[toc]

སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།(ཨང་དང་པོ)

པདྨ་རྒྱ་མཚོ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།

    སྤྱི་ལོ་ཉིས་སྟོང་གསུམ་ལོའི་དབྱར་ཁའི་ཉིན་ཞིག་ལ། ང་རང་སློབ་གྲྭར་སྡོད་མ་འདོད་པར་ཁྱིམ་དུ་ལོག་པ་ཡིན། རྒྱུ་མཚན་ནི་སློབ་གྲྭའི་ནང་ང་རང་ཐེ་བའི་སློབ་མ་དགུ་ལས་མི་འདུག་ལ། དགེ་རྒན་ཡང་མང་ཆེ་བ་ཞིག་འབྱོར་མི་འདུག ལྷག་པར་དུ་ང་ཚོའི་འཛིན་གྲྭའི་ནང་ང་རང་གཅིག་པུ་ལས་མི་འདུག་པས། སྡོད་མི་འདོད་པའི་སྣང་བ་སབ་སིབ་ཅིག་སྐྱེས་ཏེ་ང་རང་སྐྱེ་སའི་སྡེ་བའམ་ངའི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ལ་བལྟས་པ་ཡིན། ངེད་ཚང་གི་ཤུག་སྡོང་ཆེན་པོ་དེའི་འོག་ཏུ་སྤོ་བོས་ཅི་ཞིག་ལ་རེ་བ་དང་ཡིད་ཆེས་བྱེད་པ་ལྟར་སྟོད་ཀྱི་རི་རྒྱལ་ལྷུན་པོ་དག་ལ་རྒྱང་གཟིགས་གནང་བཞིན་འདུག་སྟབས། དེ་བས་ཀྱང་སྡོད་འདུག་མི་འདོད་པའི་ཉམས་སྣང་ཞིག་སྐྱེས་ཏེ་སློབ་གྲྭ་ནས་ཁྱིམ་དུ་སོང་བ་ཡིན། དབྱར་ཟླ་དྲུག་པའི་མཛེས་ལྗོངས་ནི་མཛེས་སྡུག་ཅི་འདྲ་ལྡན་ནའང༌། ངའི་སེམས་སུ་འཆར་སྣང་སྣ་ཚོགས་ཀྱིས་འཕག་འཚག་བརྒྱབ་སྟེ། ལམ་བར་གྱི་མཛེས་ལྗོངས་ནི་ངའི་སེམས་སུ་བསྡུས་གཟུགས་ཀྱི་ཕུང་པོ་ཞིག་དང་འདྲ་བར་ཅི་ཡང་འཁོར་གྱི་མི་འདུག རང་གི་གོམ་ཁ་ཇེ་དལ་དུ་སོང་བའི་སྣང་བ་སྐྱེས་པའི་མོད་ལ་ངེད་ཚང་གི་སྒོ་འགྲམ་ནས་ཕར་ཅུང་ཙམ་བརྒལ་འདུག་པ་ཚོར་བྱུང༌།
    ནམ་རྒྱུན་ཡིན་ན་ང་ཚོའི་སྡེ་པའི་སྲང་ལམ་གུ་དོག་པོ་དེ་ངལ་རྩོལ་གྱི་ར་བ་ཆེན་པོ་ཞིག་དང་འདྲ་བར་ཡུལ་མི་རྣམས་ཕར་འགྲོ་ཚུར་འོང་གི་རྒྱུན་མི་ཆད་ནའང༌། ཉིན་དེར་སྲང་ལམ་ནང་མི་ཅི་ལྟ་ཁྱིའི་ཟུག་སྐད་ཅིག་ཀྱང་གྲགས་རྒྱུ་མི་འདུག་ལ་མཐོང་རྒྱུ་ཡང་མི་འདུག