རྩི་ཤིང་གི་ཕན་ཡོན།(ཨང་དང་པོ)
བསྟན་འཛིན་བཀྲ་ཤིས། སུ་ཇཱ་བོད་ཁྱིམ་སློབ་གྲྭ།
གླེང་བརྗོད།
རྩི་ཤིང་ནི་སྣོད་ཀྱི་འཇིག་རྟེན་ཁམས་ཆེན་པོ་འདིར་རང་བྱུང་མཛེས་སྡུག་སྐྲུན་པའི་སྐྱེ་དངོས་རིགས་ཤིག་ཡིན་ལ། བོད་རང་གི་བྱུང་བ་བརྗོད་པ་འགའ་ཞིག་ཏུ་སྤྱིར་འཛམ་བུ་གླིང་གི་ཡུལ་ལུང་ཐམས་ཅད་ཆུས་བཀང་ཞིང༌། རིམ་གྱིས་ཆུ་རྣམས་བྲི་ནས་རི་ལུང་སྐམ་པོ་ལྷག་པ་དག་ལ་གླིང་ཕྲན་གཞན་གྱི་རྩི་ཤིང་གི་ས་བོན་རླུང་གིས་ཁུར་ནས་གནས་དེ་དག་ལ་ལྷུང་བ་ན་རྩི་ཤིང་གི་རིགས་སྐྱེས་འཕེལ་བྱེད་འགོ་ཚུགས་པར་བཤད། གང་ལྟར་རྩི་ཤིང་མ་སྐྱེས་པའི་སྔ་རོལ་ཏུ་སེམས་ཅན་དང་འབུ་སྲིན་གྱི་རིགས་གཅིག་ཀྱང་བྱུང་མེད་པ་ནི་རིགས་པས་འགྲུབ་ལ། དཔེར་ན། རྩི་ཤིང་གིས་འཚོ་རླུང་བསྐྲུན་པས་སོ། །གླིང་ཆེན་འདིར་འཚོ་ཞིང་གནས་པའི་སེམས་ཅན་ཡོད་དོ་ཅོག་གི་སྲོག་དབུགས་ལ་རམ་འདེགས་བྱེད་མཁན་ནི་རང་བྱུང་གི་རྩི་ཤིང་ཡིན་པས་ང་ཚོས་རྩི་ཤིང་ནི་རང་ཉིད་ཀྱི་ཚེ་སྲོག་གི་དཀོན་མཆོག་ཅིག་ཏུ་ངོས་འཛིན་ཆོག
འབྱུང་བཞིའི་གནོད་སྐྱོན་ལ་ཕན་པ།
ནམ་རྒྱུན་ང་ཚོའི་བཤད་སྟངས་ལ་རྩི་ཤིང་ཞེས་ལབ་དུས་རྩི་ཤིང་གི་རིགས་ཕྲ་རགས་ཀུན་ལ་གོ་བའི་སྤྱི་མིང་ཞིག་ཡིན། སྐབས་འདིར་ངས་རྩི་ཤིང་རགས་པ་དཔེར་ན། ཤིང་སྡོང་སོགས་ཀྱིས་ཁོར་ཡུག་ལ་སྲུང་སྐྱོབ་ཇི་ལྟར་བྱེད་མིན་ཐད་ལ་ཅུང་ཙམ་ཞུས་ན། ཤིང་སྡོང་གི་རིགས་ཀྱིས་ས་ཡོམ་སྔོན་འགོག་བྱེད་ཐུབ་ལ། གལ་ཏེ་ཁྱེད་ཀྱི་ཁང་པའི་མཐའ་འཁོར། ཡང་ན་གྲོང་པ་སོགས་ཁོར་ཡུག་གང་དུའང་ཤིང་སྡོང་མང་པོ་ཡོད་ཚེ། ཤིང་སྡོང་མེད་པའི་ས་ཆ་གཞན་དང་བསྡུར་ན་སྲུང་སྐྱོབ་ངེས་ཅན་ཞིག་ཐུབ་ཡོད། རྒྱུ་མཚན་ནི་ཤིང་སྡོང་གི་རྩ་བས་ས་འོག་གི་གནས་ངེས་ཅན་ཞིག་དམ་པོར་བཟུང་ཡོད་པས་ས་གཞི་འགུལ་བསྐྱོད་དེ་ཙམ་ཐེབས་མི་ཐུབ་པ་ཡིན།
ཆུ་ལོག་གི་རྐྱེན་ངན་ཡང་ཤིང་སྡོང་གིས་སྔོན་འགོག་བྱེད་ཐུབ། གང་ཡིན་ཞེ་ན། ཆུ་ལོག་གི་འབྱུང་ཁུངས་གཙོ་བོ་ནི་གངས་རི་དང་ཆར་ཆུ་སོགས་ཡིན། གལ་ཏེ་དེ་དག་འཇིབ་རྔུབ་བྱེད་མཁན་མེད་ཚེ་ཆུ་ཕྲན་དག་ལྷན་དུ་བསྒྲིལ་ནས་མཐར་ཆུ་ལོག་རྒྱག་གི་ཡོད། དེ་འདྲའི་རྐྱེན་གྱིས། ཤིང་སྡོང་ལ་ང་ཚོས་རྐང་འཐུང་ཞེས་མིང་བཏགས་པ་བཞིན། དེའི་རྩ་བས་ཆུ་རྣམས་འཇིབ་ནས་ཆར་ཆུ་སོགས་ལྷན་དུ་བསྒྲིལ་ཐུབ་པའི་གོ་སྐབས་ཧ་ཅང་ཉུང༌། ང་ཚོའི་གླིང་ཆེན་འདིར་རླུང་འཚུབ་ཀྱི་འཇིགས་པ་ཧ་ཅང་མང་ཞིང༌། དེ་དག་རང་བྱུང་གི་གནོད་འཚེ་ཡིན་པས་དེ་འབྱུང་སའི་གནད་འགག་གཙོ་བོ་ནི་འགྲོ་བ་མིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་མཇུག་འབྲས་ཡིན། དེ་དག་སྔོན་འགོག་བྱེད་པའི་ཐབས་ལམ་སླ་ཤོས་ཤིག་ནི་ཤིང་ནགས་འདེབས་འཛུགས་བྱེད་རྒྱུ་དེ་རེད། ཤིང་ནགས་ག་ཚོད་མང་པོ་ཡོད་པ་དེའི་ཚོད་ཀྱིས་རླུང་འཚུབ་འགོག་ཐུབ་པ་དང༌། ཤིང་ནགས་ནི་དུས་བཞིར་ཁྱད་མེད་དུ་གནས་ཐུབ་པས་རླུང་འཚུབ་ག་དུས་བརྒྱབ་ཀྱང་དེ་དུས་ཡོད་པའི་ཁྱད་ཆོས་ཤིག་ལྡན་ནོ། །
དུས་རབས་ཉེར་གཅིག་པའི་སྐབས་འདིར་ཆེས་ཉེན་ཁ་ཅན་ཞིག་ནི་སའི་གོ་ལར་ཚ་རླབས་འཕྱུར་བཞིན་པ་དེ་ཡིན། དེ་ཡང་འགྲོ་བ་མིའི་ཧམ་སེམས་རང་ནས་བྱུང་བ་ཤ་སྟག་རེད། རྩི་ཤིང་གིས་ཉེན་ཁ་དེ་དག་ལས་བརྒྱ་ཆ་མང་པོ་སྐྱོབ་ཐུབ་ཀྱི་ཡོད། གང་ཡིན་ཞེ་ན། རྩི་ཤིང་གིས་འཚོ་རླུང་བཏང་བ་དང་ལྷན་དུ་བཙོག་རླུང་རྔུབ་ཀྱི་ཡོད། འཚོ་རླུང་གིས་ཉི་མའི་འོད་མི་ཉུང་བ་ཞིག་འཇིབ་རྔུབ་བྱེད་ཀྱི་ཡོད་པས་སའི་གོ་ལའི་ཚ་གྲང་ལ་ཕན་ནུས་བླ་ན་མེད་པ་ལྡན།
སྲོག་ལྡན་འཚོ་སྡོད་ལ་ཕན་པ།
རྟེན་ཅིང་འབྲེལ་འབྱུང་གི་ལུགས་ལྟར་ན་ཆོས་གང་ཡིན་ཡང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡོད་ཅེས་པ་བཞིན། ང་ཚོའི་སྲོག་ལྡན་གང་ཟག་རྣམས་ཀྱང་རྩི་ཤིང་ལ་བརྟེན་དགོས་པ་ནི་ཆོས་ཉིད་ཡིན། འགྲོ་བ་མི་ལ་མཚོན་ན་གདོད་མའི་ཁ་ཟས་ཡིན་ཞིང་དེ་ཡང་ཤིང་ཏོག་དང་འབྲུ་རིགས་སྣ་ཚོགས་པ་ཡོད། རྩི་ཤིང་གི་ནང་དུ་བཟའ་རུང་བ་དང་མི་རུང་བ་མཐའ་དག་ཡོད་ཀྱང༌། མི་རུང་བ་རྣམས་བེད་མེད་ཡིན་ཞེས་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ། རྩི་ཤིང་བཟའ་མི་རུང་བ་དག་མིའི་རྣམ་དཔྱོད་རིམ་བཞིན་རྒྱས་པ་ནས་རིམ་གྱིས་དེ་དག་བེད་སྤྱོད་གཏོང་བར་འགོ་བཙུགས་པ་རེད། དཔེར་ན། སྨན་ལྟ་བུར་མཚོན་ན་མིའི་འཚོ་སྡོད་ལ་མེད་དུ་མི་རུང་བའི་ཅ་ལག་གལ་ཆེན་ཞིག་རེད། རྩི་ཤིང་གིས་སྐོམ་པ་རྣམས་ལ་ཆུ་སྦྱིན་ཐུབ་པ་དང༌། ལྟོགས་པ་རྣམས་ལ་ཟས་ཀྱང་སྦྱིན་ཐུབ། ད་དུང་ནད་པ་རྣམས་ལ་ཚེ་སྲོག་གི་གུ་ཡངས་ཀྱང་སྤྲོད་ཀྱི་ཡོད། དེ་མ་ཟད་ང་ཚོ་གར་འགྲོ་གར་འདུག་གི་ཁོར་ཡུག་མཐའ་དག་ལ་གཟིགས་དང་རྩི་ཤིང་གི་རིགས་ཀྱིས་མི་ལ་ཞབས་འདེགས་མ་ཞུས་པའི་དངོས་པོ་ཧ་ཅང་དཀོན་པོ་ཡིན།
རང་བྱུང་ཁོར་ཡུག་ལ་ཕན་པ།
མི་སུ་ཡིན་ཡང་མཛེས་སྡུག་ལ་དུང་བ་དང༌། ཉམ་ང་བའི་རང་བཞིན་ལ་ཞེན་པ་མི་ལོག་མཁན་སུ་ཞིག་ཡོད། ཕྱིའི་ཁོར་ཡུག་ལ་མཛེས་སྡུག་ཅིག་དགོས་ན་ངེས་པར་དུ་རྩི་ཤིང་འདེབས་འཛུགས་ལ་འབད་དགོས།
ང་ཚོས་མ་འོངས་པའི་དམིགས་བྱ་ལ་བསམ་བློ་མ་བཏང་བར་ཤིང་ནགས་གཅོད་འབྲེག་ཚད་མེད་བྱས་པའི་རྐྱེན་གྱིས་ས་ཆར་རྩི་ཤིང་གི་རིགས་ཟད་དེ་བྱེ་ཐང་སྐྱ་མོའི་ངང་ཚུལ་ལ་ལྷག་ཡོད། མྱ་ངམ་གྱི་བྱེ་ཐང་སྐྱ་མོ་ན་རྡུལ་འཚུབ་དང་སྐོམ་གདུང་ཁོ་ན་ལས་གཞན་ཅི། འདི་དག་ལ་བསམ་ཚེ་ང་ཚོས་ཁྱིམ་གཞི་ཆེན་པོ་འདིར་མཛེས་སྡུག་དང་སྲོག་དབུགས་སྤྲོད་དགོས། རྩི་ཤིང་མེད་ན་ས་གཞི་སྐྱ་ཐང་ཐང༌། རྩི་ཤིང་མེད་ན་བར་སྣང་སྟོང་སང་སང༌། འདི་ལྟ་བུའི་ཁོར་ཡུག་ཅིག་སླེབས་དུས། ད་གཟོད་རང་བྱུང་ཁོར་ཡུག་ལ་མཛེས་སྡུག་དང་སྲོག་དབུགས་སྩོལ་མཁན་ནི་རྩི་ཤིང་ཁོ་ན་ཡིན་པ་ཚོར་ཐུབ། རྩི་ཤིང་གི་གོས་གདན་ལྗང་ཁུ་ཡངས་པའི་ཐང་ཆེན་ལ་བཏང་ནས་རྩི་ཤིང་གི་ཉི་གདུགས་བསིལ་བའི་ཁོ་ར་ཁོར་ཡུག་ཀུན་བརྒྱན་དུས། རྩི་ཤིང་ནི་རང་བྱུང་ཁོར་ཡུག་ལ་ཞི་བདེ་དང་མཛེས་སྡུག་སྦྱིན་པའི་བྱེད་པོ་ཡིན།
མཇུག་བསྡུ་བ།
འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་འཚོ་སྡོད་བྱེད་སའི་རང་བྱུང་ཁོར་ཡུག་འདི་ལ་ངེས་པར་དུ་བསམ་བློ་གཏོང་དགོས། ལྷག་པར་སེམས་ཅན་གྱི་ཚེ་སྲོག་ལའང་བརྩི་མཐོང་བྱེད་དགོས་པ་ནི་དེ་བས་ཀྱང་ངོ༌། །དེས་ན་ང་ཚོས་རྩི་ཤིང་གི་ཕན་ཡོན་འདི་དག་གཞིར་བཅོལ་ནས་རང་བྱུང་ཁོར་ཡུག་ལ་རྩི་ཤིང་འདེབས་འཛུགས་དང་རྩི་ཤིང་ཟས་སུ་རོལ་ནས་སེམས་ཅན་གཞན་གྱི་ཚེ་སྲོག་ལ་གུ་ཡངས་ཡོང་བའི་སྨོན་འདུན་དང་བཅས་དགེའོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་སྒྲིག་བཀོད་ལེགས་ཤིང༌། ནང་དོན་འབྲེལ་ཆགས་ལ་དུམ་མཚམས་ཀྱི་དབྱེ་བ་གསལ་བ། ཚིག་སྦྱོར་ལྷུ་འགྲིག་པས་གོ་བ་བདེ་བླག་ཏུ་སྟེར་བ། གཏན་ཚིགས་ཀྱི་ནུས་པ་ལྡན་པས་བརྗོད་བྱའི་གནད་དོན་གསེད་དཀྲོལ་གང་ལེགས་བྱེད་ཐུབ་པ་བྱུང་འདུག ཡིན་ནའང༌། རྩོམ་ཡིག་གི་མཇུག་བསྡུ་སྟངས་ལ་ནུས་པ་ཅུང་ཞན། རྩོམ་ཡིག་ནང་བསྐྱར་ཟློས་དང་ཡིག་ནོར་རེ་ཟུང་འདུག་པས་གཟབ་པར་འཚལ།
རྩི་ཤིང་གི་ཕན་ཡོན།(ཨང་གཉིས་པ)
གཞོན་པ་ཡེ་ཤེས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།
མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་འདིའི་ནང་དུ་འུ་ཅག་གི་ལྷོ་འཛམ་བུ་གླིང་འདི་ཆགས་ཡོད་ལ། དེའི་སྟེང་དུ་ཡང་རྒྱལ་ཁབ་འདྲ་མིན་དང་སྐད་རིགས་འདྲ་མིན་གྱི་རྐང་གཉིས་གྲངས་ལས་འདས་པ་ཞིག་ཡོད་ཀྱང༌། རྩི་ཤིང་དང་བྲལ་རྒྱུ་ནི་ཉ་དང་ཆུ་ལྟར་འབྲལ་ཐབས་མེད། གང་ལགས་ཤེ་ན། རྩི་ཤིང་ནི་མི་དང་སྐྱེ་འགྲོ་རྩ་གཟན་ཡོངས་རྫོགས་ལ་ཟས་དང་གོས། སྡོད་གནས་གསུམ་གྱི་ཆ་རྐྱེན་བསྐྲུན་ཐུབ་ལ། ད་དུང་སྐབས་རེར་རང་བྱུང་ཁམས་ཀྱི་གནོད་འཚེ་དྲག་ཆར་དང་རླུང་འཚུབ། ཚ་དྲོད་བཅས་ཀྱང་བཀག་ནས་ཚེ་སྲོག་མང་པོ་ཞིག་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་ཐུབ།
