ་བྱེད་ས་སྐྱོང་གི་རྟོགས་བརྗོད་བརྩམས་པ་དང།  ཇོ་ནང་པ་ལོ་ཆེན་ཏཱ་ར་ན་ཐས་ (ཕྱི་ལོ༡༥༦༥–༡༦༣༤) རང་རྣམ་ཞིབ་མོ་མ་བཅོས་ལྷུག་པོའི་རྟོགས་བརྗོད་དང་ཆོས་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན་གཉིས་བརྩམས། འཁྲུངས་རབས་ཞིང་བཀོད་ཀྱི་འབྲི་ཚུལ་གྱི་རྟོགས་བརྗོད་ཁ་བྱང་དང་བཅས་པ་ཀུན་གཟིགས་ལྔ་བ་ཆེན་པོས་ (༡༦༡༧–༡༦༨༢) བརྩམས།
    བཀའ་བློན་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས་ (ཕྱི་ལོ་༡༦༩༧–༡༧༦༣) མི་དབང་ཕོ་ལྷ་བའི་རྟོགས་བརྗོད་ཕྱི་ལོ་ ༡༧༣༣ ལོར་གྲུབ། རང་རྣམ་བཀའ་བློན་རྟོགས་བརྗོད་ཕྱི་ལོ་༡༧༦༢ ལོར་བརྩམས། སྤྲིན་གྱི་བཞོན་པའི་རྟོགས་བརྗོད། རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མས་ (ཕྱི་ལོ་༡༦༨༦–) བརྩམས། བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ (༡༧༡༤–༡༧༦༢) བརྩམས། གཞོན་ནུ་ནོར་བཟང་གི་རྟོགས་བརྗོད་དང། ལྕང་སྐྱ་རོལ་བའི་རྡོ་རྗེའི་རྟོགས་བརྗོད་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (ཕྱི་ལོ༡༧༣༧–༡༨༠༢) བརྩམས། སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་བརྗོད་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་(ཕྱི་ལོ༡༧༦༢–༡༨༣༦) གྱིས་བརྩམས། 
    སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་མཁྱེན་བརྩེའི་འོད་ཟེར་འཇིགས་མེད་གླིང་བས་ (ཕྱི་ལོ་༡༧༢༩–༡༧༩༨) བརྩམས། བྱང་ཆུབ་སེམས་དཔའ་ཞི་བ་ལྷ་དང་སྐྱེ་རྒུའི་བདག་མོའི་རྟོགས་བརྗོད་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས། བྱང་ཆུབ་སེམས་དཔའ་སྟག་མོ་ ལུས་སྦྱིན་གྱི་རྟོགས་བརྗོད་མ་རི་ཙི་ཊས་བརྩམས།
    རྟོགས་བརྗོད་གསེར་གྱི་མེ་ཏོག་མ་ཧཱ་པཎྚི་ཏ་སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱིས་(༡༨༨༡–༡༨༤༤) ༡༩༣༦ ལོར་བརྩམས།  རིགས་ལྡན་རྟོགས་བརྗོད་ཆེན་མོ་མཧཱ་པཎྚི་ཏ་རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོས་ (༡༨༩༨–༡༩༤༦) བརྩམས། རྟོགས་བརྗོད་དངུལ་གྱི་མེ་ཏོག་དཔལ་ཚེ་ཏན་ཞབས་དྲུང་ངམ་༧འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་ (༡༩༡༠–༡༩༨༥) པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ ༡༩༨༠ ལོར་འཁྲུངས་ཡུལ་དུ་ཕེབས་ཚུལ་ལས་བརྩམས་གནང་བ་སོགས་སྔོན་བྱོན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པ་ཚོས་བརྗོད་བྱ་བརླིང་ཞིང། རྗོད་ཚིག་སྙན་པ། སྔར་སྲོལ་བཟང་པོའི་རྩོམ་རྒྱུན་གྱི་ཉམས་དང་ལྡན་པ། ནང་དོན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ལ་རྩོམ་ལུས་ཐད་བཅད་ལྷུག་སྤེལ་མའི་རྒྱུན་སྲོལ་གྱི་རྩོམ་འགྲོས་ལེགས་ཤིང། རྩོམ་རྩལ་བྱང་བ་དང་། རྩེར་སོན་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པས་སྤྲས་པ། ཀློག་པ་པོའི་ཡིད་ཀྱི་བརྟན་པ་འཕྲོག་པ་མཇལ་ན་ཤེས་ཤིང་། གོང་སྨྲས་དེ་དག་ནི་ཡོངས་གྲགས་འགའ་ཞིག་དཔེ་མཚོན་དུ་བཀོད་པ་ཡིན་གྱི། ད་དུང་གཏིང་ཟབ་ལ་རྒྱ་ཆེ་བའི་རྟོགས་བརྗོད་རྩོམ་རིག་གཅིག་ལས་གཅིག་ལྷག་ཅིང་སྙན་པ་མང་དུ་ཡོད་པ་ནི་སྨོས་ག་ལ་དགོས།

ང། སྙན་ངག་དང་ཚིག་རྒྱན་གྱི་ཁྱད་པར།