སློབ་གྲྭའི་ནང་དགེ་སློབ་མང་པོ་འབྱོར་མེད་པ་དང་སྡེ་བའི་ནང་ངའི་སྤོ་བོ་མ་གཏོགས་གཅིག་ཀྱང་རིག་རྒྱུ་མེད་པ་ནི་དབྱར་ཟླ་དྲུག་པའི་གླུ་རོལ་ཞེས་པ་དེ་ལ་ཐུག་ཡོད། ངའི་ཕ་ཡུལ་གྱི་ཡུལ་མི་དང་ཁྱིམ་མི་གང་པོ་མཉམ་དུ་རྫོང་ཐོག་ཏུ་འགྲོ་རྒྱུ་ཧ་ལམ་ལོ་གཅིག་ལ་ཐེངས་གཅིག་མ་གཏོགས་འགྲོ་ཐུབ་ཀྱི་མེད། ངེད་ཚང་ཡང་དེ་ལ་བུད་སོང་བ་རེད་མོད། སྤོ་བོ་སོང་མེད་པ་ནི་རྐང་པ་བདེ་རྒྱུ་མེད་པས་རྫོང་ཐོག་དང་ཐག་རིང་པོར་འགྲོ་རྒྱུ་ཧ་ཅང་ཉུང་ཉུང་ཡིན། དྲུག་པའི་གླུ་རོལ་ནི་མདོ་སྨད་དུ་གྲགས་ཆེ་བའི་དུས་སྟོན་ཞིག་ཡིན། ལོ་རེར་བདུན་ཕྲག་གཅིག་ཙམ་ལ་འཚོགས་སྲོལ་ཡོད། ལོ་དེར་ངའི་སྤོ་བོ་ལགས་དགུང་ལོ་དོན་དྲུག་རེད།
    ངེད་ཚང་ལ་རྒྱུ་འབྱོར་བ་དང་ཁེ་དབང་གྲགས་མེད་ནའང་ཁྱིམ་ཚང་གང་བོ་སྤྲོ་ཞིང་སྐྱིད་པའི་ངང་ཡོད། ང་ཚོའི་སྡེ་བའི་ཆ་ནས་བཤད་ན་ངེད་ཚང་ནི་མི་གྲངས་མང་གྲས་ཡིན་ལ། ཡ་རབས་ཁྱིམ་ཚང་ཞིག་ཀྱང་ཡིན། ངེད་ཚང་ལ་རྒྱུ་འབྱོར་བ་དང་ཁེ་དབང་གྲགས་མེད་མོད། སྤྲོ་སྐྱིད་ལྡན་ལ་ཁྱིམ་མི་གང་བོ་གཅིག་ལ་གཅིག་བརྩེ་དང་སྐྱིད་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་བཞིན་ཡོད། སྤྲོ་སྐྱིད་ལྡན་ལ་སྣང་བ་སྐྱིད་པའི་ཁྱིམ་ཚང་འདི་ལྟ་བུའི་ནང་སྐྱེས་པ་ནི་ང་རང་གི་བསོད་ནམས་ཡིན་འདུག
    ངེད་ཚང་གིས་སྤྲོ་ཞིང་སྐྱིད་པའི་འཚོ་བ་འདི་འདྲ་ཞིག་རོལ་ཐུབ་པ་སྤོ་བོ་ལགས་ཀྱི་བཀའ་དྲིན་ཡིན། སྤོ་བོས་ངེད་ཚང་གི་སྤྲོ་སྐྱིད་དེའི་ཆེད་དང༌། ཡང་ན་ངེད་ཚང་གི་སྙན་གྲགས་བསྲིང་ཆེད་རི་རྒྱལ་ལྷུན་པོ་ཡིན་ཡང་འཁུར་ནུས་པ་དང༌། ས་དོག་མོ་ཡིན་ཡང་ཐེག་ནུས་པའི་སྙིང་སྟོབས་ཤིག་གིས་ངེད་ཚང་གི་སྙན་གྲགས་བསྲིངས་པ་དང༌། ངེད་ཚང་ལ་འཇིག་རྟེན་འདིའི་ཆེས་སྐྱིད་པའི་སྤྲོ་སྐྱིད་སྦྱིན་པ་རེད། སྤོ་བོས་ངེད་ཚང་གི་སྤྲོ་སྐྱིད་དེའི་ཆེད་དང༌། ཡང་ན་སྙན་གྲགས་དེའི་ཆེད་དུ་དཀའ་ཚེགས་ཀྱི་ལོ་ཟླ་ཅི་འདྲའི་མང་པོ་ཞིག་སྡུག་རུས་ཀྱིས་འཁུར་ཡོད་པ་མ་ཡིན་ནམ། དཔེར་ན། རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་དེས་རྙིང་པ་རྣམ་བཞི་དོར་ནས་གསར་པ་རྣམ་བཞི་དར་སྤེལ་བྱས་པས་བོད་ཀྱི་རིག་གནས་ “རྙིང་པ་དང༌། རྗེས་ལུས། བསམ་བློ་རྙིང་པ། ལུགས་སྲོལ་རྙིང་པ། གོམས་གཤིས་རྙིང་པ་” ཟེར་བའི་སྒང་ལ་སླེབས་དུས་ཀྱང་མེས་པོས་ཤུལ་བཞག་གི་རིན་ཐང་གཞལ་མེད་ཀྱི་ནོར་རྫས་རྣམས་ལ་ཉར་ཚགས་སྒོས་ངེད་ཚང་གི་སྤྲོ་སྐྱིད་ལྡན་པའི་འཚོ་བ་འདི་ལ་རྨང་གཞི་བརྟན་པོ་ཞིག་བཙུགས་ཡོད་སྐད། སྤོ་བོས་ངེད་ཚང་གི་སྤྲོ་སྐྱིད་དེའི་གཏམ་རྒྱུད་བསྲིང་ཆེད། ཕྱོགས་བཞི་མཚམས་བརྒྱད་ནས་བླ་མ་གདན་དྲངས་ཤིང་མེས་པོའི་འདས་མཆོད་ཀྱི་མཆོད་པ་གྲངས་མེད་བཤམས། ལྷ་བསང་དུ་ཞགས་རིང་མོ་དགུང་ལ་བསྐྱིལ་ཏེ་ངེད་ཚང་གི་སྤྲོ་ཞིང་སྐྱིད་པའི་འཚོ་བ་ལ་བགེགས་དང་བར་ཆད་རྣམས་མི་ཡོང་ཆེད་ཡུལ་ཁམས་སྐྱོང་བའི་ལྷ་ཚོགས་ལ་སྐྱབས་འཇུག་ཞུས། ངེད་ཚང་གི་སྤྲོ་སྐྱིད་ལྡན་པའི་འཚོ་བ་འདིའི་ཆེད་དུ་སོང་མ་མྱོང་བའི་ས་མེད། ངོ་མི་ཤེས་པའི་མི་མེད། ཁྱིམ་ཚང་འདིའི་སྤྲོ་སྐྱིད་ཀྱི་ཆེད་དུ་རང་ཉིད་ཀྱིས་བློས་མ་ཐོངས་པའི་ལས་མེད་ལ། ས་ཕྱོགས་གང་དུ་སོང་ཡང་ས་རྒྱ་མ་ཆོད་པའི་བཤད་སྲོལ་དེ་བས་མེད། སྤོ་བོ་བདུན་ཅུའི་གྲངས་བཞུད་འགོ་ཚུགས་ནའང་ངེད་ཚང་གི་སྤྲོ་སྐྱིད་ལྡན་པའི་འཚོ་བ་འདི་དང་ངེད་ཚང་གི་གཏམ་རྒྱུད་འདི་ཡུན་ནས་ཡུན་དུ་སྐྱོང་བའི་སེམས་ཤུགས་འདི་ལྷག་ཏུ་ཆེ། ངེད་ཚང་གི་སྤྲོ་ཞིང་སྐྱིད་པའི་འཚོ་བ་གསར་པ་ལ་ཁྱོད་ནི་མེད་ཐབས་མེད་པ་ཞིག ངེད་ཚང་གི་སྤྲོ་སྐྱིད་ལྡན་པའི་འཚོ་བ་འདིའི་ཆེད་དུ་སྤོ་བོ་ཁྱེད་ཀྱིས་དཀའ་སྤྱད་འབད་བརྩོན་ཅི་འདྲ་བྱས་པ་སྨྲ་ལྕེ་འཁྱོག་ཅིང་ལག་འཁོབ་ཡིན་པའི་བུ་ཆུང་ངས་བརྗོད་ཐབས་བྲལ། སྤོ་བོའི་སྐུ་ཚེ་བརྟན་པར་ཤོག
རྩོམ་ཡིག་དཔྱད་མཆན།
    དུས་ཚོད་ཀྱི་གོ་རིམ་ལྡོག་པའི་ལམ་ནས་བྲིས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་འདིའི་རྗོད་བྱེད་ཚིག་གི་སྦྱོར་བ་ལེགས་ཤིང་སྙན་ཆ་ལྡན་པ། རྩོམ་ཡིག་གི་འགོ་མཇུག་བར་གསུམ་ཀུན་ཏུ་བརྗོད་དོན་སྙིང་པོ་དམ་པོར་འཇུ་ཐུབ་པ་བྱུང་འདུག མི་སྣ་དང་ལྷག་པར་བྱ་བའི་བརྒྱུད་རིམ་ཞིབ་འབྲི་བྱེད་སྟངས་ཤིན་ཏུ་ལེགས། འོན་ཀྱང་དུམ་ཚན་སོ་སོའི་སྒྲིག་གཞི་ཇུས་འགོད་བྱེད་སྟངས་ཐད་ཅུང་གཟབ་དགོས་ལ། ཡིག་ནོར་དང་ཚིག་སྐྱོན་རེ་ཟུང་འདུག་པས་ཚད་ལྡན་གྱི་རྩོམ་ཡིག་མང་དུ་བཀླགས་ཏེ་ཐུགས་སྣང་གནང་ན་ཡར་རྒྱས་འབྱུང་ངེས་ཡིན།

སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།(ཨང་གཉིས་པ)

ཕུན་ཚོགས་དབང་རྒྱལ། སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭ།   

    ལོ་དྲུག་སྐབས་ཀྱི་བྱིས་པ་ང༌། འཇིག་རྟེན་གྱི་གནས་ལུགས་དང༌། རྒྱལ་ཁབ་ཀྱི་སྲིད་བྱུས་སོགས་གང་ཡང་མི་ཤེས་པའི་བུ་ཆུང་སྤྲོ་སྣང་ལྡན་པ་ཞིག་ཡིན། ངའི་ཁྱིམ་ཚང་ནི་ཆུ་ཕྲན་ཆུང་ཆུང་ཞིག་གི་འགྲམ་དུ་ཆགས་ཡོད། ང་དང་ངའི་གཅུང་མོ་བཀྲ་ཤིས་དཔལ་མོ་ནི་ཨ་མའི་གཅེས་ཕྲུག་དང་ཨ་ཕའི་ནོར་བུ་རེད། ངའི་ཡབ་ཡུམ་གཉིས་ལ་ཕྲུ་གུ་ངེད་གཉིས་ལས་གཞན་མེད་སྟབས། ཧ་ཅང་བྱམས། གཅུང་མོ་ངེད་གཉིས་ག་དུས་ཡིན་ཡང་ཆུ་ཕྲན་ཆུང་ཆུང་དེའི་འགྲམ་དུ་ཉ་དང་མེ་ཏོག་སོགས་ལ་མགོ་འཁོར་ནས་སྡོད་ཀྱི་ཡོད། མཚན་མོ་ནང་དུ་ལོག་དུས་ཨ་མ་ལགས་ཀྱིས་ཁ་ཟས་གང་འདོད་སྟེར་བ་དང༌། བྱམས་པོ་གནང་ཞིང༌། ཨ་ཕས་གཅུང་མོ་ངེད་གཉིས་ལ་བྱིས་སྒྲུང་མང་པོ་བཤད་པ་དང་མ་འོངས་པའི་མདུན་ལམ་ཐོག་སློབ་སྟོན་བྱ་བར་ཤིན་ཏུ་དགའ། ཨ་མས་གཅུང་མོ་ངེད་གཉིས་ལ་མི་གཞན་དང་མཐུན་པོ་བྱེད་དགོས་པ་དང༌། ཕྲུ་གུ་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཆགས་པར་རྟག་ཏུ་བརྩོན་དགོས་ཟེར། དེ་དུས་ངའི་སེམས་ལ་ངའི་ཁྱིམ་ཚང་ནི་སྤྲོ་སྐྱིད་ལྡན་པ་ཞིག་དང༌། ཕ་མ་གཉིས་ནི་འཇིག་རྟེན་ནང་གི་ཕ་མ་བཟང་ཤོས་ཤིག་ཏུ་མངོན།
    དུས་ཚོད་ཧ་ཅང་འགྲོ་མགྱོགས་པས་ལོ་དྲུག་ཅན་གྱི་བྱིས་པ་ང༌། ད་ལྟ་ལང་ཚོ་རྒྱས་པའི་ཕོ་གསར་ཞིག་ཆགས། ངའི་གཅུང་མོ་ཡང་ཨ་མ་ལགས་ལ་ཕྱག་རོགས་ཞུ་མཁན་དང་ནང་གི་བུ་མོ་ཡག་ཤོས་ཤིག་རེད། འོན་ཀྱང༌། གུས་པའི་ཕ་རྒན་ནི་སྤྱིར་བཏང་གི་མི་ཞིག་མིན་པ་ངས་གཞི་ནས་ཤེས། ངའི་ཨ་ཕ་ནི་རང་ཉིད་ཀྱི་རྒྱལ་ཁབ་ལ་རང་དབང་དང་ཐོབ་ཐང་སོགས་ལ་འཐབ་རྩོད་བྱེད་མཁན་ཞིག་རེད་འདུག