དེ་ཡང་སྔོན་བཞུར་རྒྱུན་རིང་ལ་ཞེང་ཁ་ཆེ་བའི་གཙང་པོ་ཞིག་གི་གཡས་གཡོན་གཉིས་སུ་གྲོང་ཁྱེར་ཀ་པ་དང་ཁ་པ་ཞེས་པ་གཉིས་ཆགས་ཡོད། གྲོང་ཁྱེར་ཀ་པའི་ནང་གནས་པའི་ཡུལ་མི་རྣམས་ནི་རྩི་ཤིང་དང་རང་བྱུང་ཁམས་ལ་དགའ་ཞེན་ཆེ་ཞིང་གནོད་འཚེ་མི་བྱེད་པར་བདག་གཅེས་ཁོ་ན་བྱེད་པ་དང༌། འཚོ་བ་བརྟེན་ས་གཙོ་བོ་ནི་ཞིང་ས་དང་ཤིང་སྡོང་གི་འབྲས་བུ་ཡིན། གྲོང་ཁྱེར་ཁ་པའི་ནང་གནས་པའི་ཡུལ་མི་རྣམས་ནི་སོ་སོའི་གནས་སྐབས་ཀྱི་སྐྱིད་སྡུག་མ་གཏོགས་མ་འོངས་པའི་བདེ་སྡུག་ལ་མ་བལྟས་པར་ཉིན་ལྟར་ཤིང་གཏུབས་ནས་ཁང་པ་བཟོ་བ་དང་ས་གཞི་བསྔོགས་ནས་གཏེར་འདོན་པ་སོགས་བྱ་བ་ཁོ་ན་བྱས་ནས་འཚོ་བ་སྐྱེལ། དེ་ལྟར་གནའ་མིའི་གཏམ་དཔེར། དུས་ཚོད་ནི་ཤུགས་ཀྱིས་འཕངས་པའི་མདའ་དང་མཚུངས་ཞེས་པ་ལྟར་འཁྱུག་ཙམ་གྱིས་མི་ལོ་ལྔ་བཅུ་ཙམ་འདས་སོ། །དུས་དེར་སྔོན་གྱི་གྲོང་ཁྱེར་གཉིས་དབར་གནམ་ས་ལྟ་བུའི་ཁྱད་པར་ཞིག་ཤོར།
གྲོང་ཁྱེར་ཀ་པ་ནི་སྔར་བཞིན་ཞིང་ལས་དང་ཤིང་ཏོག་ལ་བརྟེན་ནས་ཤིང་ནགས་དཀྱིལ་དུ་གནས་ཡོད་ཀྱང༌། གྲོང་ཁྱེར་ཁ་པ་ནི་སྔར་དང་མི་མཚུངས་པར་ཐོག་བརྩེགས་ཅན་གྱི་ཁང་པ་དང་ས་སྣུམ། རྡོ་སྣུམ་ལ་བརྟེན་ནས་འགྲོ་བསྐྱོད་བྱེད་ཐུབ་པའི་རླངས་འཁོར་དང་དུ་བ། ཆུ་བཙོག་པ་གཏོང་མཁན་གྱི་བཟོ་གྲྭ་ཡང་མི་འདྲ་བ་བཅུ་ཙམ་བཙུགས་འདུག་ལ། ཡུལ་མི་རྣམས་ཀྱང་ཚོས་གཞི་འདྲ་མིན་གྱི་དར་གོས་གྱོན་ཡོད་པ་ཞིག་ཏུ་གྱུར་པའི་གྲོང་ཁྱེར་ཀ་པའི་མི་ལ་འཕྱ་སྨོད་ཀྱང་བྱས་པ་རེད།
སླར་ཡང་བར་མེད་བསྐྱོད་པའི་དུས་ཚོད་དང་ནམ་ཟླའི་འགྱུར་ལྡོག་གི་རྐྱེན་པས་མི་ལོ་ལྔ་བཅུ་ཕྱིན། ཉིན་ཞིག དེ་སྔོན་གྱི་ཁུ་སིམ་ཞིང༌། སྐར་ཚོགས་ཀྱི་རྣམ་པར་བཀྲ་བའི་མཚན་མོར་མཁའ་དབྱིངས་སུ་སྤྲིན་ནག་གིས་བསྒྲིབས་ཏེ། གྲོང་ཁྱེར་ཁ་པར་དྲག་ཆར་དང་རླུང་འཚུབ་ཟུང་འབྲེལ་གྱི་ཆར་པ་ཤུགས་ཆེར་བབས། ཡིན་ཡང༌། གྲོང་ཁྱེར་ཀ་པ་ལ་དྲག་ཆར་དང་རླུང་འཚུབ་བརྒྱབ་ཀྱང་རྩི་ཤིང་རྣམས་ཀྱིས་བཀག་སྟབས་གནོད་འཚེ་ཅི་ཡང་མ་བྱུང༌། དེ་ལྟར་ཐོ་རེངས་ཀྱི་བྱ་ཕོའི་སྐད་ཀྱིས་གྲོང་ཁྱེར་ཀ་པའི་མི་རྣམས་རྨི་ལམ་གྱི་ཞིང་ཁམས་ལས་དཀྲོགས་ཏེ། མལ་ལས་ལངས་ནས་གྲོང་ཁྱེར་ཁ་པའི་ཕྱོགས་སུ་