    སྤྱིར་སྙན་ངག་དང་སྙན་དངགས་ཀྱི་ཐ་སྙད་གཉིས་ནི། བརྡ་གསར་རྙིང་གི་ཁྱད་པར་ཡིན་ཞེས་བདག་གི་བླ་མ་ཡབ་སྲས་དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་སྙན་ངག་སྤྱི་དོན་དང་། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་ཚངས་སྲས་བཞད་པའི་སྒྲ་དབྱངས་སོགས་ལས་གསུངས་ལ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་ (༡༤)དུ། སྤྱིར་སྙན་ངག་ཅེས་པ་ནི། རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག་སྦྱོར་ལ་ཟེར་ཞིང། དེའི་བསྟན་བཅོས་ལ་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་དང། གཞུང་དེ་དང་མཐུན་པར་སྦྱར་བའི་སྙན་ངག་གི་བསྟན་བཅོས་གཉིས་ཡོད་པས་《སྙན་ངག་མེ་ལོང་》ནི་སྙན་ངག་གི་གཞུང་ཡིན་གྱི། སྙན་ངག་དངོས་མིན་ལ། 《སྐྱེས་རབས་དཔག་བསམ་འཁྲི་ཤིང་》ལྟ་བུ་ནི་སྙན་ངག་ཡིན་ཀྱང་སྙན་ངག་གི་གཞུང་མིན་ནོ། །འགའ་ཞིག་ཏུ་སྙན་དངགས་ཞེས་འབྱུང་བ་ནི། སྙན་ངག་གི་ཚིག་སྦྱོར་བཟང་པོ་འབྱུང་བར་བྱེད་པའི་གཞུང་ཡིན་པའི་ཆ་ནས་བཏགས་པ་ཡིན་པས། སྙན་ངག་མེ་ལོང་ནི། དས་འཕུལ་ཅན་གྱི་སྙན་དངགས་དང་དཔག་བསམ་འཁྲི་ཤིང་དང། སྐྱེས་རབས་སོ་བཞི་པ་སོགས་དས་འཕུལ་མེད་པའི་སྙན་ངག་ཏུ་བཞག་ན་ལེགས་སོ་ཞེས་གསུངས་པ་ལྟར་ན། རྟག་ངུའི་རྟོགས་བརྗོད་འདི་ལྟ་བུ་ལ་ཡང་དས་འཕུལ་མ་བཞག་ན་ལེགས་པའི་དགོངས་པ་བཞེས་བཞིན་ཡོད་པ་འདྲ་ཡང་། རྗེ་རིན་པོ་ཆེས་སྙན་དངགས་ཞེས་དས་འཕུལ་བྲིས་འདུག
ཡང་། མཁས་པ་འགའ་ཞིག་གིས། སྙན་ངག་གི་གཞུང་ལ་སྙན་ངག་དང་སྙན་ངག་གི་གཞུང་ལས་བྱུང་བའི་རྒྱན་གྱིས་བཅིངས་པའི་བསྟན་བཅོས་ལ་སྙན་དངགས་ཞེས་ཐ་སྙད་འདོགས་དགོས་པའི་དགོངས་ཚུལ་བཏོན་ཡོད།
སྙན་ངག་དང་ཚིག་རྒྱན་ལ་ཁྱད་པར་ཡོད་མེད་རྟོག་ཞིབ་གནང་མཁན་སྤོབས་པ་དང་རྣམ་དཔྱོད་ཡངས་པ་ཡོངས་སུ་གྲགས་པ་འགའ་ཞིག་གི་གསུང་ཚུལ་ལ་བརྟག་ན། བོད་ཀྱི་སྐུ་གཤེགས་སྙན་ངག་པ་དོན་གྲུབ་རྒྱལ་(༡༥)གྱིས།  སྙན་ངག་ནི། ལུས་གང་ཡང་རུང་བ་ཞིག་ལ་བརྗོད་བྱའི་དོན་ནམ་སྲོག་བཟང་པོ་ཞིག་ཡོད་དགོས་པར་མ་ཟད།  དེ་ལ་གསོན་ཉམས་དང་ལྡན་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པར་འདོད་པ་དང་། ཚིག་རྒྱན་ནི།   ལུས་ཏེ།   མིང་དང་།  ཕྲད་ཀྱི་སྦྱོར་ཚུལ་སུམ་རྟགས་དག་གསུམ་གྱི་གཞུང་དང་མཐུན་ལ།  ཚིག་གི་སྡེབ་སྦྱོར་ལ་སྙན་པའི་ཉམས་ཆ་ཐོན་པ་ཞིག་ལ་བཤད།
    བརྗོད་བྱའི་དོན་ནམ་སྲོག་བཟང་པོ་དེ་སྐད་ཆའི་སྒྱུ་རྩལ་གྱི་ལམ་ལ་བརྟེན་ནས། བོས་ན་ཨ་ལན་སྟེར་བ་དང་། བལྟས་ན་རིག་ཏུ་ཡོད་པ། རེག་ན་ལག་པས་ཟིན་པ་ལྟ་བུའི་གསོན་ཉམས་ལྡན་པར་བཤད་ལ། སྲོག་བཟང་པོའི་ལུས་མཛེས་པ་དེ་དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན་ལ་སོགས་པས་སྤྲས་ཏེ། སྟངས་སྟབས་སྒྱུར་ཤེས་པ་ཞིག་བྱེད་དགོས་པར་འདོད། དེས་ན། སྙན་ངག་རྩོམ་ན་ཚིག་རྒྱན་ལ་རག་ལས་པ་དང་། སྙན་ངག་བཟང་པོའི་ནང་དུ་ཚིག་རྒྱན་གྱི་རོ་འདྲེས་པ་ཡིན་པས་རྣམ་པ་གཅིག་ཏུ་ན།  འདི་སྙན་ངག་ཡིན་ལ་ཚིག་རྒྱན་མིན་པ་དང་། ཡང་ན། དེ་ཚིག་རྒྱན་ཡིན་ལ་སྙན་ངག་མིན་ཞེས་ཁ་ཚོན་གཅོད་པ་ནི་ཤིན་ཏུ་དཀའ་བའི་གནས་ཡིན།  ཡིན་ན་ཡང་།  སྙན་ངག་གི་རྩོམ་དང་ཚིག་རྒྱན་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། དཔེར་ན།  སྔ་མ་ནི་ལས་སྣོན་བྱས་ཟིན་པའི་དངོས་རྫས་དང་འདྲ་ཞིང་།  ཕྱི་མ་ནི་དངོས་རྫས་དེ་ལས་སྣོན་བྱེད་པའི་ཐབས་ཡིན་པ་ལྟ་བུའོོ། །ཞེས་དང་། འཇུ་སྐལ་བཟང་(1༦) གིས། སྤྱིར་སྙན་ངག་ཅེས་པ་བོད་ལྟར་ན་གང་ཞིག་ཚིག་སྦྱོར་ལེགས་ཤིང་། ཉམས་ཁྱད་པར་ཅན་དང་ལྡན་ལ།  ཚིག་རྒྱན་སྣ་ཚོགས་ཀྱིས་བཅིངས་པའི་ངག་གི་ཕྲེང་བའམ་ལས་སྤྱི་སྟེ་དེ་ལྟ་བུའི་བཅད་ལྷུག་སྤེལ་མ་ཀུན་ལ་གོ་(རྒྱ་ཆེར་གོ་བ)བའི་སྐབས་ཤིག་དང་།  དེ་ཙམ་དུ་མ་ཟད་པའི་ཚིག་སྡུད་མང་ཞིང།  