ངའི་ཕུགས་བསམ།(ཨང་དང་པོ)
ཡེ་ཤེས་བསམ་གཏན། སེར་བྱེས་འབྲིང་རིམ་སློབ་གྲྭ།
ཆ་གཉིས་རྒྱ་མཚོས་འཛིན་པའི་གོ་ལའི་སྟེང༌། །འཛམ་གླིང་ཡང་རྩེའི་བདག་པོ་གངས་ཅན་ཡུལ། །
དེད་དཔོན་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག །སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། །
ཞེས་མཆོད་པར་བརྗོད་པའི་འདུན་པ་སྔོན་དུ་བཏང་ནས་སྐབས་ཐོག་གི་བརྗོད་གཞི་ངའི་ཕུགས་བསམ་ཞེས་པའི་རྩོམ་གཞི་ནས་སྨྱུག་རྩེའི་གར་སྟབས་ཤོག་ཐོག་ཏུ་དྲངས།
སྤྱིར་འཇིག་རྟེན་ན་སུ་འདྲ་ཞིག་ཡིན་རུང་འགྲོ་བ་མིའི་རིགས་སུ་སྐྱེས་ཕྱིན་ཆད་འབྱུང་འགྱུར་མ་འོངས་པའི་ནང་ཕུགས་བསམ་བརྟན་པོ་ཞིག་དང༌། དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། འོན་ཀྱང་ཕུགས་བསམ་ལ་མཐའ་མེད་པ་དང་ལེགས་ཉེས་ཀྱི་ཆ་ལྡན་པ་སྟེ། ལ་ལའི་ཕུགས་བསམ་ནི་ཀུན་གྱིས་བསྟོད་བསྔགས་སུ་འོས་པའི་ཡ་རབས་དང་ཤེས་ཡོན་ལྡན་པའི་མི་སྣ་བཟང་པོ་ཞིག་འགྱུར་ཐུབ་པ་དང༌། ལ་ལའི་ཕུགས་བསམ་ནི་ཀུན་གྱིས་སྨད་པ་འཕེན་པའི་གདུག་རྩུབ་ཆེ་བའི་མི་སྣ་ཞིག་ཆགས་ཀྱི་ཡོད། དེ་དག་ནི་ཕུགས་བསམ་ལྡན་པའི་གང་ཟག་སྒེར་གྱི་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་ནུས་རྩལ་ལ་རག་ལས་པ་ནི་གདོན་མི་ཟའོ། །
དེས་ན་འགྲོ་བ་མིའི་རིགས་ཀྱི་ཁོངས་སུ་གཏོགས་པའི་ཕྲན་ལྟ་བུ་ཞིག་ལ་ཆ་མཚོན་ན་སྐྱེས་པའི་ཐོག་མར་མ་ཡུམ་གངས་ལྗོངས་ནས་ཡིན་ཞིང༌། འཆི་བའི་མཐའ་མ་མ་ཡུམ་གངས་ལྗོངས་ཀྱི་དོན་དུ་འགྲོ་དགོས་པར་བརྟེན། ངའི་ཕུགས་བསམ་གྱི་ཁ་ཕྱོགས་ཀྱང་གངས་ཅན་གྱི་དོན་ལ་བགྲོད་དེ་མཐའ་མ་ཕུགས་བསམ་གྱི་འབྲས་བུ་དེ་ངའི་ཕ་ཡུལ་གངས་ལྗོངས་ཀྱི་བུ་རབས་རྣམས་ལ་འཇོག་དགོས་པ་ནི་ངའི་མི་ཚེའི་ནང་གི་བསྒྲུབ་བྱ་ལྟེ་བ་དེ་ཡིན་ལ། ཕུགས་བསམ་ཡིན་ཡང་བརྗོད་ཆོག རྒྱུ་མཚན་ནི་འཛམ་གླིང་ཡང་རྩེའི་བོད་ཁ་བའི་ལྗོངས་སུ་ཁུངས་ལུང་དབེན་པའི་གཡོ་ཟོལ་གྱི་མུན་པ་འཐིབས་པའི་ནམ་མཁའི་སྤྲིན་ནག་ལང་ལོང་གིས་ཁད་ཀྱིས་བསྒྲིབས་ཤིང༌། ས་གཞི་རུ་རིག་གནས་གསར་བརྗེ་ཟེར་བའི་རླུང་འཚུབ་ཆེན་པོ་ཞིག་ལྡང་སྟེ་ཡུལ་དེ་ནང་གྀ་རྩ་ཆེན་གྱི་སྣོད་བཅུད་མ་ལུས་མིང་གི་ལྷག་མེད་དུ་བསྒྱུར་ཟིན་པས། ཁོ་བོ་ནི་ཀླ་ཀློའི་བཙན་གནོན་འོག་ཏུ་གནས་ཐབས་བྲལ་ནས་གཅེས་པའི་ཕ་ཡུལ་དང་དྲིན་ཅན་གྱི་ཡབ་ཡུམ་རྣམ་པ་རྒྱབ་ཏུ་བསྐྱུར་ནས་ཉིན་མཚན་དྲུག་ཅུ་ཡི་གོམ་ཁ་སྤོས་ནས་མཐའ་མ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེའི་འོག་ཚ་གདུག་ཆེ་བའི་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཞིང༌། བཙན་བྱོལ་གཞུང་གི་ལམ་སྟོན་འོག་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་འབྲིང་རིམ་སློབ་གྲྭའི་ནང་ཞུགས་ཏེ། དབྱིན་བོད་ཀྱི་དབྱངས་གསལ་གྱེར་ཐུབ་པ་དེ་ནི་ངའི་མི་ཚེའི་ནང་གི་སློབ་སྦྱོང་གི་གོ་སྐབས་ཐོག་མ་དེ་ཡིན།
