རྩོམ་ཡིག་སྦྱོང་བའི་ཐབས་ལམ།

བསོད་ནམས་ཆོས་དར།

    ང་ཚོ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ཀྱིས་བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་ལ་རྗོད་བྱེད་ཚིག་སྦྱོར་བདེ་བའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཤེས་པ་དགོས་ན། དང་ཐོག་རྩོམ་ཡིག་སྦྱོང་བའི་ཐབས་ལམ་བཟང་པོ་མི་ཉུང་བ་ཞིག་ཡོད་པ་དེ་དག་ལ་དོ་སྣང་དང༌། ཉམས་ཞིབ། ཤེས་རྟོགས་བཅས་བྱེད་དགོས་ཤིང༌། ལྷག་དོན་རྩོམ་ཡིག་སྦྱོང་བར་ཉེ་བར་མཁོ་བའི་ཐབས་ལམ་གལ་ཆེ་བ་བཞིའི་ཐོག་ངེས་པར་འབད་བརྩོན་དང་ཟབ་ཞུགས་བྱེད་དགོས་པ་སྟེ།

༡༽ སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཟབ་ཞུགས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་དང་བྱ་བ་ཆེ་ཆུང་སྣ་ཚོགས་པར་ནན་ཏན་དང་ཞིབ་ཚགས་ཀྱིས་བརྟག་དཔྱད་བྱེད་པའི་གོམས་གཤིས་ཆགས་པ་བྱ་དགོས།   

    སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཟབ་ཞུགས་བྱེད་རྒྱུ་དེ་ནི་རྩོམ་ཡིག་སྦྱང་བའི་ཐབས་ལམ་གལ་ཆེ་ཞིག་ཡིན་པར་བརྟེན་སློབ་མ་རྣམས་ཀྱིས་རང་ཉིད་གང་དུ་གནས་སའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་རྟོག་ཞིབ་དང་ཉམས་ལེན་གྱིས་རང་གི་ཀླད་པའི་ནང་རྩོམ་ཡིག་འབྲི་བའི་རྒྱུ་ཆ་སྣ་ཚོགས་གསོག་འཇོག་ཐུབ་པ་བྱ་དགོས། དེ་ཡང་དཔེར་ན། རང་ཉིད་མི་ཚོགས་སྟུག་པོའི་གྲོང་ཁྱེར་དུ་གནས་སྡོད་བྱ་མཁན་ཞིག་ཡིན་ན་དེ་གའི་མི་རྣམས་ཀྱི་འཚོ་བ་དང་ཁོར་ཡུག་གི་རྣམ་པ་སོགས་བྱ་དངོས་སྣ་ཚོགས་ལ་རྟོག་ཞིབ་ནན་ཏན་བྱེད་དགོས་པ་དང༌། དེ་བཞིན་རང་ཉིད་ཞིང་གྲོང་དུ་གནས་སྡོད་བྱ་མཁན་ཞིག་ཡིན་ན་དེ་གའི་ཞིང་པ་རྣམས་ཀྱི་ཐུན་མོང་མ་ཡིན་ཁྱད་ཆོས་དང༌། བདེ་ཁོད་སྙོམས་པའི་ཞིང་ཐང་སྟེང་དུ་འཚར་ལོངས་འབྱུང་བཞིན་པའི་སྐྱེ་དངོས་སྣ་ཚོགས་ཀྱི་སྐྱེ་འཚར་ཁྱད་ཆོས་སོགས་ལ་རྟོག་ཞིབ་ནན་ཏན་བྱེད་པ་དང༌། རང་ཉིད་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་གནས་སྡོད་བྱ་མཁན་ཞིག་ཡིན་ན་སྔོ་ཞིང་དྭངས་བའི་རྩྭ་ཐང་གི་ཁྱད་ཆོས་དང༌། བརྗིད་ཆགས་ལྡན་པའི་རི་བོའི་ཉམས་འགྱུར། གྲངས་ལས་འདས་པའི་རྟ་ནོར་ལུག་གསུམ། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་འབྲོག་པ་རྣམས་ཀྱི་འཚོ་བའི་སྤྱོད་སྟངས་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་ལ་རྟོག་ཞིབ་ནན་ཏན་བྱེད་དགོས། མདོར་ན་རང་ཉིད་གང་དུ་གནས་ཀྱང་དེ་གའི་ཕྱི་ཡི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྣམས་ཀྱི་དམིགས་བསལ་ཁྱད་ཆོས་དང་རྣམ་འགྱུར་སྣ་ཚོགས་པ་རྣམས་རང་གི་བློ་ཡི་བང་མཛོད་ནང་བསྡུ་རུབ་ཀྱིས་རྩོམ་ཡིག་འབྲི་བའི་རྒྱུ་ཆ་འབོར་ཆེན་ཞིག་གསོག་འཇོག་ཐུབ་པ་བྱ་རྒྱུ་དེ་ནི་རྩོམ་ཡིག་སྦྱོང་བའི་གལ་ཆེའི་ཐབས་ལམ་ཞིག་ཡིན་ནོ། །

༢༽ སུམ་རྟགས་དག་གསུམ་ལ་བྱང་དགོས།

    སུམ་རྟགས་དག་གསུམ་ལ་བྱང་དགོས་ཞེས་པ་ནི། རང་ཉིད་ཀྱི་འབྲི་བྱར་འགྱུར་བའི་རྩོམ་ཡིག་དེ་ཉིད་བརྗོད་བྱ་ཁ་གསལ་ལ་རྗོད་བྱེད་ཚིག་སྦྱོར་བདེ་བ་ཞིག་ཡོང་བ་བྱེད་དགོས་ན། ངེས་པར་དུ་སུམ་རྟགས་དག་གསུམ་གྱི་རྨང་གཞིའི་ཤེས་བྱར་སྦྱངས་པ་ཐོན་པ་ཞིག་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། ང་ཚོས་སྦྱངས་ཟིན་པའི་མིང་ཚིག་དག་བེད་སྤྱོད་ཀྱིས་བརྗོད་པ་བདེ་བའི་ཚིག་གྲུབ་བཟོ་ཤེས་པའི་རྨང་གཞིའི་ཐོག་སུམ་ཅུ་པའི་མན་ངག་བློ་འཛིན་དང༌། དེ་དག་ལག་ལེན་དངོས་ནང་བེད་སྤྱོད་བྱེད་པའི་ཐབས་ལམ་རྣམས་གསལ་རྟོགས་ཐུབ་པ་བྱེད་དགོས་ལ། ཕྲད་དེ་དག་རྗོད་བྱེད་ཚིག་ཙམ་མ་ཟད་བརྗོད་བྱ་དོན་གྱི་ཐོག་ལ་ལུགས་མཐུན་གྱི་ཕྲད་སྦྱོར་བྱེད་པའི་ཐབས་ལམ་དེ་ཉིད་ཀྱང་ངེས་པར་དུ་གསལ་ཤེས་ཐུབ་པ་དགོས། དེ་ཡང་ལུགས་མཐུན་གྱི་ཕྲད་སྦྱོར་ཞེས་པ་ནི་སློབ་མ་རེ་འགའི་