ལྟ་སྐབས། དེ་སྔའི་བརྗིད་ཉམས་ལྡན་པའི་བ་གམ་ཅན་གྱི་ཁང་པ་རྣམས་ནི་རླུང་འཚུབ་ཀྱིས་རྐྱེན་པས་བརྡིབས་ནས་ཁ་ཅིག་ཆུའི་ནང་དུ་ནུབ་པ་དང༌། འགའ་ཞིག་ས་ནང་འཛུལ་བ་སོགས་གྱུར་འདུག་པས་གྲོང་ཁྱེར་ཀ་པའི་མི་རྣམས་ཧང་སང་སྟེ། དེ་ནི་ཅི་འདྲ་ཞིག་རེད་དམ་སོགས་སྐད་ངན་ཤོར་འཕྲལ་མི་ཞིག་གིས་གསལ་བཤད་བྱས་པས། མི་རྣམས་ཀྱིས་ཁོ་ཚོ་རྩི་ཤིང་གིས་བསྐྱབས་ཡོད་པ་ཤེས་རྟོགས་བྱུང་བས། རྩི་ཤིང་ལ་སྔར་ལས་ལྷག་པའི་བདག་གཅེས་བྱས་པ་དང༌། སྒེར་གྱི་ལས་དོན་གཅིག་པུ་ལ་མ་བལྟས་པ་སྤྱི་ཚོགས་ཕལ་ཆེ་བའི་དོན་ལ་བརྩོན་པ་སོགས་སྔར་ལས་ལྷག་པ་མཛའ་མཐུན་དང་སྐྱིད་པོ་བྱུང་ངོ༌། །
གསོན་དང༌། རྐང་གཉིས་ཚོ། གལ་སྲིད་ང་ཚོས་ཀྱང་གྲོང་ཁྱེར་ཁ་པ་ལྟར་རྩི་ཤིང་ལ་བདག་གཅེས་མ་བྱས་ན། ཉིན་ཞིག་ང་ཚོ་ལ་ཡང་དེ་འདྲ་འགྱུར་སྲིད་ལ། དེར་མ་ཟད་ཉེས་མེད་སེམས་ཅན་རྣམས་ལ་ཡང་སྡོད་སའི་ཚང་དང་ཟ་བའི་ཟས་ཀྱང་སྤྲོད་ཐུབ་པའི་རྩི་ཤིང་ནི་དེ་འདྲ་ཕན་ཐོགས་ཆེ་ལ་བཀའ་དྲིན་ཡང་ཆེ་བ་ཡིན་ནོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ནང་ཡུལ་ལུང་བྱེ་བྲག་པ་གཉིས་སུ་དྲག་ཆར་གྱི་གནོད་ཚབས་བྱུང་བའི་དོན་རྐྱེན་ལ་སྦྱར་ནས་རྩི་ཤིང་གི་ཕན་ཡོན་གསལ་བརྗོད་བྱས་ཏེ། རྩི་ཤིང་ལ་གཅེས་སྐྱོང་བྱ་དགོས་པའི་རྩོམ་ཡིག་གི་བརྗོད་དོན་སྙིང་པོ་འབུར་འདོན་གང་ལེགས་བྱེད་ཐུབ་བྱུང་འདུག རྩོམ་ཡིག་གི་འགོ་འཛུགས་སྟངས་དང་མཇུག་བསྡུ་སྟངས་ཀྱང་གང་ལེགས་ཡོད་པའི་ཁར། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལས་བྱུང་རིམ་ཇི་བཞིན་དུ་འགོད་པའི་འབྲི་ཐབས་ཐོག་བྱ་བ་དང་ཡུལ་ལྗོངས་བཀོད་འབྲིའི་ཐབས་རྩལ་ཡང་སྤྱད་འདུག་པས་འཛིན་རིམ་དྲུག་པའི་གནས་ཚད་ལ་མཚོན་ན་རྩོམ་ཡིག་ལེགས་གྲས་སུ་འཇོག་པར་འོས།
འོན་ཀྱང༌། ཚིག་གི་སྦྱོར་བ་ཅུང་མི་བདེ་བ་དང༌། དག་ཆའི་ཐད་ནོར་བ་ཅུང་ཟད་མང་བར་ཡིད་གཟབ་ཞུ་རྒྱུ་དང༌། རྩོམ་ཡིག་མ་བྲིས་སྔོན་གཟབ་ནན་གྱི་སྒོ་ནས་རྒྱུ་ཆ་གདམ་གསེས་ལེགས་པོ་ཞིག་བྱ་ཐུབ་བྱུང་ཚེ། རྩོམ་ཡིག་ཧྲིལ་པོའི་གནས་ཚད་ཡར་རྒྱས་ཡོང་ངེས།