ལུས་ངེས་པར་དུ་ཚིགས་སུ་བཅད་པའི་རྣམ་པ་ཞིག་ལ་གོ་(རྒྱ་ཆུང་བར་གོ་བ) བའི་སྐབས་ཤིག་སྟེ། གཉིས་ཡོད་ཚོད་འདྲ་ཞེས་གསུངས། བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། ཚིག་རྒྱན་ཞེས་པའི་ཚིག་ནི་ངག་ཚིག་གི་སྦྱོར་བ་སྟེ་སྐད་ཆ་ལ་གོ་དགོས་ཤིང་།  རྒྱན་ཞེས་པ་ནི་སྐད་ཆ་མཛེས་པར་བྱེད་པའི་ཆ་དེ་ལ་གོ་དགོས་ཏེ།  བརྗོད་འདོད་ཀྱི་དངོས་པོ་གང་ཞིག་དོན་གསལ་ཞིང་མཚར་ཉམས་ལྡན་པའི་སྒོ་ནས་གསལ་བར་བྱེད་པའི་ཆེད་དུ་ཚིག་གི་ཉམས་སྣ་ཚོགས་འདོན་པའི་ཐབས་དེ་ལ་ཚིག་རྒྱན་ཟེར་རོ། །ཞེས་དང། སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོར། སྨྲ་བའི་ཚིག་རྣམས་ལ་ཡིད་དུ་འོང་བའི་ཁྱད་པར་འདོན་པའི་ཐབས་ཞེས་གསུངས། གང་ལྟར། ངག་གི་རྒྱུན་གང་ཞིག་ལ་སྒྲ་དང་དོན་གྱི་རྣམ་པ་རྗོད་ཚིག་དག་ཅིང་གསལ་ལ། སྙན་ཞིང་ཡིད་གར་འོང་བ་དང་། གསོན་ཉམས་ལྡན་པའི་ངག་གི་ཡོན་ཏན་སྣ་ཚོགས་སྐྱེད་པར་བྱེད་པའི་ཐབས་ཀྱི་ཆ་དེ་ཚིག་རྒྱན་དང་། ཐབས་དེ་ལས་བྱུང་བའི་རྣ་བར་སྙན་ཞིང་འཇེབས་ལ་ཡིད་འཕྲོག་པའི་རྗོད་ཚིག   རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་ཚིག་སྡུད་ཤས་ཆེ་ཞིང་སྡེབ་སྦྱོར་གྱི་འགྲོས་ལེགས་པ། ལུས་ཚིགས་སུ་བཅད་པ་མང་བའི་ཆ་ནས་བཞག་པའི་བརྗོད་འདོད་ཀྱི་དོན་ཕུལ་དུ་བྱུང་བའི་ཉམས་དུ་མ་དང་ལྡན་པར་མཚོན་པའི་ངག་ཚིག་གི་རྒྱུན་ནམ་ཕྲེང་བ་དེ་ལ་སྙན་ངག་ཅེས་འབོད།
    འགའ་ཞིག་གིས། སྙན་ངག་དང་ཚིག་རྒྱན་ལ་ཁྱད་པར་མེད་པར་འདོད་པ་ནི། མི་འཐད་དེ། རྟག་ཏུ་ངུའི་རྟོགས་བརྗོད་འདིའི་མཇུག་ཏུ། སྙན་དངགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལས་བློའི་སྣང་བ་ཐོབ་པ་ཞེས་དེ་གཉིས་སོ་སོར་བགྲངས་པ་ལ་དགོས་པ་ཡོད་པའི་ཕྱིར་རོ། །འདིར་ཞར་ལ་ཤེས་དགོས་རྒྱུ་ཞིག་ལ།   མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། ཕྱི་ལོ་ ༡༩༨༠ ལོའི་ལོ་གསར་སྐབས་བྲིས་པའི་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ཀྱི་རྩོམ་པ་པོའི་གླེང་གཞིའི་ནང། ལྷག་པར་དུ། རང་རིགས་ཀྱི་བློ་མཐུན་ཉུང་ཤོས་ཤིག་གིས་ཀྱང། བོད་ཀྱི་སྙན་ངག་ནི། རྒྱ་གར་མཁས་པའི་སྙན་ངག་ལ་ལད་ཟློས་བྱས་པ་ཙམ་ཞིག་ཡིན་སྟབས། ནང་དོན་གསོན་ཉམས་ལྡན་པ་དང་། ཚིག་སྦྱོར་སྙན་ཞིང་ཉམས་འགྱུར་ལྡན་པའི་བོད་ཀྱི་སྙན་ངག་ནི་དབུལ་པོའི་ཕྱེ་ཁུག་ནང་གི་ཕྱེ་ལས་དཀོན་པ་རེད་ཅེས་མངོན་སུམ་འཛེམས་མེད་ཀྱིས་བཤད་པའི་གཏམ་མང་པོ་ཞིག་ཁོ་བོས་ཐེངས་ཁ་ཤས་ལ་དངོས་སུ་ཐོས་ཞེས་པར་གཞིགས་ན་ཕྱི་ལོ་ ༡༩༧༠ དོན་གྲངས་དང། བརྒྱད་ཅུའི་ནང་བོད་ནང་དུ། བོད་ཀྱི་སྲོལ་རྒྱུན་སྙན་ངག་རྣམས་སྙན་ངག་མེ་ལོང་མ་བསྐྱར་ཟློས་བྱས་པ་ཙམ་ཞིག་ཏུ་ངོས་འཛིན་གྱིས། བོད་ཀྱི་སྙན་ངག་གི་ཁ་ཕྱོགས་དང་རྩ་གནད་ལ་རྣམ་པ་གསར་པ་མེད་པ་དང། བོད་རང་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་སྙན་ངག་གི་གཞུང་ལུགས་དང། བསྟན་བཅོས་དགོས་པའི་རེ་བ་འདོན་མཁན་བྱུང་འདུག་པར་གསལ་བ་དང།  དེ་སྔ་ལོ་རབས་བརྒྱད་ཅུ་པའི་ནང་རྒྱ་གར་དུ།  མཁས་དབང་ཟམ་གདོང་རིན་པོ་ཆེས་གླུ་ཐར་སྦྱར་མའི་གླེང་བརྗོད་དུ།(༡༧) ལོ་བརྒྱ་ཕྲག་བཅུ་པའི་རྗེས་སུ་རིམ་པས་དར་རྒྱས་སུ་སོང་བའི་ཚིག་རྒྱན་གྱི་རྣམ་གཞག་དང་། རྩོམ་འགྲོས་གསར་པ་ཇི་སྙེད་ཅིག་བྱུང་བ་ཐམས་ཅད།  བོད་སྐད་ཀྱི་བགོ་སྐལ་དུ་མ་ཐོབ་པས་འུ་ཅག་ད་དུང་ཡང་དཎྜིའི་བཞེད་དགོངས་འབའ་ཞིག་ཨ་འཐས་སུ་བཟུང་སྟེ་ཚིག་དོན་རྒྱན་གྱི་གོམ་སྟབས་ལོ་ངོ་སྟོང་ཕྲག་འདས་པའི་དུས་ཀྱི་ཡོལ་བའི་ཕག་ནས་སྒྱུར་གྱིན་གདའ། ཞེས་ཕྱི་ལོ་ ༡༩༨༣ ལོའི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་གསུངས་ཏེ།      བོད་ཀྱི་རྩོམ་རིག་གི་འཕེལ་འགྲོས་རྣམ་པ་དང། རྣམ་གྲངས་སོགས་སྒོ་དང་ཕྱོགས་ཐམས་ཅད་ནས་གསར་གཏོད་གནང་དགོས་པའི་ཐུགས་རེ་གནང་འདུག 