རྩོམ་ཡིག་ནང་བརྗོད་བྱ་དོན་གྱི་ཐོག་ལ་ལུགས་མཐུན་མ་ཡིན་པའི་ཕྲད་སྦྱོར་བྱེད་པ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་ནི། དཔེར་ན། ངས་ཞོགས་པ་སྔ་པོར་མལ་ལས་ལངས་ཏེ༷་ཁ་ངོ་བཀྲུས་ཏེ༷་ཞོགས་ཇ་བཏུང་ས༷ྟེ་དཔེ་ཁུག་ཁུར་ཏེ༷་སློབ་གྲྭར་བསྐྱོད་པ་ཡིན། ལྟ་བུར་མཚོན་ན། མ་གཞི་སློབ་ཕྲུག་དེས་ལྷག་བཅས་ཀྱི་ཕྲད་དེ་དག་སྒྲ་སྦྱོར་དང་མཐུན་པའི་སྒོ་ནས་བེད་སྤྱོད་ཐུབ་ཡོད་ཀྱང༌། ཚིག་དུམ་གཅིག་གི་ནང་དུ་ལྷག་བཅས་ཀྱི་ཕྲད་ཁོ་ན་བེད་སྤྱོད་བྱས་པ་དེས་སློབ་ཕྲུག་དེའི་རྩོམ་ཡིག་ནི་ཟས་སོང་གི་རྩིས་ཕྲ་ལྟ་བུ་ཞིག་ལས་བརྗོད་བྱ་དོན་དང་ལྡན་ལ་རྗོད་བྱེད་ཚིག་སྦྱོར་སྙན་པ་ཞིག་གཏན་ནས་ཆགས་ཐུབ་མེད། འོ་ན་གོང་གསལ་གྱི་ཚིག་དུམ་དཻར་ལུགས་མཐུན་གྱི་ཕྲད་སྦྱོར་ཞིག་བྱེད་ན། ངས་ཞོགས་པ་སྔ་པོར་མལ་ལས་ལངས་ཏེ༷་ཁ་ངོ་བཀྲུས་ཤི༷ང་ཞོགས་ཇ་བཏུང་རྗེས་དཔེ་ཁུག་ཁུར་ན༷ས་སློབ་གྲྭར་སྐྱོད་པ་ཡིན། ཞེས་བྲིས་ན་ཚིག་དུམ་དེ་ཉིད་གཅིག་ནས་སུམ་ཅུ་པའི་སྒྲ་སྦྱོར་དང་མཐུན་ལ་གཉིས་ནས་བརྗོད་པ་བདེ་བ་གཅོད་མཚམས་ཁ་གསལ་བ་སོགས་ཀྱི་དགེ་མཚན་མི་ཉུང་བ་ཞིག་མཐོང་ཆོས་སུ་གྲུབ་བོ། །
    ཡང་སློབ་མ་རེ་འགའི་རྩོམ་ཡིག་ནང་དུ་ངས་ཞོགས་པ་མལ་ལས་ལངས་ན༷ས་ཁྲུས་བྱབས་ན༷ས་ཞོགས་ལྟོ་ཟས་ན༷ས་དཔེ་ཁུག་ཁུར་ན༷ས་སློབ་གྲྭར་སྐྱོད་པ་ཡིན། ལྟ་བུ་ཚིག་དུམ་གཅིག་གི་ནང་དུ་ནས་སྒྲ་ཉི་བརྩེགས་དང་གསུམ་བརྩེགས། སྐབས་རེ་ནས་སྒྲ་དྲུག་བདུན་ཙམ་བསྟུད་མར་བརྩེགས་ཏེ་ཕྲད་སྦྱོར་བྱེད་སྟངས་ལུགས་མཐུན་མ་ཡིན་པའི་སྣང་ཚུལ་དེ་འདྲ་རྟག་ཏུ་མཐོང་རྒྱུ་ཡོད་པས། ང་ཚོས་སུམ་ཅུ་པའི་སྒྲ་སྦྱོར་སློབ་སྦྱོང་བྱེད་སྐབས། གཅིག་ནས་ཕྲད་དེ་དག་སྒྲ་སྦྱོར་གྱི་མཚན་ཉིད་དང་མཐུན་ལ། གཉིས་ནས་ཕྲད་དེ་དག་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པའི་ཐབས་ལམ་ཡང་ཁོང་དུ་ཆུད་པ་བྱེད་དགོས།