དུས་དེ་ནས་བཟུང་ངའི་གངས་དཀར་སེམས་ཀྱི་གཏིང་ནས་བཞུར་བའི་འབྱུང་འགྱུར་གྱི་ཕུགས་བསམ། དེ་ནི་མཚར་སྡུག་འོད་སྟོང་འབར་བའི་མེས་པོའི་ཤུལ་རྗེས་དེད་དེ་བོད་ཀྱི་དཀའ་རྙོག་དེ་ཞི་བའི་དེད་དཔོན་ཆེན་པོ་བོད་མི་ས་ཡ་དྲུག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་སུ་འཁྲུངས་པའི་གཉིས་སྨན་དབུ་མའི་ལམ་ནས་སེལ་ཐུབ་པའི་འབད་འབུངས་མུ་མཐུད་དེ་རྒྱ་ནག་ལ་ཞི་བའི་སྒོ་ནས་གསལ་བཤད་བྱེད་རྒྱུ་དང༌། ལྷག་དོན་རྒྱལ་སྤྱིའི་སྟེང་དུ་རྒྱུ་མཚན་འཕེར་བའི་བོད་དོན་གྱི་སྐོར་ཆད་ལྷག་མེད་པ་དུས་ནས་དུས་སུ་བརྒྱུད་བསྒྲགས་བྱེད་རྒྱུས་མཚོན་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཉིན་ཞིག་བོད་འབངས་ཀུན་གྱིས་དགའ་ཚོར་བརྗོད་དུ་དཀའ་བ་ཞིག་སྟེ། བོད་ཀྱི་བདེན་མཐའ་དབུ་མའི་ལམ་ནས་སེལ་ཐུབ་ཅིང༌། ཕོ་བྲང་ཆེན་པོ་པོ་ཏ་ལའི་མདུན་དུ་གཞིས་བྱེས་སྤུན་ཟླ་ཡོངས་ཀྱིས་སྐད་གསེང་མཐོན་པོའི་སྒོ་ནས་བདེ་སྐྱིད་ཀྱི་གླུ་དབྱངས་ལེན་པའི་ཉིན་མོ་ཞིག་ཤར་ནས་བོད་གངས་ཅན་གྱི་ལྗོངས་དེ་འཛམ་གླིང་ཞི་བདེའི་བསྟི་གནས་སུ་བསྒྱུར་ཐུབ་སླད། རང་རེའི་རྒྱལ་ཁབ་ནང་དམག་དོན་དང་དུག་རྫས་ཀྱི་བྱ་སྤྱོད་རིགས་གཏན་ནས་དོར་སྟེ། སྔར་བཞིན་ྋགོང་ས་མཆོག་གིས་གནང་བའི་དམངས་གཙོ་ཡི་ལམ་ལུགས་བཟང་པོ་རྒྱུན་སྐྱོང་བྱེད་དགོས་པ་མ་ཟད། བོད་གངས་ཅན་གྱི་ལྗོངས་སུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྔར་ལས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་དབྱར་མཚོ་བཞིན་རྒྱས་ཐུབ་པའི་ཆེད་དུ་དགེ་འདུན་གྱི་སྡེ་སྔར་ཡོད་དར་སྤེལ་དང༌། མེད་པ་གསར་བསྐྲུན་གྱི་ལས་གཞི་གོང་དུ་སྤེལ་ཏེ་སྤུས་ཚད་ལྡན་པའི་སློབ་གཉེར་བ་བགྲང་གིས་མི་ལང་པ་ཞིག་སྐྱེད་སྲིང་བྱེད་རྒྱུའི་ལས་དོན་གལ་གནད་ཅིག་ཏུ་བརྩི་དགོས་པ་དང༌། མདོར་ན། བོད་དེ་ཞི་བདེའི་བསྟི་གནས་སུ་བསྐྲུན་ཐབས་ལ་ལྷག་བསམ་རྣམ་དག་གིས་དཀའ་སྡུག་ཅི་ཞིག་ལ་འཕྲད་ཀྱང་ཞུམ་པ་མེད་པའི་ཐོག་ནས་ལས་འགན་དང་སྲི་ཞུ་རྣལ་མ་ཞིག་ཞུ་ཐུབ་པའི་སྙིང་སྟོབས་སམ་འདུན་པ་དྲག་པོ་དེ་ནི་འགྱུར་མི་ཐུབ་པའི་”ངའི་ཕུགས་བསམ་” ཡིན་ལ། མ་ཡུམ་གངས་ལྗོངས་ལ་ཕུལ་བའི་ཚེ་སྲོག་དྭངས་མ་ཞིག་ཡིན།
འོན་ཏེ་ངའི་མི་ཚེ་ནང་གི་བསྒྲུབ་བྱའི་ཕུགས་བསམ་དེ་འདྲ་བ་ཞིག་ལ་སྒྲུབ་བྱེད་ཀྱི་མཐུན་རྐྱེན་ཚང་དགོས་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་པས། ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཐུགས་རྗེའི་རྨང་གཞིའི་འོག སེར་བྱེས་འབྲིང་རིམ་སློབ་གྲྭའི་ནང་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་གྱི་ཤེས་ཡོན་གནས་ཚད་གཞི་རུ་བཟུང་ནས་སྙིང་རུས་ཆེན་པོས་མཇུག་མཐའི་འཛིན་གྲྭ་བཅུ་པ་ཐོན་མཚམས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་དར་རྒྱས་གླིང་གི་སྒྲིག་ཁོངས་སུ་ཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་བྱེད་ཞོར། ཆགས་འཇིག་གི་མཚམས་སུ་སླེབས་པའི་བོད་ཀྱི་སྐད་ཡིག་དང་སྙན་སུམ་དག རྒྱལ་རབས་དང་ཆོས་འབྱུང་སོགས་ལ་སློབ་སྦྱོང་བྱེད་པ་མ་ཟད། དེང་དུས་ཤེས་ཡོན་གྱི་རྨང་གཞི་ལྡན་པའི་ཐོག་ནས་ཚན་རིག་གི་ཆུ་ཚད་གོང་དུ་གཏོང་ཐབས་དང༌། དབྱིན་ཇིའི་གནས་ཚད་མཐོན་པོར་སོན་ཐབས་ལ་ཉིན་མཚན་ལྷོད་མེད་ཀྱིས་བརྩོན་འགྲུས་བརྩམ་སྟེ། ཚད་དང་ལྡན་པའི་ལྷ་རམས་དགེ་བཤེས་ཀྱི་མཚན་རྟགས་བླངས་ནས་རང་མི་རིགས་ལ་ནང་ཆོས་ཀྱི་གོ་རྟོགས་མཐོ་རུ་གཏོང་རྒྱུ་དང༌། རྒྱལ་སྤྱིའི་སྟེང་དུ་བོད་དོན་གྱི་སྐོར་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་ཞིག་ཐོབ་པའི་བརྒྱུད་བསྒྲགས་དང་འགྲེལ་བཤད་རྒྱག་ཐུབ་པའི་མཚམས་སུ་ད་གཟོད་ངའི་ཕུགས་བསམ་གྱི་གོམ་པ་དང་པོ་དེ་དེ་ནས་སྤོ་འགོ་ཚུགས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ནང་རྩོམ་པ་པོས་རང་ཉིད་ཀྱི་ཕུགས་བསམ་སྐོར་གླེང་མོལ་བྱེད་པའི་ལམ་ནས་རང་ཡུལ་བོད་ཀྱི་ཐབས་སྐྱོའི་གནས་སྟངས་དང༌། བོད་ཀྱི་རྩ་དོན་ཐོག་ན་གཞོན་སློབ་ཕྲུག་རྣམས་ཀྱིས་ཐུགས་སྣང་ཆེན་པོས་རང་འཁྲིའི་ལས་འགན་བསྒྲུབ་པའི་ཆོད་སེམས་བཅས་མཚོན་ཐབས་བྱས་འདུག དེ་ཡང་ཐོག་མར་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་བཅས་སྲོལ་རྒྱུན་གྱི་འབྲི་སྟངས་ལྟར་རྩོམ་འགོ་བཙུགས་ཏེ། དམ་བཅའ་དང་རེ་སྨོན་གྱི་སྒོ་ནས་མཇུག་བསྡུ་བྱས་འདུག ཚིག་གི་སྦྱོར་བ་ལེགས་ཤིང་ཡི་གེའི་དག་ཆ་དང་ཕྲད་སྦྱོར་ཚུལ་ནོར་སྐྱོན་ཧ་ཅང་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན།
རྩོམ་ཡིག་མ་བྲིས་སྔོན་རྩོམ་གཞིའི་རྒྱུ་ཆ་བསྡུ་རུབ་དང་གདམས་གསེས་ཡག་པོ་ཞིག་གནང་གལ་ཆེ། དེ་ལྟར་མ་བྱུང་ཚེ་དུམ་མཚམས་གང་ཞིག་ཏུ་གནས་ཚུལ་གང་ཞིག་འབྲི་མིན་གྱི་འཆར་གཞི་གསལ་པོ་མེད་པའི་རྐྱེན་གྱིས་ཟློས་སྐྱོན་དང་གཙོ་གནད་དམ་འཛིན་མི་ཐུབ་པའི་སྐྱོན་གནས་འབྱུང་སླ་ཡིད་འཇོག་གིས་ཧུར་བརྩོན་གནང་ན་རྩོམ་འབྲིའི་གྲུབ་འབྲས་གཡུར་དུ་ཟ་བར་ངེས།
ངའི་ཕུགས་བསམ།(ཨང་གཉིས་པ)
ཕུན་ཚོགས་རྣམ་རྒྱལ། མ་སུ་རི་བོད་ཁྱིམ་སློབ་གྲྭ།
སེམས་ཀྱི་རང་བཞིན་འོད་གསལ་བ། །འོན་ཀྱང་གློ་བུར་གྲིབ་མས་སྒྲིབ། །
གྲིབ་མ་དེ་གསལ་སངས་རྒྱས་དངོས། །སེམས་ངོ་ཆོད་ན་སྡུག་བསྔལ་མེད། །
ཐོབ་ཤོར་མེད་ན་ཡིད་སེམས་བདེ། །
ཕྱི་སྣོད་འཇིག་རྟེན་གྱི་ཁམས་འདིར་ཞི་བདེ་ལྷིང་འཇགས་ལ་པདྨས་ཁེབས་པའི་མཚོ་རྫིང་དང༌། ནང་བཅུད་སེམས་ཅན་གྱི་ཁམས་འདིར་གདོང་མི་འདྲ་བའི་རིགས་རུས་ཐ་དད། གཟུགས་མི་འདྲ་བའི་མི་དང་དུད་འགྲོ་སོགས་ཀྱིས་བརྒྱན་ཡོད་པ་ནི་སྨོས་ཅི་དགོས། དེ་ཡང༌། གང་ཟག་རེ་ལ་ཕུགས་བསམ་རེ་དང༌། སྐྱེ་བོ་རེ་ལ་འདུན་མ་རེ་ཡོད་པ་ནི་མི་སུམ་ཅུ་ལ་བསམ་པ་སུམ་ཅུ་དང༌། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཞེས་རང་ཅག་ཁ་བ་རི་པའི་གཏམ་དཔེ་རུ་མཆིས། དེ་ཡང༌། ངའི་ཕུགས་བསམ་ལ་སྤྱད་ན།
ཕུགས་བསམ། ཁྱེད་ནི་གསང་བའི་ལམ་དུ་འཆར་བས། ངས་བྲང་ཁོག་ཏུ་དམར་ལ་མེ་རི་འདྲ་བའི་སྙིང་ཁམས་སུ། དཀར་ལ་དར་དཀར་གྱིས་བཅིངས་ནས་ཛམ་བྷ་ལྷ་ཡིས་ཕྲན་ལ་གནང་བ་ལྟ་བུའི་ཁྱེད་ལ་བརྩེ་སེམས་ཆེ།