    ཡང་ལོ་དེར། མཁས་དབང་སངས་རྒྱས་ཀྱིས།   ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ཏུ།  སྔར་ནས་ད་བར་མཁས་པ་ཕལ་ཆེར་ནི།  རྩོམ་གྱི་ལག་ལེན་ཁྲོད་དུ།   བོད་རང་ལ་གཏན་འཇགས་སུ་གནས་པའི་ཚིག་རྒྱན་ཅི་རིགས་ཐོགས་རྡུགས་མེད་པར་གང་ལ་གང་འཚམ་དུ་སྦྱར་དང་སྦྱོར་བཞིན་ཡོད་ན་ཡང་།  སྙན་ངག་གི་གཞུང་རྩོམ་པའི་ཚེ་ན།  རང་རང་གི་ཁྲིད་རྒྱུན་ལས་འདའ་བར་བྱེད་མི་ཕོད་པས་ཕལ་ཆེར་སྙན་ངག་མེ་ལོང་རྗེས་ཟློས་བྱེད་པ་ཙམ་དུ་ཟད་དེ། ཞེས་བོད་ཀྱི་རྩོམ་རིག་གི་གོམ་པ་མདུན་དུ་སྐྱོད་དགོས་པའི་བསམ་འཆར་བཏོན་འདུག་པ་དང་།  ལོ་དེའི་ཕྱི་ལོར་ངག་གི་དབང་ཕྱུག་དཔལ་དོན་གྲུབ་རྒྱལ་(1༨) གྱིས། སངས་རྒྱས་ལ།
གྲོགས་པོ་ལགས། ཕྲན་གྱིས་བལྟས་ན་དབྱུག་པ་ཅན་གྱིས་སྙན་ངག་མེ་ལོང་ཞིག་བརྩམས་ནུས་ན།  ང་ཚོས་བོད་ཀྱི་ཚིག་རྒྱན་རིག་པའི་མེེ་ལོང་ཞིག་རྩོམ་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད། དེས་ན་བོད་ཀྱི་སྙན་ངག་སྨྲ་བ་རྣམས་ཀྱིས་ཀྱང་སྙན་ངག་མེ་ལོང་མ་གཞིར་བྱས་ཐོག་བོད་ཡིག་གི་ཁྱད་ཆོས་དངོས་དང་ཟུང་འབྲེལ་བྱས་ནས་མི་རིགས་རང་གི་ཚིག་སྦྱོར་མཛེས་བྱེད་ཀྱི་རྒྱན་སྣ་ཚོགས་འཚོལ་སྡུད་དང་དབྱེ་འབྱེད་ལེགས་སྒྲིག་བཅས་བྱས་ནས་རིགས་པས་གཏན་ལ་ཕབ་སྟེ་རང་གི་རྒྱན་ཚང་ཞིང་། གཞན་གྱི་བཅུད་འདུས་པའི་བསྟན་བཅོས་ཤིག་མཛད་ན་ཤིན་ཏུ་ལེགས་ཤིང་རིགས་པ་ཞིག་ཡིན་ཞེས་དང་།  རང་རེའི་མཁས་པ་རྣམས་ལ་ཞན་ཆ་ཞིག་ཡོད་པ་ནི།  རིག་གནས་དང་ལོ་རྒྱུས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱེད་པ་དེ་རེད། སྤྱིར་རྒྱ་གར་དང་བོད་ཀྱི་ཐད་ལ་ཕྱོགས་གང་ཅིའི་ཐད་ནས་འབྲེལ་བ་དམ་ཟབ་ཡོད་མོད། འོན་ཀྱང་། ཡོད་ཚད་རྒྱ་གར་ནས་བྱུང་སྙམ་ན་ང་ཚོ་གཞོན་སྐྱེས་རྣམས་ཀྱི་ངོ་ཚ་ཞིག་ཡིན་པར་མ་ཟད། ང་ཚོ་བོད་མི་རིགས་ཀྱི་ངོ་ཚ་ཞིག་ཀྱང་ཡིན་ཞེས་རྣོ་ངར་ཆེ་ལ། སྤོབས་པ་དང་ཕུགས་བསམ་གྱིས་ཁེངས་པའི་ངར་བསླངས་པ་ལ་བརྟེན་ནས། གཞིས་བཞུགས་ཤེས་ཡོན་ཅན་སྐོར་ཞིག་གིས་སྙན་ངག་མེ་ལོང་མ་ལ་སྐྱོན་བརྗོད་དང་འབྲེལ་བོད་རང་གི་ཐུན་མོང་མ་ཡིན་པའི་སྙན་ངག་དང་། ཚིག་རྒྱན་གྱི་བསྟན་བཅོས་ཤིག་ཡོད་དགོས་པར་འབོད་སྐུལ་གྱི་ཁ་གཡང་མཐོན་པོར་བསྒྲགས་ཤིང་། ཉེ་ལམ་རྒྱ་གར་དུ་ཡང་། མགོ་འབུས་ཙམ་གྱི་དཔྱད་གླེང་གནང་གིན་འདུག་མོད། ད་དུང་ཡང་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་རྒྱ་གར་མཁས་པའི་ཤེས་རིག་གི་ཉིང་བཅུད་འདུས་པའི་བོད་ཀྱི་ཆོས་དང་ཐ་སྙད་རིག་གནས་རྒྱུན་འཛིན་དང་མ་ཉམས་པར་བྱེད་རྒྱུ་ཙམ་ལས། མི་རིགས་གཞན་གྱི་ཤེས་རིག་གི་རོ་ཅུང་ཟད་ཀྱང་མ་འདྲེས་པའི་བོད་རང་གི་རིག་གཞུང་དང་སྙན་ངག་དང་ཚིག་རྒྱན་གྱི་གཞུང་དང་བསྟན་བཅོས་ཤིག་བློས་བསླངས་དང་། བཞེངས་སྐྲུན། ལག་ལེན། འཕེལ་རྒྱས་བཅས་བྱུང་ན་དགའ་བསུ་མི་བྱེད་མཁན་སུ་ཞིག་ཡོད་ཨང་། འོན་ཀྱང་འདི་དང་དེ་ཡོད་དགོས་ཞེས་སྐད་བརྒྱབ་པ་ཙམ་གྱིས་མི་ཕན་པར་རང་ངོས་ནས་གསར་གཏོད་ཀྱི་ལམ་ཁ་བཏོད་རྒྱུ་ནི་གལ་ཤིན་ཏུ་ཆེའོ། །ལྟ་ཚུལ་གསར་པ་ཁྲོམ་དབུས་སུ་བསྒྲགས་པ་ལ། སྤོབས་པ་དང་རྣམ་དཔྱོད་ཟུང་འབྲེལ་ཡིན་དགོས་ཏེ། ཁོངས་ཡངས་པའི་སྤོབས་པ་ཡོད་ན། མགོ་བཙུགས་ཏེ་མཇུག་བསྐྱལ་བ་ལ་འདོར་ལེན་ལ་ཞིབ་ཚགས་ཀྱིས་གདོང་ལེན་བྱེད་ཐུབ་ལ། ཆོས་ཀྱི་རྗེས་སུ་འབྲང་བའི་རྣམ་དཔྱོད་ཡོད་ན།  ད་གཟོད་སྒྲ་དང་ལུང་ཙམ་གྱི་རྗེས་སུ་མི་འབྲང་བར་རིགས་ལམ་ཕུ་འདེད་ཀྱིས་ལེགས་བཅོས་དང། གསར་བརྗེ།  གསར་གཏོད་བཅས་བྱས་ཏེ་ཕུགས་ལ་ཕན་པའི་ལས་དོན་སྒྲུབ་ནུས་པའི་ཕྱིར་རོ། །