    དེ་བཞིན་དོན་སྦྱོར་གྱི་ངོས་ནས་བརྗོད་ནའང་རྩ་བའི་ཕྲད་བཅུ་བཞི་དང༌། རྣམ་དབྱེ་བརྒྱད་ཀྱི་རྣམ་གྲངས་དང་ཁྱད་ཆོས་མི་འདྲ་བ་རྣམས་ཁོང་དུ་ཆུད་པ་ལས་རྩོམ་འབྲིའི་བརྗོད་དོན་ཁ་གསལ་གོ་བདེར་འགྱུར་བ་ལ་ཕན་ཐོགས་ངེས་ཅན་ཞིག་འབྱུང་རིགས་པ་དཔེར་ན། ཁོང་གི༷་ཁྱི་ལ་ལྟོ་སྟེར་ལྟ་བུ་དང༌། ཁོང་གི༷ས་ཁྱི་ལ་ལྟོ་སྟེར་ལྟ་བུའི་བརྗོད་ཚིག་དེ་གཉིས་ལ་གི་སྒྲའི་རྗེས་སུ་རྗེས་འཇུག་ས་ཡིག་ཡོད་མིན་ཙམ་གྱིས་བྱེད་པ་པོ་དངོས་བསྟན་དང་ཤུགས་བསྟན་བར་གྱི་ཁྱད་པར་མི་འདྲ་བ་དེ་གསལ་བར་བསྟན་ཐུབ་པ་དང༌། ཡང་བོད་དུ༷་སྐྱོད་ལྟ་བུ་དང༌། བོད་ན༷ས་སྐྱོད་ལྟ་བུའི་རྣམ་དབྱེ་གཉིས་པ་དང་ལྔ་པའི་ཕྲད་སྦྱོར་མི་འདྲ་བ་ལ་བརྟེན་ནས་སྐྱོད་པ་པོ་གཉིས་ཀྱིས་གང་དུ་སྐྱོད་པ་དང༌། གང་ནས་སྐྱོད་པའི་ཡུལ་མི་འདྲ་བ་གསལ་བར་བསྟན་པ་སོགས་དགེ་མཚན་མང་པོ་ཞིག་མངོན་རྒྱུ་ཡོད་ལ། རྟགས་འཇུག་ལས་ཀྱང་བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་སོགས་ཀྱི་རྣམ་གཞག་དབྱེ་ཚུལ་ལས་རྩོམ་ཡིག་གི་གོ་དོན་གསལ་རྟོགས་ཡོང་རྒྱུར་ཕན་པ་ངེས་ཅན་ཞིག་སྐྲུན་ཐུབ་པ་དཔེར་ན། ཡི་གེ་དེ་བཀ༷ླག་པའི་བརྒྱུད་རིམ་ནང༌།    ཡི་གེ་དེ་ཀློ༷ག་པའི་བརྒྱུད་རིམ་ནང༌། ཡི་གེ་དེ་བཀ༷ླགས་པའི་བརྒྱུད་རིམ་ནང་ཞེས་བཀླག་ཅེས་པའི་དག་དོན་མི་འདྲ་བ་གསུམ་ལ་བརྟེན་ནས་སྔ་ཕྱིའི་བརྗོད་དོན་ལ་བསམ་གཞིགས་བྱེད་མི་དགོས་པར་ཡི་གེ་དེ་བཀླག་རྒྱུ་དང་ཀློག་བཞིན་པ། བཀླགས་ཟིན་པ་བཅས་དུས་ཀྱི་ཁྱད་པར་མི་འདྲ་རྣམས་གསལ་བར་བསྟན་ཐུབ་པ་སོགས་ཀྱི་དགེ་མཚན་མང་དུ་ཡོད་ཀྱང༌། ཞིབ་ཕྲ་སུམ་རྟགས་ཀྱི་ཤེས་བྱ་དེ་དག་རྩོམ་འབྲིའི་ལག་ལེན་དངོས་ནང་རང་ཉིད་ཀྱིས་དངོས་སུ་བེད་སྤྱོད་སྐབས་གསལ་རྟོགས་ཐུབ་རྒྱུ་ཡིན་པས་ན་འདིར་ཡིག་ཚོགས་ལ་འཇིགས་ཏེ་དཔེ་མཚོན་ཙམ་གྱིས་འཐུས་པར་བྱས་སོ། །