དེ་དུས་ངས་རང་ཉིད་བོད་པ་ཞིག་ཡིན་པ་དང༌། རང་ཉིད་ཀྱི་རྒྱལ་ཁབ་ནི་བོད་ལྗོངས་ཡིན་པ་ཤེས། ཨ་ཕས་རྒྱ་དམར་གྱི་མནར་གཅོད་མ་བཟོད་པར་རྒྱ་དམག་དང་འཐབ་སྟེ་རང་སྲོག་དོར། དེ་དུས་ངའི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང༌། ཆུ་ཕྲན་འགྲམ་གྱི་མེ་ཏོག་ཀྱང་སད་ཀྱིས་བཅོམ། ཨ་མ་དང་གཅུང་མོ་གཉིས་སྡུག་བསྔལ་གྱིས་མནར་བཞིན་ངའི་ཕུགས་བསམ་ལ་བློ་འཚབ་སྐྱེས། གུས་པ་ཡང་སེམས་འཚབ་དང་རྒྱ་དམར་ལ་ཁོང་ཁྲོ་སྐྱེས། འདི་ལྟར་ངའི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་གཏོར། ཨ་ཕ་རྒན་པོའི་བླ་སྲོག་འཁྱེར། ངའི་སྤྲོ་སྐྱིད་ཀྱི་ཞིང་སར་དུག་མཚོན་བཀྲམ།
    རྒྱ་དམར་ཡ། རྒྱ་དམར། ཁྱོད་ནི་ཅི་འདྲའི་སྙིང་རྗེ་མེད་པ་ཞིག་རེད་ཨང༌།
    ངས་བསམ་པར་ངའི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་དུས་ནམ་ཡང་སླར་གསོ་བྱེད་མི་ཐུབ་ལ། ཨ་ཕ་བཟང་པོ་དུས་ནམ་ཡང་ལོག་མི་ཡོང༌། འོན་ཀྱང༌། ངས་སེམས་ཤུགས་མ་ཆག་པར་ཨ་མའི་རེ་འདུན་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་མ་འོངས་པའི་ཕུགས་བསམ་དང་བོད་ཀྱི་བདེན་མཐའ་སེལ་ཆེད་བཙན་བྱོལ་དུ་ཡོང༌།
    རྒྱ་གར་ནི་དངོས་ནས་སངས་རྒྱས་ཀྱི་ཞིང་ས་ཞིག་རེད། གུས་པ་ྋསྐྱབས་མགོན་དམ་པའི་སློབ་གྲྭར་བསྐྱོད་པ་ཡིན། སློབ་གྲྭ་ནི་སྔར་རང་ཉིད་ཀྱི་ཕ་ས་དང་འདྲ་ལ། སློབ་གྲྭའི་ཁྱིམ་ཚང་ནི་སྔོན་གྱི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་དང་མཐུན་པར་མ་ཟད། ཁྱིམ་གྲོགས་རྣམས་གུས་པའི་གཅུང་མོ་དང་འདྲ་བར་ཕྲན་ལ་ཤིན་ཏུ་བརྩེ། ཁྱིམ་ཚང་གི་ཨ་མ་ལགས་ཀྱང༌། ངའི་ཨ་མ་བཟང་མོ་དང་འདྲ་བར་ཁྱིམ་གྲོགས་རྣམས་དང་གུས་པར་ཤིན་ཏུ་བྱམས། དེ་དུས་ངའི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་ཡང་བསྐྱར་ངའི་མདུན་དུ་འཆར།
    ཡིན་ཡང༌། གུས་པའི་ཨ་ཕ་རྒན་པོ་ནི་ནམ་ཡང་ལོག་མི་སྲིད་ལ། ཁོང་ནི་ངའི་སེམས་ཁོང་གི་དཔའ་རྒོད་ཅིག་དང༌། ནམ་ཡང་བརྗེད་མི་ཐུབ་པའི་མི་ཞིག་ཡིན་ལགས།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདི་ནག་ནོག་གི་དྲི་མས་མ་གོས་ཤིང་སྤྲོ་སེམས་ཀྱིས་ཁེངས་པའི་བྱིས་པའི་དུས་སྐབས་ཀྱི་ཁྱིམ་ཚང་གི་བདེ་སྐྱིད་ནས་འགོ་བརྩམས་ཏེ། བཙན་གནོན་དང་གདུག་རྩུབ་འོག་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