    ཉམས་ཞིབ་པ་པདྨ་འབུམ་(1༩)གྱིས་སྲོལ་རྒྱུན་སྙན་ངག་འཛིན་མཁན་རྣམས་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་ཆོས་ལུགས་ཀྱིས་དབང་བསྒྱུར་ཡོད་པས་ཁོང་ཚོས་རང་བྱུང་ཁམས་དང་། སྤྱི་ཚོགས། མི་ཚེ་བཅས་ཀྱི་རྩ་བའི་སྟེང་ནས་ལྟ་སྟངས་མཐུན་པ་དང་། སྙན་ངག་མེ་ལོང་མ་ཁོ་ཚོས་རྩོམ་སྟངས་ཀྱི་ཐུན་མོང་གི་འབྱུང་ཁུངས་སུ་གྱུར་ཡོད་སྟབས། ཁོ་ཚོས་སྙན་ངག་ལ་ཕྱོགས་གཉིས་ནས་ཚད་བཟུང་ཡོད་པ་ཡིན། གལ་ཏེ་བརྗོད་གཞི་གཅིག་སྙན་ངག་མཁན་དུ་མས་སྙན་རྩོམ་དུ་སྤེལ་བ་ཡིན་ན། ཚིག་རིས་ཙམ་མ་གཏོགས་བརྗོད་གཞི་དེ་ལ་ལྟ་སྟངས་དང་།  གོ་རིམ་སྒྲིག་སྟངས་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཤོར་མི་ཐུབ། སྲོལ་རྒྱུན་སྙན་ངག་མཁན་གྱི་སྙན་རྩོམ་དུ། བསྟོད་ཡུལ་དང་བསྟོད་བྱེད་ཙམ་ལ་ཚིག་རིས་ཙམ་མ་གཏོགས་ཐུན་མོང་བ་ཡིན། གལ་ཏེ་སྙན་ངག་དེ་རིགས་ལ་འགྲེལ་བཤད་རྒྱག་དགོས་ཚེ་ཆོས་གཞུང་མང་པོ་ཞིག་འཆད་པ་ལས།  སྙན་ངག་རང་ལོགས་སུ་འཇོག་དགོས་པའི་དུས་ཀྱང་ཤར་བཞིན་ཡོད།
    དཔེར་ན། སྲོལ་རྒྱུན་སྙན་ངག་མང་པོ་ཞིག་གི་ནང་དུ། ཤོ་ལོ་ཀ་འགའ་རེས་ཉུང་ན་ཆད་སྐྱོན་དང་མང་ན་མང་སྐྱོན་མི་མངོན་ལ། ཐ་ན་ཤོ་ལོ་ཀ་ཕན་ཚུན་སྟེང་འོག་བརྗེས་ན་ཡང། གོ་རིམ་འཆོལ་སོང་བའི་ཚོར་བ་མེད་ཅེས་སོགས། ཡོན་ཏན་ལ་སྐྱོན་དུ་བགྲངས་པ་དང།   ཕྱོགས་གཅིག་གི་སྐྱོན་དེ་སྲོལ་རྒྱུན་སྙན་ངག་མཁན་སྤྱི་ལ་འཕངས་པ། བསམ་བློར་ཆོས་ལུགས་ཀྱིས་དབང་བསྒྱུར་ཡོད་ན། སྙན་ངག་དངོས་གནས་ཤིག་འབྲི་བཞེངས་མི་ཐུབ་པ་ལྟ་བུའི་ཟུར་ཟ་གནང་བ་ནི། ཅུང་ཟད་ཐལ་ཆེ་བ་མིན་ནམ་སྙམ་ཡང་། དྲང་ཕྱོགས་རྐྱང་པའི་གོ་བ་བླངས་ན་བདེན་པའི་ཆ་ཡང་ཡོད་སྲིད་པ་ཡིན། གལ་སྲིད་སྲོལ་རྒྱུན་སྙན་ངག་པས་ཡིད་འཕྲོག་པའི་ཚོར་བ་བསྐྱེད་པའི་རྩོམ་ཞིག་འབྲི་མི་ཤེས་ན། དེང་རབས་སྙན་ངག་སྨྲ་བའི་རྒྱལ་པོ་ལོ་ཙཱ་བ་ཆེན་མོ་དགེ་འདུན་ཆོས་འཕེལ་གྱིས།   རྗེ་རིན་པོ་ཆེས་མཛད་པའི་བྱམས་བསྟོད་ཚངས་པའི་ཅོད་པཎ་ཀློག་གིན་ཀློག་གིན་ཐུགས་ཀྱི་ཚོར་བ་ཤུགས་དྲག་ཏུ་གཡོས་ཏེ་སྤྱན་ཆབ་ཡང་ཡང་གསིལ་དོན་ག་ལ་ཡོད། དེ་ཙམ་དུ་མ་ཟད་དགེ་ཆོས་མྱ་ངན་ལས་འདའ་ཁར་རྟེན་འབྲེལ་བསྟོད་པ་སྙན་དུ་སྐྱོར་བས།  སྙན་པ་ལ་སྙན་ཚོད་མེད་པའི་གསུང་སྐད་བྱུང་བ་འདི་ཚོ། སྲོལ་རྒྱུན་སྙན་ངག་ལ་གོ་རྒྱུ་ཚོར་རྒྱུ་དགའ་རབ་ཡོད་པའི་རང་རྟགས་མ་ཡིན་ནམ།

ཅ། མཚན་དོན་ལ་ལྟ་བ།

    བྱ་དངོས་གང་ཞིག་གམ། བསྟན་བཅོས་གང་ཡིན་རུང་དེ་གཞན་དང་མི་ནོར་བ་དང། ངོས་འཛིན་སླ་བའི་ཆེད་དུ་མཚན་ཞིག་གདགས་དགོས་ཏེ། ལང་ཀར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་པ་ལྟར། སྔོན་བྱོན་མཁས་པས་མཛད་པའི་བསྟན་བཅོས་མང་ཉུང་རིང་ཐུང་གང་ཡིན་ཀྱང་མཚན་ཞིག་བཏགས་ཡོད་ལ། བསྟན་བཅོས་དག་ལ་མིང་འདོགས་སྐབས་ཕྱག་ལེན་སྣ་ཚོགས་ཤིག་སྣང་བ། དཔེར་ན། རྒྱ་གར་དུ། འགྲེལ་བ་སངས་རྒྱས་བསྐྱངས་དང་། སྒྲ་མདོ་ཙནྡྲ་པ་ལྟ་བུ་རྩོམ་པ་པོའི་མིང་གིས་བཏགས་པ་དང་། ༸གོང་ས་ལྔ་པ་ཆེན་པོའི་ལམ་རིམ་འཇམ་དཔལ་ཞལ་ལུང་དང་། སི་ཏུའི་ཞལ་ལུང་ལྟ་བུ་ནི་གང་ལ་བརྟེན་པའི་ཁུངས་བསྟན་པའི་སྒོ་ནས་བཏགས་པ་དང་། དག་ཡིག་ངག་སྒྲོན་ལྟ་བུ་བྱེད་ལས་ཀྱི་སྒོ་ནས་བཏགས་པ་དང་། ལང་ཀར་གཤེགས་མདོ་ལྟ་བུ་གནས་ཀྱི་སྒོ་ནས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལྟ་བུ་ཞུ་པ་པོའི་སྒོ་ནས་དང་། སཱ་ལུ་ལྗང་པའི་མདོ་ལྟ་བུ་དཔེ་དོན་སྦྱར་ནས་བཏགས་པ་དང་། བམ་པོ་ལྔ་བཅུ་པ་དང་། སྐྱེས་རབས་སོ་བཞི་པ་ལྟ་བུ་རིམ་པར་བམ་གྲངས་དང་ལེའུ་གྲངས་ཀྱིས་བཏགས་པ་སོགས་སྣ་ཚོགས་སྣང་ལ། བོད་དུ་སྙན་ངག་གི་གཞུང་གི་འཆད་ཉན་དར་རྒྱས་སུ་ཕྱིན་པའི་རྗེས་སུ་བརྩམས་པའི་མཁས་པ་ཚོའི་བསྟན་བཅོས་ཕལ་མོ་ཆེ་ནི། མཚན་གྱི་ཡིག་འབྲུ་མང་ལ་དཔེ་ལ་སྦྱར་ནས་མཚན་བཏགས་པ་མང་ཤོས་སུ་མཐོང། སྙན་ངག་གསར་པ་དར་བའི་རྗེས་སུ་བྱུང་བའི་སྙན་རྩོམ་ཁག་དང་དཔེ་དེབ་ཚོའི་མིང་ནི་ཚིག་འབྲུ་ཉུང་ཞིང། ཡིད་ལ་འཛིན་བདེ་བ་ཞིག་ཡིན་པར་མངོན། གང་ལྟར། བསྟན་བཅོས་འདིའི་མཚན་དངོས་ནི། 《རྟག་ཏུ་ངུའི་རྟོགས་བརྗོད་སྙན་དངགས་དཔག་བསམ་གྱི་ལྗོན་པ།》མདོ་ཉི་ཁྲིའི་ནང། རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་སྣང་ལ། ཁྲི་བརྒྱད་སྟོང་པའི་ནང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྟག་ཏུ་ངུ་ཞེས་གསལ། ལམ་གྱི་རྟོགས་པའི་ཁྱད་པར་བརྒྱད་སྟོང་འགྲེལ་ཆེན་དུ་ཇི་ལྟར་བཀོད་པ་གཤམ་གྱི་མཆན་འགྲེལ་དུ་བཀོད་ཡོད་པ་ལྟར་དང། སྙན་ངག་དང་རྟོགས་བརྗོད་ཀྱི་གོ་དོན་ཡང་གོང་དུ་རྒྱས་བཤད་ཞུས་པ་དེ་ལྟར་ཡིན། དཔག་བསམ་གྱི་ལྗོན་པ་ཞེས་མཚན་གསོལ་བ་ནི། འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་སྟེ། ཤིང་འདིའི་མིང་གཞན་ཡོངས་འདུ་ས་བརྟོལ་ཏེ། འབྲས་བུ་དང་ལོ་མ་ལས་ཟས་གོས་འབྱུང་བའི་ཤིང་ཞིག་སྟེ། སྟོད་ཀྱི་གངས་རི་ནས་བྱང་དུ་ཕྱིན་པའི་དཔག་ཚད་ལྔ་བརྒྱ་འདས་པ་ན། འཛམ་བུ་གླིང་གི་མི་རྣམས་ཀྱིས་ལོངས་སྤྱོད་ཅིང། སྡོང་པོ་མི་ཡུལ་དུ་ཡོད་པ་དང། ཡལ་འདབ་ལྷ་ཡུལ་ལ་བསྙེགས་པ་ཞིག་ཡོད་པ་དེ་ལས་ལྷ་རྣམས་ཀྱིས་ཇི་ལྟར་དཔག་པའམ་བསམ་པ་ལྟར་ལོངས་སྤྱོད་ཀྱི་དངོས་གྲུབ་སྦྱིན་ནུས་པའི་ཤིང་ཞིག་ལ་ངོས་འཛིན་པ་ལྟར། རྟོགས་བརྗོད་འདིའི་བརྗོད་བྱའི་ཆ་ནས་ཆོས་ཚུལ་བཞིན་དུ་སྟོན་པའི་དགེ་བའི་བཤེས་གཉེན་ནི། ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཀུན་གྱི་དངོས་གྲུབ་ཀྱི་རྩ་བར་བསྟན་པ་ཡིན་ཏེ། རྗེ་རིན་པོ་ཆེས། བྱང་ཆུབ་ལམ་རིམ་ཆེན་མོའི་ནང། ས་བཅད་མཛད་སྐབས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང། བསྟེན་ནས་བློ་ཇི་ལྟར་སྦྱོང་བའི་རིམ་པའོ། །ཞེས་གང་ཟག་ཕལ་བ་ཞིག་དང་པོར་ལམ་དུ་མ་ཞུགས་པ་ནས། འབྲས་བུ་ཟུང་འཇུག་གི་གོ་འཕང་ཐོབ་པའི་བར་གྱི་ལམ་ཡོངས་རྫོགས་གོང་གསལ་ས་བཅད་དེ་གཉིས་ཀྱི་ནང་དུ་བསྡུས་ཤིང། བྱང་ཆུབ་ཏུ་བགྲོད་པའི་ལམ་གྱི་རིམ་པ་འདི་གཉིས་ལྕི་ཡང་མེད་པར་ཆ་མཉམ་དུ་གཟིགས་ཤིང་ས་བཅད་མཛད་པས། སྔོན་གྱི་མཁས་པ་རྣམས་ཀྱི་ལྗགས་རྩེར་བླངས་མ་མྱོང་བའི་ལེགས་བཤད་འདིས་རྗེ་རིན་པོ་ཆེ་འཇམ་པའི་དབྱངས་དངོས་ཡིན་པའི་རྟགས་བསྟན་ཡོད་ཅེས་མཁས་པ་རྣམས་ཀྱི་གསུང་རྒྱུན་ལ་སྣང
་བ་དང་། གཞན་ཡང་། སྙན་ངག་གི་བསྟན་བཅོས་ཆེན་པོ་འདི་སྦྱངས་ན། ངག་གི་རང་བཞིན་རྒྱན་གྱིས་བཅིངས་པའི་སྙན་ངག་གི་ཚིག་སྦྱོར་ཇི་ལྟར་དཔག་པ་དང་བསམ་པ་བཞིན་འགྲུབ་པར་བྱེད་ནུས་པའི་ཆ་ནས་ཀྱང་དཔག་བསམ་གྱི་ལྗོན་པ་དང་འདྲའོ། །ཞེས་ཤེས་པའི་ཆེད་དུ་མཚན་བཏགས་པའོ། །