ཁྱེད་ནི་བདག་གི་མདུན་ལམ་སྟེ། འདས་པའི་ལོ་རྒྱུས་ལ་ཕྱི་མིག་ལྟ་དུས་ངའི་སེམས་ཁོང་དུ་མཚོ་ལྟར་འཁྱིལ་ནས་འབྲལ་ཐབས་མེད་པ་ཁྱེད་ནི་ང་ཡི་གྲིབ་ནག་དང་གཅིག་མཚུངས་རེད།
ཕུགས་བསམ། ཁྱེད་ནི་ཕྲན་གྱི་ལམ་མཁན་ཏེ། ང་རྨོངས་པ་དང་མ་རིག་པའི་ལམ་དུ་ཕྱིན་དུས་ཁྱེད་ཀྱིས་ང་ལ་དྲན་བསྐུལ་བྱས། ཕུགས་བསམ། ཁྱེད་ནི་ང་ཡི་ནོར་བུ་སྟེ། སྤྱི་ཚོགས་འདི་དང་ས་ཕྱོགས་འདི་ལ་དྭ་ཕྲུག་ལྟ་བུ་གྱུར་ནས། ལྷགས་རླུང་དང་སེར་བས་བརྡུངས་ནས། ཉག་ཕྲ་བའི་དུས་འདི་ལ་འཚེ་བ་མེད་པར་བརྩེ་བའི་བསླབ་བྱ་དང་གདམས་ངག་སོགས་ཀྱི་ལམ་དུ་ཁྲིད་པས། ཤེས་རབ་ཆེ་བ་ལ་གཏིང་མཐའ་མེད་པའི་རྒྱ་མཚོ་རུ་གྲུབ།
ཕུགས་བསམ། ཁྱེད་ནི་ང་ཡི་དགོས་འདོད་དེ། ཉིན་མཚན་དབྱེ་བ་མེད་པར་ལྷོད་མེད་བརྩོན་པ་ཡིས། མ་རིག་པའི་ལམ་ནས་བསྐྱབས། ཤེས་བྱ་ཡི་བདུད་རྩི་སྟེར་བས། བརྩེ་སེམས་ཅན་ལ་ནུ་ཞོ་སྦྱིན་པའི་མ་མ་རུ་གྲུབ།
ཕུགས་བསམ། ཁྱེད་ནི་ང་ཡི་མི་ཚེ་སྟེ། སྤྱི་ཚོགས་ཀྱི་རྙོག་དྲ་དང༌། རང་འདོད་ཀྱི་ཁེ་ཕན། གཞན་ཕྱོགས་ལ་འཁོན་འཛིན། འདོད་ཆགས་སམ་ཞེ་སྡང༌། གཏི་མུག་གི་ལམ་དང་མ་འདྲེས་པར་བརྟན་ཅིང་བརླིང་བ་ལ་འགྱུར་མེད་ཀྱི་རི་རྒྱལ་ལྷུན་པོ།
ཕུགས་བསམ། ཁྱེད་ནི་ང་ཡི་སྙིང་གྲོགས་ཏེ། དྭ་ཕྲུག་ཁེར་རྐྱང་པ་ང་སྤྱི་ཚོགས་དང་མི་མཐུན་པའི་ལས་རིགས་སྤེལ་ནས། ཕྱིར་འབུད་བྱས་ནས་ལམ་ཁ་རུ་ཁུག་རྟ་ལྟ་བུ་ཆགས་དུས། ཁྱེད་ཀྱིས་ཕྲན་ལ་ཁ་ཏ་དང་བསླབ་བྱ། སེམས་གསོ་གཏོང་བས། ཁྱེད་ཀྱི་ངག་ནི་སྙན་ཞིང་འཇེབས་ལ་ཁུ་བྱུག་བུ་མོའི་གླུ་དབྱངས་དང་གཅིག་མཚུངས་སུ་མཆིས།
ཕུགས་བསམ། ཁྱེད་ནི་ང་ཡི་སྲུང་མ་སྟེ། འདས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ལ་ཁྱེད་ཀྱི་ང་ལ་ཕན་པ་མ་གཏོགས་གནོད་པ་མི་འདུག མ་ཟད། ཁྱེད་ཀྱིས་ཕ་རོལ་པ་དག་བཅོམ་པ་གསལ་འདུག་པས། དཔའ་མཛངས་ཅན་ལ་འགྱུར་མེད་གདོང་ལྔའི་སེང་གེ་རུ་གྲུབ།
ཕུགས་བསམ། ཁྱེད་ནི་ང་ཡི་སྙིང་སྡུག་སྟེ། བཞིན་རས་དཀར་ཞིང་གསལ་བས་དུང་ཟླ་མི་ཡུལ་དུ་ལྷུང་འདྲ། ལུས་ནས་དྲི་ཞིམ་འཐུལ་བ་དང་སྤྱན་ནི་རི་དྭགས་ཀྱི་མིག་ཏུ་གྲུབ་པ། ལམ་དཀྱིལ་དུ་ཕེབས་སྐབས་འཆོར་སྒེག་ཅན་ལ་ལྡེམ་ལྡེམ་གཡོ་བའི་པདྨ་རུ་གྲུབ།
ཕུགས་བསམ། ཁྱེད་ནི་ང་ཡི་གྱོན་ཆས་ཏེ། ཞུམ་པ་མེད་ལ་ངོ་ཚ་མེད་པར་སྤྱི་ཚོགས་ཀྱི་ཁྲོད་དུ་འཆོར་དུས། གང་ཟག་གཞན་དང་ཐུན་མོང་མ་ཡིན་པ། ཚང་མས་ཕྲན་ལ་གུས་པ་དང་དགའ་བའི་རྣམ་འགྱུར་གྲངས་ལས་འདས་པས། ལང་ཚོ་ཅན་ལ་མཚར་སྡུག་བཀྲ་བའི་འཇའ་ཚོན་ནི་ཁྱེད་རེད།
མདོར་ན་ངའི་ཕུགས་བསམ། ཁྱེད་ནི་མེད་དུ་མི་རུང་བའི་དངོས་པོ་ཞིག་བདག་ལ་གྲུབ། ཁྱེད་མེད་ན་ངས་སེམས་ཁམས་སྟོང་པ། ཁྱེད་མེད་ན། ངའི་མི་ཚེ་སྟོང་པ་ཡིན་པས། ཁྱེད་ལ་རེ་སྒུག་དང་སྦྲགས་འབྲལ་མེད་ང་དང་ལྷན་དུ་བཞུགས་རོགས་ཞེས་རེ་སྐུལ་འདི་ཁྱེད་ལ་འབུལ།
ཕུགས་བསམ་ལགས། ཁྱེད་ང་དང་འབྲལ་བ་མེད་པར་སྤྱི་ཚོགས་འདིའི་ནང་གནས་ཡོད་པས། ང་དགའ་བ་ལ། པདྨ་ལ་ཉི་འོད་ཕོག་ནས་ཁ་ཕྱེ་བ་དང་གཉིས་སུ་མ་མཆིས།