་འཐོར་བཤིག་ཏུ་གྱུར་པའི་སྐྱོ་གར་ཞིག་བཀོད་ཡོད་ལ། བཙན་བྱོལ་དུ་སླེབས་རྗེས་སློབ་གྲྭའི་ནང་བྱམས་སྐྱོང་ཚད་མེད་ཐོབ་སྟེ། སྔར་གྱི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་མྱོང་ཚོར་སླར་ཡང་ཐོབ་པའི་ཚུལ་བཀོད་པ་བཅས། བོད་གཞིས་ལུས་མི་མང་རྒྱའི་བཙན་དབང་འོག་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་སྐལ་བ་ཞན་པ་དང༌། རང་དབང་ལུང་པར་ཡོད་པའི་བོད་ཕྲུག་རྣམས་ྋགོང་ས་མཆོག་དང་རང་གཞུང་གི་བཀའ་དྲིན་འོག་བདེ་ཞིང་སྐྱིད་པའི་དཔལ་ལ་རོལ་བཞིན་ཡོད་ནའང༌། རང་ཡུལ་བོད་ཀྱི་རང་དབང་རྩོད་ལེན་བྱ་བའི་རླབས་ཆེན་གྱི་ལས་འགུལ་ནང་མ་བསྐུལ་དང་བླངས་ཀྱིས་ཞུགས་དགོས་པའི་ཕུགས་བསམ་མཚོན་ཡོད། རྩོམ་ཡིག་འདིའི་སྒྲིག་གཞིའི་བྱུང་རིམ་དང༌། ཁྱད་པར་དུ་མི་སྣ་དང་བྱ་བའི་བརྒྱུད་རིམ་བཀོད་འབྲི་བྱེད་སྟངས་ལེགས་ཤིང༌། ཚིག་སྦྱོར་སྙན་ཞིང་འབྲེལ་ཆགས་པ། གཅོད་མཚམས་རན་པ་བཅས། མུ་མཐུད་རྩོམ་འབྲིའི་བྱ་བ་ལ་འབད་བརྩོན་བྱས་ན་མ་འོངས་པར་རྩོམ་པ་པོ་ཚད་ལྡན་ཞིག་ཡོང་བའི་རེ་བ་འདུག
    རྩོམ་ཡིག་ཁྲོད་སྣང་མེད་དུ་ཤོར་བའི་ཚིག་ཕྲད་དང་དག་ཆ་རེ་ཟུང་ནོར་བ་འདུག་ལ། རྩོམ་ཡིག་གི་མཇུག་བསྡུ་སྟངས་སྤྱི་བཏང་འགྲིགས་ངེས་འདུག་ནའང༌། ད་དུང་དེ་ལྷག་ཡོང་བཟོ་འདུག་པས་ཕྱིས་སུ་ངེས་པར་དུ་ཡིད་གཟབ་གནང་བར་ཞུ།

སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།(ཨང་གསུམ་པ)

བློ་བཟང་ཚུལ་ཁྲིམས། སེར་བྱེས་འབྲིང་རིམ་སློབ་གྲྭ།

སྙན་པར་གྲགས་ཤིང་འཛམ་གླིང་ཀུན་གྱིས་བསྟོད། །བྱམས་བརྩེས་ཕྱུག་ཅིང་སྙིང་རྗེའི་རང་གཟུགས་ཅན། །
མ་ལྟར་བོད་འབངས་བརྩེ་བས་སྡུག་བསྔལ་ལས། །སྒྲོལ་བའི་སྐྱབས་གཅིག་བསྟན་འཛིན་རྒྱ་མཚོར་འདུད། །