    དེ་བཞིན་དག་ཡིག་ནི་རྩོམ་ཡིག་འབྲི་བའི་རྒྱུ་ཆའམ་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་པ་ནི་སྔོན་བྱོན་མཁས་པ་རྣམས་ཀྱི་ཡི་གེར་དག་ཆ་མེད་ན་ནི། སེང་གེ་ཤི་བའི་རོ་དང་འདྲ་ཞེས་གསུངས་ཏེ་དག་ཆ་ནི་ཡི་གེའི་རྩ་བའི་སྲོག་ལྟ་བུ་ཞིག་ཏུ་ངོས་འཛིན་ཞུས་ཤིང་འདས་པའི་ལོ་རྒྱུས་ནང་དུའང་ཡི་གེའི་དག་ཆ་ནོར་བའི་རྐྱེན་གྱིས་དོན་ལ་ནོར་འཛོལ་མང་པོ་ཞིག་བྱུང་བ་དཔེར་ན། གཡག་རྔ་དཀར་ཤི་སོང་ཞེས་པ་ལ་གཡག་ལྔ་དཀར་ཤི་སོང་ཞེས་ར་རྔའི་ཚབ་ཏུ་ལ་ལྔ་བྲིས་ཏེ་ནང་མི་ལ་སེམས་ཁྲལ་ཆེན་པོ་བཟོ་མྱོང་བ་དང༌། དྲི་བཟང་ཞིག་སྐུར་ཤོག་ཅེས་པ་ལ་གྲི་བཟང་ཞིག་སྐུར་ཤོག་ཅེས་ད་དྲིའི་ཚབ་ཏུ་ག་གྲི་བྲིས་པས། བསང་འཁན་པ་དང་བ་ལུ་སོགས་ཀྱི་དྲི་བཟང་ཞིག་སྐུར་རྒྱུའི་ཚབ་ཏུ་གྲི་བཟང་པོ་རྣོ་ངར་ལྡན་པ་ཞིག་སྐུར་བ་སོགས། དག་ནོར་གྱིས་རྐྱེན་པས་དོན་ལ་གོ་བ་ལོག་སྒྲུབ་ཏུ་གྱུར་པ་ཇི་སྙེད་ཅིག་བྱུང་བ་ལས་དག་ཡིག་ཤེས་པའི་དགེ་མཚན་དང་མི་ཤེས་པའི་ཉེས་སྐྱོན་རྣམས་གསལ་རྟོགས་ཐུབ་རྒྱུ་ཡིན་པས། ང་ཚོས་རྩོམ་ཡིག་ལེགས་པོ་ཞིག་འབྲི་བར་ངེས་པར་དུ་སུམ་རྟགས་དག་གསུམ་ལ་བྱང་དགོས་པ་ནི་ཤིན་ཏུ་གལ་ཆེའོ། །འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ་སློབ་ཆུང་སློབ་མ་རྣམས་ཀྱིས་རང་གི་ལོ་ནའི་ཁྱད་ཆོས་དང་འཚམ་པའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཤེས་པ་དགོས་ན། སུམ་རྟགས་ཀྱི་དོན་སྦྱོར་མ་ཤེས་ཀྱང་སུམ་ཅུ་པའི་ཕྲད་བཅུ་བཞིའི་ངོས་འཛིན་དང་སྒྲ་སྦྱོར་བྱེད་སྟངས། དེ་བཞིན་དག་ཡིག་གི་ཤེས་བྱ་དག་ལ་སྦྱང་བ་ཐོན་ངེས་ཤིག་དགོས་པ་ནི་སྨོས་མི་དགོས་སོ། །

༣༽ དཔེ་དེབ་གང་མང་བལྟ་དགོས།   