འོན་ཀྱང༌། ངས་དེ་རིང་ཕུགས་བསམ་ཁྱེད་གསང་བའི་ལམ་དུ་མ་འཁྲིད་པ་མང་ཚོགས་ལ་གསལ་བོ་བཤད་ན་ཁྱེད་ཐུགས་ཁྲོ་ལངས་པ་ཨེ་འདུག གལ་སྲིད། ཁྱེད་ཐུགས་ཁྲོ་བཞེངས་པ་མེད་ན། དཀར་གསལ་གྱི་གངས་རི་ལ་སེང་གེའི་རྐང་རྗེས་གསལ་བ་ལྟར་ཤོག་དཀར་འདིའི་ཐོག་ཏུ་སྔོན་བྱོན་ཐོན་མི་མཆོག་གི་གསར་བཏོད་དང༌། དྲིན་ཆེན་གྱི་མཁས་དབང་ལོ་ཙཱ་བ་རིན་ཆེན་བཟང་པོ་གཙོས་མཁས་དབང་དག་ནས་དཔྱད་པ་དང་བསྒྱུར་བཅོས་མཛད་པ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པའི་གསུང་རབ་ཡན་ལག་བཅུ་གཉིས་བསྒྱུར་སའི་བྱིན་རླབས་དང་དངོས་གྲུབ་ཅན་གྱི་ཡི་གེ་བོད་ཡིག་འདིའི་ཐོག་སྨྱུ་གུའི་ཞབས་བྲོ་ཞིག་བསྐྱོན་འདོད། འོན་ཀྱང༌། ཁྱེད་ནི་བདག་གི་མེད་ཐབས་མེད་པའི་དངོས་པོ་ཞིག་ཏུ་གྲུབ། དེར་བརྟེན། མ་འོངས་ལྷིང་འཇགས་དང་བཀའ་དྲིན་རྗེས་དྲན་གྱི་རྣམ་པའམ་ཀུན་སློང་འཆར་བས་དོགས་འདྲི་དེ་ཁྱེད་ལ་ཕུལ་བ་ཡིན།
ཕུགས་བསམ་ལགས། གསན་པ་ཨེ་འདུག གལ་སྲིད་ཁྱེད་ཀྱིས་གསན་པ་འདུག་ན་བདག་གི་རྣ་ལམ་ན་བུན་གྱི་འཁྲིགས་པ་འདིའི་ནང་སྙན་པའི་ངག་གི་འགྱུར་ཆ་ལ་ཁུ་བྱུག་ལྗོན་ཤིང་གི་རྩེ་ནས་འགྱུར་འདྲ་ཞིག་རྣ་ལམ་དུ་ཐོས་པར་བྱེད་རོགས། གལ་སྲིད་ཁྱེད་ཀྱིས་གསུངས་ལན་སོགས་གང་ཡང་མ་གནང་ན། དངོས་གནས་ང་སྐྱོ་བའི་ལམ་དུ་འགྲོ་ཉེན་ཆེ། ལྷ་ལམ་ནས་ཆུ་འཛིན་དག་གི་འགྱུར་རྩལ་ངོམ་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བསྐོར་ན། ངའི་ཕུགས་བསམ་གྱིས་ང་ལ་སྙན་པའི་གསུངས་ལན་ཞིག་མེད་དམ་བསམ་ནས་རྟ་བདུན་དབང་པོ་ནུབ་རིའི་རྒྱབ་ཏུ་མ་ཕྱིན་བར་དུ་སྒུག་ཆོག
རྒྱ་མཚོའི་ནང་ནས་ཉ་ཆུང་གསེར་མིག་འཁྱུག་པ་འདྲ་མཐོང་ན་ཆུ་ལ་དར་གྱིས་མ་ཁེབས་བར་དུ་ཁྱེད་ཀྱི་གསུང་ལན་སྒུག་ངེས་ཡིན། མུན་པའི་སྨག་ལས་བཅོ་ལྔའི་དུང་ཟླ་ནམ་མཁའི་དབྱིངས་སུ་ལྡིང་ན་ཐོ་རེངས་དང་སྐྱ་རེངས་མ་ཤར་བར་དུ་ཁྱེད་ཀྱི་གསུང་འཕྲིན་སྒུག
གང་ལྟར་ཕུགས་བསམ་ཁྱེད་ཀྱི་གསུང་ལན་མ་འབྱོར་བར་དུ་ང་དྭ་ཕྲུག་གི།
མགོ་སྤུ་གངས་ལྟར་དཀར་པོ། །གངས་ལ་ཉི་འོད་ཕོག་འདྲ། །གཉེར་མ་གཤོངས་ལྟར་འཕྲེད་རྒྱུག །
གཤོངས་ལ་ས་དམར་གཤོས་འདྲ།།ལག་ལ་དབྱུག་པ་བཙུགས་པ། །རི་ཆེན་སྡོང་ལ་བསྔས་འདྲ། །
ལག་པ་གཉེར་མ་འཁུམ་པས། །རི་ཆུང་པགས་པ་གཤོས་འདྲ། །གཟུགས་པོ་གཞུ་ལྟར་གུག་པ། །
གཞུ་ལ་མདའ་ཁ་སྤྲད་འདྲ། །
འཆལ་པོ་དྭ་ཕྲུག་ངའི་སྐེ་ལ་གཤིན་རྗེ་ཡི་ཞགས་པ་མ་ཐེབས་བར་དུ་ངས་ཁྱེད་རང་གི་གསུང་ལན་སྒུག་ངེས་ཡིན། །
རང་སེམས་ལྕགས་ཀྱི་སྒོ་ཡིན། །དེ་རིང་ལྕགས་སྒོ་བརྒྱབ་ཡིན། །སེམས་ནས་དམ་བཅའ་བཞག་ཡིན། །
མནའ་དང་དཔང་པོ་བཞག་ཡོད། །རྒྱ་ལ་སྙན་པའི་འཕྲིན་ལན། །ཡང་ན་གཤིན་རྗེས་ཞགས་པ། །
དེ་གཉིས་མ་འཕྲད་བར་དུ། །དམ་བཅའ་མི་ཤིགས་ཐག་ཆོད། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་དུང་སེམས་མཚོན་པའི་སྒོ་ནས་རང་ཉིད་ཀྱི་ཕུགས་བསམ་དང་དེར་བཅངས་པའི་བརྩེ་དུང་སྐོར་མཚོན་འདུག རྩོམ་ཡིག་གི་དུམ་མཚམས་དང་ཚིག་གི་གཅོད་མཚམས་གསལ་ཞིང་ཚིག་སྦྱོར་སྡེབ་ལེགས་པ། རྣ་བར་སྙན་ཞིང་འགྱུར་ཁུག་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན།