    དཔག་བསམ་ལྗོན་པ་ཏ་ལའི་སྡོང་པོར་འདོད་ཚུལ་ཡང་ཡོད་དེ། ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོ་ཤོག་ངོས་(༢༣༠)ལས། ཏ་ལའི་སྡོང་པོ་དེ་ཐོག་ཚད་བཞི་ལྔ་ཙམ་མཐོ། ཀ་བ་བཞིན་དུ་ཧྲེང་ངེར་ཡོད་ཅིང། རྩེ་ལ་ལོ་མ་སོབ་སོབ་གདུགས་ལྟར་ཆགས་པ་ལས་ཡལ་ག་སོགས་ཤིང་གཞན་པ་ལྟར་མེད། ན་རི་ཀེལ་འདིའི་རྩེ་ལ་ཐོགས། དེའི་ནང་སྙིང་བེད་བྱ་བའི་ནག་པོ་དེ་ཡིན། དེ་ལ་ཏལཀུཙ་སྟེ་ཏ་ལའི་ནུ་མར་ཡང་གྲགས། སྣུམ་ཡང་དེ་ལས་བཙག་ནུས། ནང་ཁོང་དུ་ཆུ་བསིལ་མངར་ཅན་གྱིས་གང་བ་བཏུང་བ་ལ་བཟང། འབྲས་བུ་ཤིན་ཏུ་ཆེ་ཞིང་ལྕི་བས་སྐབས་འགར་མིའི་དཔྲལ་བ་གཞོམ་སྟེ་གསོད། ཁང་པ་རྫ་ཕག་གི་ཐོག་ཅན་གྱི་སྟེང་དུ་ལྷུང་ན་ཡང་སྐབས་འགར་ཐོག་ཕུག་སྟེ་འགྲོ། སིངྒ་ལར་སྡོད་ཚེ་སྐབས་ཤིག་མཚན་མོ་ངེད་ཀྱི་ཁང་སྟེང་དུ་ཡང་ལྷུང་ནས་སྲོག་ཉེན་ཆེ་བ་ཞིག་བྱུང། ཏལཀུཙ་ལས་ཚོད་མ་ཡང་བྱེད། དེའི་པགས་པ་ལས་རས་ལྡེ་འཐག་པའི་རྩྭ་ཕྲ་མོ་འབྱུང། སིངྒ་ལ་ན་ཏ་ལའི་ནགས་ཚལ་ཆེན་པོ་གྲོང་དང་རི་ཐང་མེད་པར་ཡོད་ཅིང། ཐམས་ཅད་ཀྱིས་བཀོལ་ལུགས་སྣ་ཚོགས་བྱས་ཏེ་ལོངས་སུ་སྤྱོད་པས་ཏ་ལའི་ཤིང་ལ་སིངྒ་ལའི་དཔག་བསམ་ལྗོན་པར་འབོད། བེ་ཏའི་ཕྱི་ཤུབས་སྐམ་ན་ཤིན་ཏུ་མཁྲེགས་ཤིང་དབྱིབས་མིའི་ཐོད་པ་མངོན་སུམ་ལྟ་བུ་ལ་ནང་གི་རྩ་རྒྱུས་ཀྱི་རི་མོ་ཙམ་གསལ་བས། རྒྱུད་ལས་བཏུང་སྣོད་དུ་བསྔགས། སློང་མོ་བ་དང་མུ་སྟེགས་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་ཀྱང་དེ་བཏུང་སྣོད་དུ་བྱེད། ལར་ཏལ་བྱ་བ་ཤིང་འབྲས་འདིའི་མིང་ཡིན་ཞིང། དེ་བཞིན་རྒྱ་ཤུག་ཨམྲ་སོགས་ཤིང་འབྲས་ཀྱི་མིང་ཡིན་པས་ཏ་ལའི་སྡོང་པོ་ཞེས་མ་སྨྲས་ན་ཏལ་ནི་ནརཀེལ་ཉིད་ལ་གོ  དེའི་ཕྱིར་བྱ་རོག་དང་ཏ་ལའི་དཔེ་བྱ་བ་ཡང། རང་རེས་བསམ་ཚུལ་དེ་ཅང་མིན་པར་སྨྲ་ཡིན་འདུག་སྟེ། ཏལ་སྨིན་ནས་སྐད་ཅིག་གཉིས་པར་ལྷུང་ངེས་སུ་གནས་པའི་ཤིང་རྩེ་ལ་བྱ་རོག་བབས་པ་དང། དེ་མ་ཐག་ཏ་ལའི་འབྲས་བུ་ས་ལ་ལྷུང་བ། གཞན་གྱིས་བལྟས་ཚེ་བྱ་རོག་གིས་འཕངས་པ་ལྟར་གྱུར་ཀྱང་དོན་ལ་འབྲེལ་བ་མེད་པའི་དཔེར་བྱེད་ཀྱིན་འདུག། སྡོང་པོ་དེའི་མགོ་བཅད་ན་རྩ་བ་ནས་སྐམ་འགྲོ་བ་ཡང་བདེན། ཏ་ལའི་རིགས་འགའ་ཞིག་ལས་མྱོས་འགྱུར་གྱི་ཁུ་བ་ཊརིར་གྲགས་པ་འབྱུང་བ་རྒྱུད་ན་ཡང་ཏ་ལའི་ཆང་བྱ་བ་ཡོད།   ཅེས་སོགས་གསུངས་པ་ཡང་མཁས་པའི་ཡན་ལག་ཏུ་ཤེས་དགོས་སོ། །

ཆ།  དངོས་གཞི་སྙན་ངག་གི་བསྟན་བཅོས་འདིའི་རྩོམ་གཤིས།

    རྩོམ་པ་པོ་བྱེ་བྲག་པ་ཞིག་གི་གསུང་རྩོམ་སྤྱི་ཡོངས་ཀྱི་རྩོམ་གཤིས་སམ། ཡང་ན། རྩོམ་གང་ཡང་རུང་བ་ཞིག་གི་རྩོམ་གཤིས་གང་ཡིན་ཡང་།  རྩོམ་གཤིས་ནི་རྩོམ་ཡིག་གིས་མངོན་པར་བྱས་པའི་བསམ་པའི་འཁྱེར་སོའམ་རྩོམ་ཡིག་འབྲི་སྐབས་ཀྱི་དར་སོ་གང་ཞིག་ལ་མངོན་པར་ཕྱོགས་པ་དང་། རྩོམ་པ་པོའི་རྗོད་ཚིག་བཀོལ་སྤྱོད་སོགས་སྤྱི་ཡོངས་ཀྱི་མངོན་ཚུལ་ཞིག་ལ་རྩོམ་གཤིས་ཞེས་བརྗོད། དེ་དུས་རབས་རང་བཞིན་དང་། ཕྱོགས་ལྷུང་རང་བཞིན་ལྡན་པའི་རྩོམ་ཡིག་གི་སྣང་ཚུལ་ཞིག་ཡིན།  རྒྱ་སྐད་དུ།  བིན་ཧྥུན་ཟེར། 
    སྤྱིར་བཏང་རྩོམ་གཤིས་ལ་བརྗོད་བྱ་ཁ་གསལ་ཞིང་དྭངས་པ་དང་། རྗོད་ཚིག་འཇམ་ཞིང་མཉེན་པ། སྡེབ་སྦྱོར་ལྷོད་ཅིང་རྩོལ་མེད་རང་གྲོལ་ལྟ་བུའི་ཉམས་ཅན་ཞིག་དང་། ཡང་ན། སྡེབ་སྦྱོར་ཁ་དམ་ཞིང་བརྗོད་བྱ་གོ་དཀའ་བ། ཚིག་འབྲུ་རེ་རེ་ལ་ཡང་གོ་ཐོབ་ལྡན་པའི་ཚིག་སྡུད་ཚབས་ཆེ་ཞིང་། བརྗིད་པའི་ཉམས་ཅན་ཏེ། སྟབས་བདེར་དབྱེ་ན།  ཁ་གསལ་ཞིང་གོ་བདེ་བ་དང་། ཁ་དམ་ཞིང་གོ་དཀའ་བའི་རྩོམ་གཤིས་གཉིས་སུ་དབྱེ་ཆོག་ཅིང་། དང་པོ་ནི། རྒྱ་གར་ལྷོ་ཕྱོགས་བཻཊབྷའི་སྙན་ངག་ཀྱང་འདི་ཉིད་གཙོ་བོར་བྱེད་ཅིང་། རྒྱ་གར་དུ་སློབ་དཔོན་ཀླུ་སྒྲུབ་དང་། ཟླ་གྲགས། དཔའ་བོ་སོགས་ཀྱི་རྩོམ་གཤིས་ལྟ་བུ་དང་། བོད་དུ་ས་སྐྱ་པཎ་ཆེན་དང། ཀུན་མཁྱེན་ཀློང་ཆེན་པ། རྗེ་རིན་པོ་ཆེ། བོ་དོང་པཎ་ཆེན་འཇིགས་བྲལ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། འཇུ་མི་ཕམ་དང་།  སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་རྩོམ་གཤིས་ལྟ་བུ་ཡིན།