    དཔེ་དེབ་ནི་མིའི་རིགས་ཀྱི་བློ་རིག་གི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དང༌། རྩོམ་རྩལ་གྱི་མྱོང་བ་སྦྱིན་པའི་སློབ་དཔོན། རྩོམ་འབྲིའི་རྒྱུ་ཆར་སྨན་པའི་དཔྱད་གཞི་བསྡུ་རུབ་བྱེད་པའི་ནོར་མཛོད་ལྟ་བུ་ཞིག་ཡིན་པ་ན། ང་ཚོ་སློབ་མ་རྣམས་ཀྱིས་དཔེ་དེབ་གང་མང་བལྟ་ཀློག་བྱ་རྒྱུ་དེ་ནི་རྩོམ་འབྲིའི་ནུས་རྩལ་སྦྱོང་བའི་ཐབས་ལམ་གལ་ཆེ་ཞིག་ཡིན། དེ་ཡང་རྒྱའི་སྙན་ངག་པ་ཏུའུ་ཧྤུ་ཡིས། རྩོམ་ལ་ཐོག་མར་འཇུག་པའི་སྐྱེ་བོ་ཡིས། །སྔོན་དང་ད་ལྟའི་དཔེ་ཆ་གང་མང་གཟིགས། །དཔེ་ཆ་བྱེ་བ་འབུམ་ལ་གཟིགས་པ་ན། །སྨྱུག་རྩེ་སྐྱོད་པ་ལྷ་ཡིས་ཁ་ལོ་སྒྱུར། །ཞེས་གསུངས་པ་ལྟར་ང་ཚོས་དུས་རྒྱུན་སློབ་གྲྭའི་འཚོ་བའི་ནང་སློབ་དེབ་ཁོ་ནར་མགོ་བོ་འཁོར་ནས་མ་བསྡད་པར་བླང་དོར་གྱི་གནས་ལུགས་བསྟན་ཐུབ་ཅིང་ཡར་རྒྱས་ལ་ཕན་པ་ཡོད་པའི་དཔེ་དེབ་གང་མང་བལྟ་ཀློག་གིས་བརྗོད་བྱའི་དོན་དང༌། རྗོད་བྱེད་ཚིག་གི་ཉིང་ཁུ་དག་རང་རྒྱུད་ལ་གསོག་འཇོག་བྱེད་ཐུབ་ན་དངོས་འབྲེལ་སྙན་ངག་མཁས་པ་ཏུའུ་ཧཕུས་གསུངས་པ་བཞིན་རང་ཉིད་ཀྱིས་རྩོམ་ཡིག་གང་ཞིག་བྲིས་ནའང་སྨྱུག་རྩེ་ལྷ་ཡིས་སྐུལ་བ་བཞིན་ཐོགས་མེད་དུ་འབྲི་ཐུབ་རྒྱུ་ནི་ཐེ་ཚོམ་མི་དགོས་པ་ཞིག་ཡིན། དེ་ཡང་འདས་པའི་ལོ་རྒྱུས་ཀྱི་ནང་འཛམ་གླིང་ཐོག་གི་རྩོམ་པ་པོ་མང་པོ་ཞིག་དཔེ་དེབ་གང་མང་བལྟ་ཀློག་བྱས་པ་ལས་མཐར་རྩོམ་འབྲིའི་བྱ་བ་ལ་བྱང་ཆུབ་པར་གྱུར་ཏེ་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དེ་ཉིད་སྙན་གྲགས་འཛམ་གླིང་དུ་ཁྱབ་པ་ཞིག་བྱུང་བ་དཔེར་ན། ཧཕུ་ལོ་པད་ཀྱིས་པུ་ཧཕ་ཝ་དང་པའེ་ཅུས་ཤས་ཞེས་པའི་དཔེ་དེབ་དེ་འབྲི་བ་ལ་དཔྱད་གཞིའི་དེབ་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་བལྟས་པ་དང༌། ཟིན་དེབ་ཁོ་ན་མཐོ་ཚད་ཚུན་བརྒྱད་ལྷག་ཙམ་བྱུང་བར་གྲགས་ཤིང་དེབ་དེ་བྲིས་ཟིན་རྗེས་འཛམ་གླིང་དུ་སྐད་གྲགས་ཆོད་པའི་དཔེ་དེབ་གཅིག་ཏུ་གྱུར་པ་རེད།
    དེ་ན་ང་ཚོ་སློབ་མ་རྣམས་ཀྱིས་རྩོམ་འབྲིའི་ནུས་རྩལ་མཐོ་རུ་གཏོང་ཕྱིར་རྒྱུན་དུ་དཔེ་དེབ་གང་མང་བལྟ་ཀློག་བྱེད་པའི་གོམས་གཤིས་ཆགས་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