རྩོམ་ཡིག་ཞིག་གིས་ཀློག་མཁན་རྣམས་ཀྱི་ཡིད་འགུགས་ཐུབ་མིན་ནི། གཙོ་བོ་རྩོམ་པ་པོས་བརྗོད་སྙིང་ཐོག་ངོས་འཛིན་དང་གོ་རྟོགས་ཇི་ཙམ་ཡོད་མེད་ལ་རག་ལས་ཡོད་སྟབས། དེར་བརྗོད་དོན་སྙིང་པོ་མཚོན་ཐབས་ལ་ཕན་པའི་རྒྱུ་ཆ་ཕུན་སུམ་ཚོགས་པ་བསྡུ་རུབ་བྱ་དགོས་པ་མ་ཟད། རྒྱུ་ཆ་རྣམས་བེད་སྤྱོད་ལེགས་པོ་གཏོང་རྒྱུ་དེ་བས་ཀྱང་གལ་ཆེ་བར་སྙམ།
ངའི་ཕུགས་བསམ།(ཨང་གསུམ་པ)
གཅན་སྣང་བ་ཚེ་རིང་བཀྲ་ཤིས། སུ་ཇ་བོད་ཁྱིམ་སློབ་གྲྭ།
རྒྱ་འདྲེ་དམར་པོའི་མཆེ་སྡེར་འོག་ནས་སེམས་པ་ཕྲ་མོ་སྐྱོ་བས་གཟིར། །
མི་རིགས་ཤིག་གི་གོད་ཆག་ཁྲོད་ནས་ཁྲུང་ཁྲུང་དཀར་མོའི་གཤོག་འགྱུར་དྲན།།
མི་ཚེ་ཞིག་གི་འགྲུལ་བཞུད་བར་ནས་ངེས་དོན་ཤེས་བྱའི་ལྡིང་ཁང་རྙེད། །
ཤེས་བརྩོན་ཟུང་གི་རྟ་ཕོར་བཞོན་ཏེ་མི་ཚེའི་འདུན་མ་མངོན་འགྱུར་བྱེད། །
ཚིག་ཐུང་ཐུང་ཞིག་གིས་སྔོན་བསུས་ནས་སྐབས་སུ་བབས་པའི་བརྗོད་གཞིའི་ཐོག་ལ་ཅུང་ཙམ་གླེང་ཁུལ་བྱས་ན། འཛམ་གླིང་གི་ཁྱིམ་གཞི་ཆེན་པོ་འདིའི་ནང་དུ་འཚོ་སྡོད་བྱེད་བཞིན་པའི་འགྲོ་བ་མིའི་རིགས་ཡོངས་ལ་བསམ་བློ་མ་འདྲ་བ་རེ་ཡོད་པའི་ཆ་ནས། ཁོང་ཚོར་མངོན་འགྱུར་བྱ་འདོད་ཀྱི་ཕུགས་བསམ་ཡང་མ་འདྲ་བ་རེ་ཡོད་ལ། མི་ཚེའི་འདུན་མའམ་ཕུགས་བསམ་མ་འདྲ་བ་ལ་བརྟེན་ནས་ཁོང་ཚོའི་འཚོལ་སྙེག་བྱེད་སའི་མི་ཚེའི་མདུན་ལམ་ལའང་ཧེ་བག་ཆེན་པོ་འབྱུང་གི་ཡོད།
ཡིན་ཡང༌། ཧི་མ་ལ་ཡའི་རི་འདབས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ནས། རྨ་འབྲིའི་རླབས་ཀྱི་ཟེགས་མ་དང་ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་ལ་ཉན་བཞིན་འཚར་ལོངས་བྱུང་ཞིང༌། མི་ཡུལ་གྱི་འཚོ་བའི་གྲུ་ཟུར་ཞིག་ཏུ། ྋགོང་ས་ཡིད་བཞིན་ནོར་བུའི་ཐུགས་རྗེའི་གཟི་བྱིན་འོག ཤེས་ཡོན་གྱི་སྦྲང་བཅུད་ལ་ངོམས་མེད་རོལ་བཞིན་པའི་དྭ་ཕྲུག་ངའི་ཕུགས་བསམ་ནི་གནའ་དེང་ཟུང་འབྲེལ་གྱི་ཤེས་བྱའི་རྣམ་གྲངས་ཁག་ལ་སྦྱངས་པ་རྩེར་སོན་པའི་གངས་ཅན་པའི་མི་བུ་ཡར་ཐོན་ཅན་ཞིག་ཏུ་འགྱུར་བར་བྱས་ཏེ། ཤོར་ཟིན་པའི་རང་ཉིད་ཀྱི་ཕ་ས་གོར་མོ་དེ་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དེ་ཡིན་ལ། གདོང་དམར་བའི་མི་རབས་རྗེས་མ་ཚོར་རང་དབང་དང་བདེ་སྐྱིད་ཀྱི་ཁྱིམ་གཞི་དྲོན་མོ་ཞིག་རྩིས་སྤྲོད་བྱེད་རྒྱུ་དེ་ཡིན།
མི་ཚེ་རླབས་ཆེན་དུ་བསྒྱུར་བའི་གོམ་འགྲོས་ཐོག་མ་སྟེ་འདབ་གཤོག་གཉིས་ལྡན་ལ་ཕྱོགས་པའི་ངའི་ཕུགས་བསམ་ངོ་མ།