    ཕྱི་མ་ནི། རྒྱ་གར་ཤར་ཕྱོགས་གཽ་ཊ་བའི་རྩོམ་གཤིས་ཏེ། དཔེར་ན། རྒྱ་གར་དུ་སློབ་དཔོན་ཙནྡྲ་གོ་མི་དང་། མཁན་ཆེན་ཞི་བ་འཚོ། ཆོས་རྒྱལ་དགེ་བའི་དབང་པོ། པཎྜི་ཏ་ནག་མོ་ཁོལ་གྱི་རྩོམ་གཤིས་དང་། བོད་དུ་བོད་མཁས་པ།  སྡེ་བ་རིན་སྤུངས་པ་ངག་དབང་འཇིགས་གྲགས། གོང་ས་ལྔ་པ་ཆེན་པོ།  དགེ་བཤེས་ཤེས་རབ་རྒྱ་མཚོ། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་རྩོམ་གཤིས་ལྟ་བུ་ཡིན།
ལྷག་པར་དུ་རྟོགས་བརྗོད་འདི་ནི་མགོ་ནས་མཇུག་བར་དུ་ཁ་གསལ་ཞིང་གོ་སླ་བའི་རྩོམ་གཤིས་ཅན་ཡིན་པ་ནི་མཇལ་བ་ཙམ་གྱིས་ཤེས་ཏེ།
༡།    བརྗོད་བྱ་དོན་དང་འབྲེལ་བས་རྟོགས་སླ་བ།
༢།    རྗོད་བྱེད་རྒྱན་དང་འབྲེལ་བས་རྣ་བར་སྙན་པ།
༣།    ཚིག་སྡེབ་སྦྱོར་དང་འབྲེལ་བས་གཅོད་མཚམས་ཕྱེད་པ།
༤།    མིང་མངོན་བརྗོད་དང་འབྲེལ་བས་ངོ་མཚར་ཆེ་བ་བཅས་ཕུན་སུམ་ཚོགས་པའི་ཁྱད་ཆོས་བཞི་དང་ལྡན་ནོ། །  (འཕྲོས་དེབ་རྗེས་མར་མུ་འགོད་བྱ་རྒྱུ)

མཆན།

  1. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧  ལོའི་དཔར་མ་ཤོག་ངོས་༡༢/༨༥/༨༦/༨༨ བཅས་ན་གསལ། 
  2. རྣམ་ཐར་དད་པའི་འཇུག་ངོགས། སེར་བྱེས་དཔར་མ། ཤོག་ངོས་༣༥ ན་གསལ།
  3. རྗེའི་གསུང་འབུམ་པོད་ཀ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧  ལོའི་དཔར་མ། ཤོག་ངོས་༡༡༨ བཅས་ན་གསལ། 
  4. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧ ལོའི་དཔར་མ། ཤོག་ངོས་༤༢༡ བཅས་ན་གསལ།
  5. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧ ལོའི་དཔར་མ། ཤོག་ངོས་༣༨༡ བཅས་ན་གསལ། 
  6. རྣམ་ཐར་དད་པའི་འཇུག་ངོགས། སེར་བྱེས་དཔར་མ། ཤོག་ངོས་༤༦ ན་གསལ།
  7. བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་ཀྱི་བརྗོད་བྱའི་རྟེན་ཁུངས་དང་སྙན་ངག་གི་རང་བཞིན་སོགས་རགས་ཙམ་གླེང་བ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་བསྒྲིགས། བོད་ཀྱི་རིག་གནས་དང་སློབ་གསོ་ཞིབ་འཇུག། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་མ། ཤོག་ངོས་(༡༤༠ –༡༤༡)ན་གསལ།
  8. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧ ལོའི་དཔར་མ། ཤོག་ངོས་༢༥༩ བཅས་ན་གསལ། 
  9. བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་ཀྱི་བརྗོད་བྱའི་རྟེན་ཁུངས་དང་སྙན་ངག་གི་རང་བཞིན་སོགས་རགས་ཙམ་གླེང་བ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་བསྒྲིགས། བོད་ཀྱི་རིག་གནས་དང་སློབ་གསོ་ཞིབ་འཇུག། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་༡༤༢ ན་གསལ།
  10. རྗེ་ཙོང་ཁ་པའི་རྣམ་ཐར། དར་ཧན་མཁན་སྤྲུལ་བློ་བཟང་འཕྲིན་རྣམ་རྒྱལ་གྱིས་བརྩམས་པ། ཝཱར་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་སྐབས་ཉེར་དགུ་བས་དཔར་མ། ཤོག་ངོས་༡༠ ན་གསལ།
  11. རྟག་ངུའི་རྟོགས་བརྗོད་དཔག་བསམ་ལྗོན་པ་ཚོད་ལྟའི་དཔྱད་ཞིབ། རབ་གསལ་གྱིས་བརྩམས་པ་ཕྱི་ལོ་༡༩༩༧ ལོའི་ནོར་མཛོད་དེབ་དང་པོར་གསལ།
  12. རྟག་ངུའི་རྟོགས་བརྗོད་དཔག་བསམ་ལྗོན་པ་ཚོད་ལྟའི་དཔྱད་ཞིབ། རབ་གསལ་གྱིས་བརྩམས་པ་ཕྱི་ལོ་༡༩༩༧ ལོའི་ནོར་མཛོད་དེབ་དང་པོར་གསལ།
  13. མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། <ཁ> མི་རིགས་དཔེ་སྐྲུན་ཁང་གིས་དཔར་མ་ཤོག་ངོས་༢༢༡ ན་གསལ།

མདུན་ཤོག