    འགྲོ་བ་མི་ཡི་སྤྱི་ཚོགས་སྟེང་ཁྱིམ་ཚང་སྣ་ཚོགས་ཡོད་པ་སྨྲ་མི་དགོས་ཤིང༌། དབུལ་ཕྱུག་ཀྱང་སྣ་ཚོགས་ཡོད། འོན་ཀྱང༌། སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ནི་དབུལ་ཕྱུག་གི་ཁྱད་པར་མ་ཡིན། དེ་ནི་ནང་སེམས་ལ་རག་ལས་པ་གོར་མ་ཆག ང་ཚོས་སྤྱི་ཚོགས་ནང་ཕྱུག་པོ་ཁྱིམ་ཚང་ཕལ་མོ་ཆེའི་ནང་སེམས་ཀྱི་དཀའ་ངལ་ལྡན་པའི་མི་ནི་བགྲང་ལས་འདས། དཔེར་ན། ཕྲག་དོག་གི་དབང་གིས་གཞན་ལ་རྒྱུ་ནོར་ཅ་ལག་སོགས་ཤོར་བའི་སེམས་ཁྲལ། རང་ཉིད་གཞན་གྱི་རྗེས་ལ་ལུས་པའི་སེམས་ཁྲལ་སོགས་ཡོད་པ་སྨོས་ཅི་དགོས། གཞན་ཡང༌། འཚོ་གོས་དབུལ་པོ་ཡོད་ཀྱང་རང་ཉིད་ཀྱི་ཕྲུ་གུ་སོགས་ལ་བརྩེ་སེམས་མེད་ན་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆགས་མི་ཐུབ། སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ནི་ཁྱིམ་ཚང་ཡ་རབས་དང་ལྡན་པ་ཞིག་ལ་ཟེར།
    དེ་ཡང་ཕ་མ་རང་ཉིད་ཡ་རབས་དང་སྤྱི་ཚོགས་ཀྱི་གནས་ལུགས་རྟོགས་ཐུབ་མཁན་ཞིག་དགོས་པ་མ་ཟད། གཞན་ཕན་གྱི་ཀུན་སློང་ཞིག་དགོས། དེར་བརྟེན། རང་ཉིད་ལ་གཞན་ཕན་གྱི་ཀུན་སློང་ཡོད་ན། རང་བཞིན་གྱིས་སྐྱེ་འགྲོ་གཞན་ལ་མཐུན་པོ་ཆགས། ལྷག་པར་དུ་ཕ་མས་རང་ཉིད་ཀྱི་གཅེས་ཕྲུག་ལ་རྒྱུན་གཏན་ནས་བསླབ་བྱ་སོགས་གནང་གི་ཡོད། རྒྱུན་དུ་ནང་མི་ཚང་མ་མཐུན་ཅིང༌། གཅིག་ཕན་གཅིག་གྲོགས་བྱས་ནས་སྡོད་དགོས་པ་མ་ཟད། རྒན་པས་ཆུང་བར་བྱམས་སྐྱོང་དང་ཆུང་བས་རྒན་པར་བརྩི་བཀུར་བྱེད་དགོས། དེས་ཕན་ཚུན་གཉིས་ཀ་འཆམ་པོ་ཆགས་ཤིང༌། རང་བཞིན་གྱི་སེམས་སྐྱིད་པོའི་ངང་ནས་མི་ཚེ་ཞིག་བསྐྱལ་ཐུབ་པ་ཡིན།
    རང་ཉིད་ས་ཕྱོགས་གཞན་དུ་སླེབས་སྐབས་གཞི་ནས་རང་གི་ཁྱིམ་ཚང་གི་གནས་ལུགས་སམ་ཡང་ན་ཡག་ཉེས་རྟོགས་ཐུབ་པ་མ་ཟད། ཁྱིམ་ཚང་ལ་ལོག་འདོད་དང་བརྩེ་སེམས་ཅན་གྱི་ཕ་མ་དྲན་པའི་བློ་སྐྱེས་ཀྱི་རེད། དེ་འདྲའི་ཁྱིམ་ཚང་ཞིག་ལ་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་མཚན་ཉིད་ཚང་བ་རེད་སྙམ།
    གལ་སྲིད་རང་ཉིད་ལ་ཁྱིམ་ཚང་འདི་འདྲ་ཞིག་ཡོད་ན་འདི་ཕྱི་གཉིས་ལ་ཕན་པའི་བྱ་བ་མང་པོ་བསྒྲུབ་ཐུབ། དཔེར་ན། གཞན་ཕན་ནི་ཆོས་ཀྱི་སྙིང་པོ་ཡིན། རང་ཉིད་ལ་བག་ཆགས་ཡག་པོ་མང་པོ་བཞག་པར་བརྟེན་གཞན་ལ་ཕན་པའི་བློ་རང་བཞིན་གྱིས་ཡོང་ཞིང༌། གཞན་ལ་ཕན་པའི་བྱ་བ་མང་པོ་བྱས་པ་ཡིན་ན་སྒྲིབ་པ་གཉིས་ཀྱི་སྡིག་པ་འདག་པར་མ་ཟད། བློ་གྲོས་ཀྱི་ཤེས་བྱ་རྒྱས་ཤིང༌། མ་རིག་པའི་མུན་པ་ལས་གྲོལ་བར་འགྱུར་རོ། །
    གཞན་ཡང་ཡ་རབས་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཡོད་ཚེ། ལུང་པའི་གྲོང་པ་ཁྱིམ་མཚེས་སུ་ཡིན་ཡང་རང་བཞིན་གྱིས་བརྩི་མཐོང་ཆེན་པོ་བྱེད། དེའི་ཕྱིར། ང་ཚོས་ངེས་པར་དུ་གཞན་ཕན་གྱིས་ཀུན་ནས་བསླངས་ཏེ་རང་ཉིད་ཀྱི་ཁྱིམ་ཚང་ངམ་ཡང་ན་རོགས་པ་སུ་ཡིན་ཡང་ཡ་རབས་དང་སྤྱི་ཚོགས་ནང་མཐུན་པོ་བྱེད་དགོས་པའི་སྐོར་སོགས་མང་པོ་བཤད་དགོས། མཐའ་དོན་འཛམ་གླིང་ནང་ཡོད་པའི་བོད་མི་རིགས་ཀྱི་དཔྲལ་བའི་མིག་དང༌། ཁོག་པའི་སྙིང་ལྟ་བུ་ཡི་ཞི་བདེའི་དེད་དཔོན་ཆེན་པོ་སྐུ་ཚེ་བརྟན་ཅིང༌། མཛད་འཕྲིན་གྱི་འོད་ཟེར་མཁའ་ལ་ཁྱབ་པའི་སྨོན་འདུན་དང༌། གཞིས་བྱེས་ལྷན་འཛོམས་ཡོང་བའི་རེ་བའམ་འདོད་དོན་མྱུར་དུ་འགྲུབ་པའི་སྨོན་ལམ་ཞུ།

གངས་ཅན་ལྷ་གཅིག་བསྟན་འཛིན་རྒྱ་མཚོ་ཡི། །འཕྲིན་ལས་འོད་ཟེར་མཁའ་ལ་འཆར་བའི་མཐུས། །
གངས་ལྗོངས་རྒུད་པའི་མུན་པ་མཐར་བྱས་ཏེ། །རང་དབང་བདེ་དགའི་དཔལ་ལ་ལོངས་སྤྱོད་ཤོག །

རྩོམ་ཡིག་དཔྱད་མཆན།
    དཔྱད་བརྗོད་ཀྱི་རྣམ་པའི་སྒོ་ནས་བྲིས་པའི་རྩོམ་ཡིག་འདིར་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང༌། དེ་ལྟ་བུ་ཆ་རྐྱེན་ཚང་བའི་ཁྱིམ་ཚང་གི་ཕན་འབྲས་རྣམས་གསལ་འདོན་གྱིས་བགྲོ་གླེང་གི་སྒོ་ནས་བརྗོད་དོན་གཙོ་བོ་མཚོན་འདུག རྩོམ་ཡིག་གི་ཚིག་སྦྱོར་བབ་ཆགས་ཤིང་སྙན་པ་སོགས་ཀྱི་དགེ་མཚན་དུ་མ་ལྡན།
    བགྲོ་གླེང་གི་རྩོམ་ཡིག་འབྲི་སྐབས་བསྒྲུབ་བྱ་དང༌། སྒྲུབ་བྱེད། སྒྲུབ་ཚུལ་བཅས་ཀྱི་གཙོ་གནད་གསུམ་ཐོག་ཐུགས་སྣང་བྱ་དགོས། རྩོམ་ཡིག་གི་བསྒྲུབ་བྱ་གསལ་ཞིང་དམ་པོར་འཇུ་ཐུབ་ཡོད་ཅིང༌། སྒྲུབ་བྱེད་ཀྱང་གོ་རིམ་འགྲིགས་མིན་ཙམ་མ་གཏོགས་འགྲིགས་ངེས་ཀྱང༌། སྒྲུབ་ཚུལ་ལམ་སྒྲུབ་པའི་བརྒྱུད་རིམ་ཚགས་ཚུད་པོ་རང་མི་འདུག་པས། འདིའི་སྐོར་གྱི་ཕུལ་བྱུང་རྩོམ་ཡིག་མང་ཙམ་བཀླགས་ཏེ་གལ་གནད་འདི་དག་ཐད་དོ་སྣང་བྱས་ན་ཡར་རྒྱས་ཡོང་བར་ངེས།

མདུན་ཤོག