བོད་ཅེས་པའི་ཐ་སྙད་འདི་ྋགོང་ས་ཡིད་བཞིན་ནོར་བུའི་གཟི་བྱིན་དང་བསྡོངས་ནས་འཛམ་གླིང་གི་ས་ཕྱོགས་ཡུལ་གྲུ་ཀུན་ཏུ་འབྲུག་ལྟར་གྲགས་ཤིང༌། རླུང་བཞིན་ལྡིང་བའི་དུས་སྐབས་འདིར། ང་ཚོ་བོད་མི་རིགས་ཀྱིས་ངོམ་ཆོག་ཆོག་གི་གཅེས་ནོར་གཅིག་པུ་ནི། སྔོན་བྱོན་མེས་པོ་ཚོས་རྗེས་རབས་པ་ཚོར་བཞག་པའི་ཤུལ་བཞག་གི་རིག་གནས་ཏེ། ནང་བསྟན་ཆོས་ལུགས་ཡིན་ལ། རིན་ཐང་བྲལ་བའི་ནང་བསྟན་ཆོས་ལུགས་ཀྱི་ནུས་སྟོབས་ལ་བརྟེན་ནས། ང་ཚོས་འཛམ་གླིང་མི་དམངས་ས་ཡ་མང་པོའི་ནང་སེམས་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་ཡོད་པ་མ་ཟད། མི་རིགས་རང་ཉིད་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་མང་པོ་ཞིག་ཆོས་ལུགས་ཀྱི་རྣམ་པའི་ཐོག་ནས་སྤེལ་ཏེ་གྲུབ་འབྲས་ཆེན་པོ་འབྱུང་གི་ཡོད།
ཡིན་ཡང༌། མི་རིགས་ཀྱི་མི་སྡེའི་སྤྱི་ཚོགས་ཁྲོད་ཀྱི་གང་ཟག་མང་པོ་ཞིག་གིས། སོ་སོའི་རིག་གཞུང་གི་རིན་ཐང་དང༌། ངོ་བོ། གལ་ཆེའི་རང་བཞིན་སོགས་ཤེས་རྟོགས་མ་ཐུབ་པར། སོ་སོའི་རིག་གཞུང་དེ་ཆེས་རྗེས་ལུས་དང་བེད་མེད་ཅིག་ཏུ་བསམས་ཏེ། ཕྱི་གླིང་པའི་ཤེས་ཡོན་ལ་འགྲམ་ཆུ་ལྡང་བཞིན་ཡོད། གནས་སྟངས་འདིའི་འོག་ནས། གངས་ཅན་པའི་མི་རབས་གསར་པ་ཚོའི་རྒྱུད་ནས་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཀྱང་ག་ལེར་ཡལ་འགྲོ་ཡི་ཡོད། དེར་བརྟེན། ངས་མི་རིགས་འདིའི་ཚེ་སྲོག་གི་གཞི་རྐང་ལྟ་བུའི་རིག་གཞུང་གི་མ་ལག་ཁག་ལ་སྦྱང་བརྩོན་བྱས་ཏེ། མིང་དོན་མཚུངས་པའི་བོད་མི་ངོ་མ་ཞིག་ཏུ་འགྱུར་བར་འབད་སྒྲུབ་བྱེད་ངེས་ལ། གངས་ཅན་པའི་མི་རབས་གསར་པ་ཚོར། སོ་སོའི་རིག་གཞུང་གི་གལ་ཆེའི་རང་བཞིན་དང༌། བདེན་གྲུབ་རང་བཞིན། ཁྱད་འཕགས་རང་བཞིན་སོགས་ངོ་སྤྲོད་བྱས་ཏེ། ཇི་སྲིད་སའི་གོ་ལའི་ཚེ་སྲོག་གི་མཇུག་མཐའི་ཉིན་མོ་མ་སླེབས་བར། བོད་མི་རིགས་ཀྱི་ངོ་བོ་འཛམ་གླིང་གི་ས་སྒང་རིལ་མོ་འདིའི་ཐོག་ནས་མ་ཡལ་བའི་རྨང་གཞི་སྲ་བརྟན་ཞིག་འཛུགས་འདོད་ལ། དེ་དང་ཕྱོགས་མཚུངས། ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ནས་དར་བའི་དེང་དུས་ཀྱི་ཤེས་ཡོན་མ་ལག་ཁག་ལ་སྦྱང་བརྩོན་བྱས་ཏེ། བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་བར་གྱི་ཁྱད་པར་དང༌། མཐུན་ཕྱོགས་ཁག་དཔྱད་བསྡུར་བྱས་ཏེ། ཤེས་ཡོན་སྣ་གཉིས་ཀྱི་དགེ་སྐྱོན་ཁག་ངོས་འཛིན་ཐུབ་པའི་ཐོག་ནས། འཛུགས་སྐྲུན་རང་བཞིན་གྱི་བསམ་བློ་གསར་པ་ཞིག་གི་འདེགས་མགྱོགས་དང་གོམ་སྟབས་འོད་སྣང་གི་ཕྱོགས་སུ་བསྒྱུར་ཏེ། འབྱུང་འགྱུར་གྱི་རང་དབང་གི་ཕ་ཡུལ་དེ་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཟུང་གིས་ང་ལ་བཅངས་པའི་རེ་བ་ཡོད་ཚད་འགྲུབ་པར་རེ་ལྟོས་བྱེད་བཞིན་ཡོད།
མི་ཚེ་འོད་སྣང་ལ་བསྒྱུར་བའི་གོམ་འགྲོས་རྣལ་མ་སྟེ་གཞན་ཕན་ལྷག་བསམ་ལ་ཕྱོགས་པའི་ངའི་ཕུགས་བསམ་ཟབ་མོ།
ཚན་རྩལ་རིག་གནས་ཀྱི་འཕེལ་རྒྱས་འོད་རླབས་ལྟར་མྱུར་བའི་དེང་གི་དུས་རབས་ཉེར་གཅིག་པ་འདིའི་ནང་དུ། ཕྱིའི་དངོས་པོའི་ཡར་རྒྱས་དེ་བློ་ཡུལ་ལས་འདས་པ་ཞིག་ཆགས་ཡོད་ལ། ཚན་རྩལ་རིག་གནས་ཀྱི་མ་ལག་ཁག་གིས་མཁོ་སྒྲུབ་གནང་བའི་ཡོ་བྱད་མང་པོ་ཞིག་གིས་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་ཕན་རླབས་གལ་ཆེན་ཞིག་བསྐྲུན་ཐུབ་ཀྱི་ཡོད་མོད། ཡིན་ཡང༌། འགྲོ་བ་མིའི་རིགས་ཡོངས་རྫོགས་དཔལ་འབྱོར་འགྲན་རྩོད་ཀྱི་དབྱིངས་སུ་ཞུགས་པ་ལ་བརྟེན་ནས། སྔར་ལས་ལྷག་པའི་དཀའ་ངལ་དང་འཇིགས་སྣང་གང་མང་འབྱུང་གི་ཡོད་པ་བསྙོན་དུ་མེད་ཨང༌།