༤༽ རྩོམ་འབྲིའི་ལག་ལེན་དངོས་ནང་ཞུགས་དགོས།    

    རྩོམ་འབྲིའི་ལག་ལེན་དངོས་ནང་ཞུགས་དགོས་ཞེས་པ་ནི། ང་ཚོ་སློབ་མ་རྣམས་ཀྱིས་རྒྱུན་གཏན་སྤྱི་ཚོགས་འཚོ་བའི་ཁྲོད་དུ་རྟོག་ཞིབ་བྱེད་པ་དང༌། རྩོམ་འབྲིའི་རྨང་གཞིའི་ཤེས་བྱར་གྱུར་པའི་སུམ་རྟགས་དག་གསུམ་ལ་བྱང་བ་དཔེ་དེབ་དང༌། ཚགས་པར་གང་མང་བལྟ་བ་བཅས་རྩོམ་འབྲིའི་རྒྱུ་ཆའམ་ཐབས་ལམ་གསུམ་པོ་དེ་འཛོམས་ནའང༌། རང་ཉིད་ཀྱི་བློ་རིག་དང་ལག་པ་སྒུལ་ཏེ་རྩོམ་ཡིག་དངོས་སུ་འབྲི་བའི་སྦྱོང་བརྡར་ནང་མ་ཞུགས་ན། རང་ཉིད་རྩོམ་པ་པོ་ཞིག་ཏུ་འགྱུར་རྒྱུ་ནི་ཉིན་མོ་སྐར་མ་དང་མཚུངས་པས་རྒྱུན་དུ་ལག་པ་སྒུལ་ཏེ་རྩོམ་འབྲིའི་ལག་ལེན་དངོས་ནང་ཞུགས་རྒྱུ་ནི་གོང་གསལ་གྱི་ཐབས་ལམ་གསུམ་པོ་དེ་ལས་ཀྱང་གལ་ཆེ་བ་ཞིག་ཡིན་ནོ། །དེ་ཡང་སྔོན་བྱོན་མཁས་པ་རྣམས་ཀྱིས། རྩོམ་གྱི་ཡོན་ཏན་འབྲི་བ་ཡིན། །འབྲི་གིན་འབྲི་གིན་ཡག་ཏུ་འགྲོ། །ཞེས་གསུངས་པ་ལྟར་དང་ཐོག་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དེ་ཉིད་བརྗོད་དོན་ཁ་གསལ་ལ་རྗོད་བྱེད་ཚིག་སྦྱོར་སྙན་པ་ཞིག་ཡོང་མི་སྲིད་ཀྱང་རྩོམ་ཡིག་འབྲི་སྦྱོང་གི་བྱ་བ་དེ་རྒྱུན་སྤྱོད་ཀྱི་ཟས་བཞིན་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་ན་ནམ་ཞིག་རང་ཉིད་རྩོམ་མཁན་མཁས་པའི་གྲལ་དུ་ཚུད་རྒྱུ་ནི་བརྗོད་མི་དགོས་པས་ང་ཚོ་སློབ་མ་རྣམས་ཀྱིས་ཀླད་པ་དཀྲུག་ཅིང་ལག་པ་སྒུལ་ཏེ་རྩོམ་ཡིག་འབྲི་སྦྱོང་གི་ལག་ལེན་དངོས་ནང་རྒྱུན་ཞུགས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

མཆན། (རྩོམ་ཡིག་འདི་ནི་བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་གིས་ཕྱི་ལོ་༢༠༠༣ ལོར་དཔར་དུ་བསྐྲུན་པའི་སློབ་ཕྲུག་གི་རྩོམ་ཡིག་སྦྱོང་བའི་མྱུར་ལམ་ཞེས་པ་ལས་བདམས་བཀོད་བྱས་པ་ཡིན། རྩོམ་སྒྲིག་པས།)

མདུན་ཤོག