རྩི་ཤིང་གི་ཕན་ཡོན།(ཨང་གསུམ་པ)
རྣམ་རྒྱལ་སྒྲོལ་མ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།
ངེད་ཚོའི་ཚེ་སྲོག་རྩི་ཤིང་གིས་བསྐྲུན་ལ། །ངེད་ཚོ་འཚོ་ཞིང་གནས་པ་རྩི་ཤིང་གི་དྲིན། །
འཇིག་རྟེན་གྱི་བདག་པོ་རྩི་ཤིང་ཡིན་ལ། །འཇིག་རྟེན་གྱི་བླ་སྲོག་རྩི་ཤིང་ལ་མཆིས། །
དུས་རབས་ཀྱི་ཟང་ཟིང་དང་སྤྱི་ཚོགས་ཀྱི་འཕེལ་འགྲིབ་ཁྲོད་གནའ་དེང་ཟུང་དུ་ཆེས་ལྐོག་གྱུར་གྱི་འཇིག་རྟེན་འདིར་ཚེ་སྲོག་གི་དབྱངས་རྟ་ཐོག་མ་དེ་ཡང་མཁའ་རླུང་ལས་གསོན་ཤུགས་རྒྱས་ལ། མཁའ་རླུང་དེ་ཡང་ཨ་སྔོན་གནམ་ནས་འཇའ་ཚོན་བཞིན་འོད་ཟེར་གྱིས་བཀླུབས་ནས་མ་ཡོང་ལ། དོག་མོ་ས་ནས་མེ་ཏོག་བཞིན་ཁ་དོག་དང་དྲི་བསུང་ལྷན་དུ་བཞད་པ་དེ་བས་མ་ཡིན་ཏེ། དེ་ཡང་རྟག་ཏུ་ངེད་ཚོ་དང་འགྲོགས་ཤིང་རྒྱུན་དུ་ངེད་ཚོ་དང་གཤིབ་པའི་ལྗང་མདོག་གི་རྩི་ཤིང་ལས་བྱུང་བ་ཨེ་ཤེས་སམ། དེ་བས་ཀྱང་ཉམས་དགའ་ལ་ཡིད་དུ་འོང་བ་ནི། མི་ཡུལ་གྱི་ལྷ་བྱ་སྟེ། དཔྱིད་ཀྱི་རྒྱལ་མོ་མོན་ནས་ཕེབས་ཏེ་སྙན་འཇེབས་དྲུག་འགྱུར་དབྱངས་དང་འགྲོགས་ནས་དཔྱིད་ཀྱི་དཔལ་ཡོན་བསུ་དུས་ས་ལ་དགེ་བཅུ་ཚང་བའི་རེབ་གོང་ནོར་འཛིན་སྒེག་མོ་ཡིད་འོང་ལྗང་མདོག་གི་ལྭ་བས་བཀླུབས་ནས་ཆེས་ལྟ་བས་མི་ངོམས་པའི་སུམ་རྩེན་གནས་ཤིག་ཏུ་སྐྲུན་མཁན་དེ་ཡང༌། འཕྱོར་སྒེག་གི་ནོར་འཛིན་འདི་བཅུ་དྲུག་ལང་ཚོ་དར་བའི་གཞོན་ནུ་མ་ཞིག་སྟེ། མཛེས་མའི་མགུལ་རྒྱན་དུ་མུ་ཏིག་གི་ཕྲེང་བ་གཡོགས་པ་བཞིན། ས་འཛིན་ལ་རབ་མཛེས་གོས་ཀྱིས་བཀླུབས་ཏེ་སྲོག་ལྡན་ཀུན་གྱིས་བསྟོད་པའི་གླུ་དབྱངས་ཕུལ་ས་དང༌། བསྔགས་བརྗོད་ཀྱི་བྲོ་གར་འཁྲབ་ཡུལ་ཞིག་ཏུ་སྐྲུན་མཁན་དེ་ཡང་རེད། རྩི་ཤིང་སྟེ། ཁྱེད་ལས་སུ། མ་ཟད། ཁ་བ་བུ་ཡུག་འཚུབ་ལ་གྲང་རླུང་ལྡང་བའི་དགུན་དུས་དེར་ལྟ་ན་སྡུག་པའི་ས་གཞི་ཐམས་ཅད་དཀར་པོ་གངས་ཀྱིས་གཡོགས་ཏེ། གཡང་དཀར་ལུག་དང༌། གྱི་ལིང་རྟ། ཁྱུང་དཀར་མཛོ། སྨུག་ཆུང་དྲེལ་བཅས་མུ་གེས་མནར་གཅོད་འོག་སྲོག་གི་རྒྱུ་བ་མཐའ་མར་སླེབས་དུས། འཆི་མེད་ཚེ་ཡི་རིལ་བུ་དེ་ཡང༌། ལྗང་མདོག་ཡལ་ཚར་ལ། ལོ་འདབ་ལྷུང་ཟིན་པའི་རྩི་ཤིང་ཁྱེད་ཡིན།