དཔེར་ན། མིའི་རིགས་ཀྱི་ཧམ་སེམས་ཆེ་ནས་ཆེ་རུ་ཕྱིན་པ་ལ་བརྟེན་ནས། གཅིག་གིས་གཅིག་ལ་གཉའ་གནོན་དང༌། བཤུ་གཞོག་བྱེད་པའི་ལས་རིམ་འཛམ་གླིང་གང་ས་ན་རྩོམ་གྱིན་ཡོད། དཀའ་ངལ་དེ་དག་འབྱུང་དགོས་པའི་རྒྱུ་མཚན་ཕར་དེད་ན། འགྲོ་བ་མིའི་རིགས་ཀྱིས་”གཞན་ཕན་ལྷག་བསམ་” གྱི་གཤིས་སྤྱོད་བཟང་པོ་དེ་དོར་བ་ལ་བརྟེན་ནས་བྱུང་ཡོད། དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས།
འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །
འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །
ཞེས་གསུངས་པ་ལྟར། འགྲོ་བ་མིའི་རིགས་ཀྱི་སེམས་ཁམས་སུ། འཇིག་རྟེན་ཀུན་ཕན་གྱི་འགན་འཁྲི་དང༌། སྤྱི་ཁྱབ་ཀུན་ཕན་གྱི་བསམ་བློ་ཞིག་མེད་ཚེ། འཛམ་གླིང་གི་ཁྱིམ་གཞི་འདི་ཡུན་གནས་མི་ཐུབ་ལ། འགྲོ་བ་མིའི་རིགས་ལའང་བདེ་སྐྱིད་དང༌། བག་ཕབ། ཞི་བདེའི་འཚོ་བ་ཞིག་ལ་རོལ་བའི་གོ་སྐབས་ནམ་ཡང་ཡོད་མི་སྲིད་པས། ངས་རང་གི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ནང་བསྟན་ཤེས་རིག་གི་ས་བོན་འཛམ་གླིང་ཡུལ་ཕྱོགས་ཀུན་ལ་གཏོར་ཐུབ་པ་བྱེད་ངེས་ལ། ནང་ཆོས་དང་འབྲེལ་བའི་བོད་ཀྱི་ཀུན་སྤྱོད་སློབ་གསོའི་མཛུབ་སྟོན་ལ་བརྟེན་ནས། འཛམ་གླིང་མི་དམངས་ཀྱི་ནང་སེམས་ཀྱི་དཀའ་ངལ་ཁག་སེལ་ཐུབ་པར་བྱས་ཏེ། འཛམ་གླིང་ཁྱིམ་གཞི་ཆེན་པོ་འདི་ཡང་ཞི་བདེའི་མེ་ཏོག་འཕུར་བའི་ཞིང་ཁམས་ཤིག་ཏུ་བསྒྱུར་རྒྱུ་ཡིན།
འདི་ནི་ངའི་ཕུགས་བསམ་ཡིན་ལ། གཅིག་བྱས་ན་ངའི་ཕུགས་བསམ་འདི་རྨི་ལམ་དུའང་འགྱུར་ངེས། གང་ལྟར་འོད་སྣང་གི་འཇིག་རྟེན་ཞིག་གི་ཆེད་དུ། འབྱུང་འགྱུར་གྱི་ཕུགས་བསམ་ལ་ཕྱོགས་ཏེ་རང་གིས་བརྩོན་སེམས་ཀྱི་རྟ་ཁ་ནམ་ཡང་ལྷོད་མི་སྲིད།
འདི་ནི་རང་ཉིད་ལ་བཞག་པའི་དམ་བཅའ་ཡིན་ལ།
འདི་ནི་ངས་ས་ཡ་དྲུག་ལ་བཅངས་པའི་བརྩེ་བའང་ཡིན།
མདོར་ན། འདི་ནི་བདག་གིས་མངོན་འགྱུར་བྱེད་འདོད་པའི་ཕུགས་བསམ་ཁོ་ན་ཡིན།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ནང་ན་གཞོན་རྩོམ་པ་པོས་རང་ཉིད་ཀྱི་ཕུགས་བསམ་དེ་བོད་སྤྱི་པའི་ལས་དབང་དང་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ལ་སྦྱར་ཏེ། རང་ཉིད་ཀྱིས་བོད་མི་རིགས་ལ་བཅངས་པའི་བརྩེ་ཞེན་དང༌། བོད་ཀྱི་ནང་བསྟན་རིག་གཞུང་དར་སྤེལ་གྱི་ལམ་ནས་དེང་སྐབས་སྤྱི་ཚོགས་ཀྱི་དཀའ་རྙོག་སེལ་བའི་ཕུགས་འདུན་བཅས་བཀོད་འབྲི་དང་བགྲོ་གླེང་བྱས་འདུག ཚིག་གི་སྦྱོར་བ་འབྲེལ་ཆགས་ཤིང་གཏན་ཚིགས་ཀྱི་རང་བཞིན་ལྡན་པ། རྩོམ་ཡིག་ཧྲིལ་པོར་རྒྱ་ཚད་དང་ཟབ་ཚད་གང་ཙམ་འདུག་ཀྱང་བརྗོད་གཞི་དང་ཡ་མ་བྲལ་བར་བྲིས་འདུག་པ་ལེགས་པའི་ཆའོ། །
མུ་མཐུད་རྩོམ་ཡིག་འབྲི་ཀློག་ལ་ཐུགས་སྣང་ཆེར་བསྐྱེད་ཐུབ་ཚེ་གྲུབ་འབྲས་གཡུར་དུ་ཟ་བ་འབྱུང་བར་ངེས།