རྩི་ཤིང་ཨ། རྩི་ཤིང༌། གལ་སྲིད་ཁྱེད་མེད་ཚེ།
མདོ་དབུས་མཐོ་སྒང་ན་ཆར་སེར་དྲག་གསུམ་ལ་མི་འཇིགས་ཤིང༌། གངས་ལྷགས་འཁྱགས་གསུམ་གྱི་མནར་གཅོད་ལ་མི་ཞེད་པའི་གངས་ལྷ་མེ་ཏོག་གི་ཐ་སྙད་མེད། དེ་བས་ཀྱང༌། ཀུན་གྱིས་དགའ་བའི་བསྟོད་གླུ་འབུལ་ཡུལ་དང་ཡོངས་ཀྱིས་སྨོན་པའི་མཐེ་བོང་སྒྲེང་ཡུལ། དེ་བས་ང་ཚོས་ངོམ་འོས་ཤིང་བཤད་ཐུབ་པའི་གངས་ལྗོངས་གསར་པའི་རིག་གནས་ཀྱང་གང་ནས་འོང༌། ད་དུང༌། རྩི་ཤིང་མེད་ན་འཇིག་རྟེན་དུ་ཚེ་སྲོག་སུས་སྦྱིན་ལ། ས་འཛིན་ལ་གོས་ལྗང་སུས་གཡོགས།
རྩི་ཤིང་མེད་ན། འཚོ་རླུང་མེད་ལ། འཚོ་རླུང་མེད་ཚེ་འཇིག་རྟེན་ཟེར་བ་སྟོང་བསམ་དང་ཆོ་འཕྲུལ་ལས་གཞན་ཅི།
རྩི་ཤིང་མེད་ན། གནའ་བོའི་ལོ་རྒྱུས་དང༌། དེང་གི་སྤྱི་ཚོགས་ཀྱི་ཐ་སྙད་མེད། མ་ཟད། རྩི་ཤིང་མེད་ན། སྙན་ངག་ཀྱང་དེ་བས་མེད་པས། སྙན་ངག་མེད་ན་བརྩེ་དུང་ཡང་མེད་པ་ནི་ལོས་ཤེས། རྩི་ཤིང་ཡ། ཁྱེད་ནི་འཇིག་རྟེན་གྱི་ཡོད་ཚད་རེད་ལ། དྲིན་ཆེན་དང་པོའི་ནང་ནས་དང་པོ་ཡང་ཡིན། དེའི་ཕྱིར། དུས་ནམ་ཡང་ངའི་ལྷག་བསམ་གྱི་ཁ་བཏགས་དཀར་པོ་ཁྱེད་ཁོ་ནར་སྒྲོན་ལ། ངའི་སྙན་ངག་གི་མཆོད་པ་ཡང་ཁྱེད་ལ་འབུལ་ངེས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་སྐྱེ་འགྲོའི་འཚོ་བར་མཁོ་བའི་མཁའ་རླུང་ནས་འགོ་གླེང་སྟེ། དུང་སེམས་མཚོན་པའི་ཐབས་ལམ་གྱི་སྒོ་ནས་རྩི་ཤིང་གི་ཕན་ཡོན་ཞིབ་འབྲི་བྱས་འདུག་ཅིང༌། ཚིག་རྒྱན་མང་དུ་སྤྱད་འདུག་ལ་ཚིག་དོན་གྱི་འགྱུར་ཁུག་གསལ་བའི་ཡོན་ཏན་དུ་མ་ལྡན། ཕྱིས་སུ་ཡིད་འཇོག་བྱེད་དགོས་པ་ཞིག་ལ། ཚིག་སྦྱོར་ཁ་ཤས་འབྲེལ་དེ་ཙམ་མི་ཆགས་པའི་ཁར། ཚིག་ཕྲད་སོགས་བསྐྱར་ཟློས་མང་བས་གཟབ་པར་བྱའོ། །