[toc]

གསུམ་བཅུའི་དུས་དྲན་སྐབས་ཀྱི་མྱོང་ཚོར།(ཨང་དང་པོ)

སྒང་ཏོག་སམ་བྷོ་ཊ་སློབ་གྲྭ། འཇིགས་མེད་ཚེ་རིང༌།

སྤྱིར་གྲངས་ཀ་༣༠ ཡི་དག་ཆ་ནི་སུམ་ཅུ་འབྲི་བཞིན་ཡོད་ཀྱང༌། གསུམ་བཅུའི་དུས་དྲན་འབྲི་དུས་”གསུམ་བཅུ་”འབྲི་དགོས་དོན་ནི། དུས་དྲན་དེ་ཟླ་བ་༣ པའི་ཚེས་༡༠ ལ་སྲུང་བརྩི་ཞུ་ཡི་ཡོད་པའི་རྐྱེན་གྱིས་རེད།
གསུམ་བཅུའི་དུས་དྲན་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཞིག་གི་རྗེས་དྲན་ཡིན་ལ། རྒྱལ་གཅེས་དཔའ་བོ་ཁྲི་སྟོང་མང་པོས་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཕུལ་བའི་རྨད་བྱུང་སྙིང་སྟོབས་ལ་གུས་བཀུར་རྗེས་དྲན་དང༌། ཁོང་ཚོའི་སྙིང་སྟོབས་དེ་མི་རབས་ཕྱི་མའི་རྒྱུན་འཛིན་བྱེད་དགོས་པའི་དྲན་སྐུལ་ཡང་ཡིན།
མདོར་བསྡུས་ནས་བཤད་ན་གསུམ་བཅུའི་དུས་དྲན་ནི། བོད་ཀྱི་བསྟན་སྲིད་རང་དབང་དེ་དགྲ་བོ་རྒྱ་དམར་གྱི་འོག་ཏུ་ཡོངས་སུ་ཤོར་བའི་ཉིན་མོ་སྟེ། ཕྱི་ལོ་༡༩༥༩ ལོའི་ཟླ་བ་༣ པའི་ཚེས་༡༠ ལ་རྗེས་དྲན་ཞུ་བ་ཞིག་ཡིན་ཞིང༌། ཉིན་མོ་འདིའི་རྗེས་ཙམ་ནས། ང་ཚོའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་བསྟན་སྲིད་བདེ་དོན་གྱི་ཆེད་དུ་གཞན་ཡུལ་དུ་བཙན་བྱོལ་ལ་ཕེབས་པ་དང༌། བོད་འབངས་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་ཏེ། རང་ཡུལ་གཞན་ལག་ཏུ་ཤོར་བའི་ཆེས་ཐབས་རྡུགས་ཀྱི་འཚོ་བ་སྟེ། མི་ཡུལ་གྱི་སྡུག་བསྔལ་ཡོད་རྒུ་ང་ཚོ་མི་རིགས་འདིས་མྱོང་དགོས་བྱུང༌།
དེ་ཡང་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན། སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་རྒྱལ་པོ་ཚོའི་སྐུ་དུས་ནས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་བར་གྱི་ལོ་རྒྱུས་ལས་བོད་མི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོ་འཕྲོད་ངེས་ཡིན་པ་མ་ཟད། བོད་ཀྱི་ཡུལ་ལུང་ཆགས་ཚུལ་དང་སྐད་ཡིག་ཆས་གོས། རིག་གཞུང་སོགས་ཀྱི་ཐོག་ནས་བོད་མི་རིགས་འདི་རྒྱ་མི་རིགས་དང་འབྲེལ་མེད་ཐ་དད་ཀྱི་མི་རིགས་ཤིག་ཡིན་པ་གསལ་པོ་ཡོད་པ་རེད། གཅིག་ནས་བོད་སིལ་བུར་འཐོར་རྗེས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་ལོ་བཞི་བརྒྱ་བཅུ་གཅིག་ཙམ་སོང་བའི་དུས་སུ། ཡུལ་ལུང་འགའ་ཤས་ལ་འགོ་དཔོན་རེ་ཟུང་གིས་བདག་སྐྱོང་བྱེད་པ་དང༌། ཡུལ་ལུང་འགའ་ཤས་ལ་འགོ་དཔོན་མེད་པར་གང་ལྟར་རྒྱལ་ཁབ་ཁ་འཐོར་གྱི་རྣམ་པར་གནས་སྟབས། ཡུལ་ལུང་ཕན་ཚུན་ནང་ཕན་ཚུན་མི་མཐུན་པའི་འཐབ་རྩོད་ཀྱང་ཡང་ཡང་བྱུང་ཞིང༌། ཕྱི་རྒྱལ་གྱིས་བོད་ཀྱི་ས་མཚམས་ཁག་ཏུ་བཙན་འཛུལ་བྱུང་རིགས་ལའང་བཀག་འགོག་འགན་ཁུར་སྤྱི་ཟོམ་དུ་ལུས་ཏེ། འཐུས་ཤོར་ཇི་ཆེར་སོང་བའི་ཉེར་ལེན་དང༌། གཉིས་ནས་རྒྱ་ནག་ཡོངས་རྫོགས་དམར་པོས་དབང་བསྒྱུར་བྱས་རྗེས། སྔར་རྒྱ་ནག་གིས་ྋརྒྱལ་བ་རིམ་བྱོན་དུས་སུ་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་སྣ་ཚོགས་ཤིག་བྱུང་བར་བསྙད་དེ། བོད་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་གླེང་བ་དང༌། དེ་རྗེས་ཕྱི་ལོ་༡༩༥༡ ལོར་ཁྲིམས་མཐུན་དང་དྲང་བདེན་མ་ཡིན་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་ཡིག་ཆར་བཙན་ཤེད་ཀྱི་མིང་རྟགས་བཀོད་དུ་བཅུག་པ་མ་ཟད། བོད་གཞུང་གི་ཐེལ་ཙེ་ཡང་རྫུན་མ་བཟོས་ཏེ་ཕབ།
ཐོག་མར་རྒྱ་བོད་མི་རིགས་ནི་སྤུན་ཟླ་ཡིན་ཞེས་གཏམ་རྫུན་བཤད་དེ། མཐར་བོད་ཀྱི་རིག་གཞུང་གཞི་རྩ་བཟང་པོ་དགྲ་རུ་བཟུང་ནས་སྐྱོན་བརྗོད་དང་ངན་སྨྲས། བོད་ཀྱི་དགོན་པ་དང་བཤད་གྲྭ་གཏོར་བཅོམ་བཏང་པ། དེ་ནང་གི་གྲྭ་པ་དང་བཙུན་མ་རྣམས་ཕལ་ཆེར་གསོད་བཟུང༌། ཉམ་ཆུང་བོད་མ་ཐམས་ཅད་བུ་གཅིག་ལྟར་དགོངས་མཁན་རྣམས་ངན་ལས་སུ་བཀོལ་ནས་ཟས་ཕྱེད་འགྲངས་དང་གོས་ཕྱེད་དྲོ་ཡི་འཚོ་བ་བསྐྱལ་དགོས་བྱུང་བ་མ་ཟད། བོད་མི་ཚང་མ་དམར་པོའི་རིང་ལུགས་ལས་རང་དབང་གི་སྒོ་ནས་ཤེས་བྱའི་གནས་ཀུན་རྟོགས་བྱེད་བློའི་སྒོ་འགོག་ཐབས་བྱས་པ་སོགས་བོད་མིའི་འདོད་བློ་དང་མི་འཚམས་པའི་བཙན་འཛུལ་གྱི་བྱ་ངན་རིམ་པར་བྱས་པ་དང༌། ལྷག་པར་ཕྱི་ཚུལ་དུ་ྋགོང་ས་མཆོག་དམག་ཁུལ་ཁང་དུ་གཟིགས་མོར་གདན་འདྲེན་ཞུ་ཁུལ་དང༌། དོན་དངོས་སུ་སྐུ་ཕྱྭར་གནོད་འཚེ་བརྩམ་རྒྱུའི་ངན་འཆར་བཤམས་པར་བརྟེན། བོད་མིའི་སེམས་ཁོང་ནང་རིང་ནས་བརྣག་པའི་ཟུག་གཟེར་རྣམས་དུས་གཅིག་ཏུ་ལངས་ནས། ཕྱི་ལོ་༡༩༥༩ ལོའི་ཟླ་༣ པའི་ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་ྋགོང་ས་མཆོག་རྒྱ་དམར་གྱི་དམག་སྒར་ལ་ཕེབས་ཐལ་མི་ཡོང་བའི་ཞུ་འབོད་དང༌། བོད་རང་དབང་སྒེར་ལངས་ཀྱི་ངོ་རྒོལ་རྔམ་སྟོན་རྒྱ་ཆེན་པོ་བྱས་པ་དང༌། དེར་རྒྱ་ནག་གཞུང་གིས་ཀྱང་དྲག་གནོན་བྱས་ཏེ་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་བར་བརྟེན་ྋགོང་ས་མཆོག་ཀྱང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད།
དེར་བརྟེན། ཕྱི་ཟླ་༣ པའི་ཚེས་༡༠ ཉིན་བཙན་བྱོལ་བོད་མི་གནས་ཡུལ་ཚང་མར་གོང་གསལ་ཁྲག་དང་མིག་ཆུའི་ལོ་རྒྱུས་དེར་ཕྱིར་དྲན་དང༌། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་གུས་བཀུར་བྱེད་དགོས། ཉིན་མོ་དེར་བོད་འབངས་ཚང་མས་རྒྱལ་གཅེས་ལྷག་བསམ་གྱི་སྤོབས་པ་རྒྱ་ཆེར་བསྐྱེད་དེ། འཚེ་མེད་ཞི་བའི་ཐོག་རྔམ་སྟོན་ཁྲོམ་སྐོར་དང༌། བདེན་ཚིག་སྨོན་ལམ་སྐྱོར་བ། མི་མང་ལངས་གླུ་སོགས་གཏོང་དགོས།
ཉིན་དེར་ངའི་སེམས་ནང་གི་ཚོར་སྣང་ནི། མིག་ནས་ཁྲག་གི་མིག་ཆུ་ཤོར་བ་དང༌། སེམས་ནང་མེ་འབར་བའི་ཚོར་སྣང་ཞིག་དང༌། དམིགས་བསལ་རང་གི་སྐད་དང་རིག་གཞུང་ལ་དོ་སྣང་སྔར་ལྷག་བྱེད་ཀྱིས་ཡིན་པའི་ལྟ་བ་སླེབས་སོང༌། ཉིན་དེར་ངས་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་གུས་བཀུར་དང༌། ཁོང་ཚོའི་སྙིང་སྟོབས་དེ་ངའི་རྒྱུད་ལ་ཡོང་བའི་སྨོན་ལམ་དང༌། ྋགོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་བ་བཏབ་པ་ཡིན།
ཉིན་དེར་ང་ཚོ་སློབ་གྲྭའི་སློབ་ཕྲུག་དང་དགེ་རྒན་རྣམས་ཆོལ་ཁ་གསུམ་ཚོགས་ཁང་ནང་མི་མང་ལྷན་དུ་འཛོམས་ནས་ྋགོང་ས་མཆོག་ལ་མཆོད་པ་ཕུལ་བ་དང༌། བདེན་ཚིག་སྨོན་ལམ་སྐྱོར་བ། མི་མང་ལངས་གླུ་གཏོང་པ་སོགས་བྱེད་ཀྱི་རེད།
ད་ལོའི་ཉིས་སྟོང་བརྒྱད་ཀྱི་གསུམ་བཅུའི་དུས་དྲན་ནི་སྔར་ལྷག་ཁྱབ་བསྒྲགས་བྱུང་བ་དང༌། བོད་པ་ཚོས་ཧ་ཅང་གི་སེམས་སྐྱོ་དགོས་བྱུང་བར་བརྟེན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ནམ་ཡང་བསུབ་མི་ཐུབ་པའི་གནས་ཚུལ་ཆགས་ཡོད།
སྐབས་དེར་གཞིས་ལུས་བོད་ཀྱི་དཔའ་བོ་དཔའ་མོ་དག་གིས་རང་གི་ལུས་སྲོག་ཕངས་མེད་དུ་བཏང་བ་དང་རྒྱལ་གཅེས་ལྷག་བསམ་གྱི་སྤོབས་པ་ངོམས་ཏེ་རྒྱལ་ས་ལྷ་ས་དང་ཆོལ་ཁ་གསུམ་གྱི་ཡུལ་ལུང་མང་པོར་རྔམ་སྟོན་ཁྲོམ་སྐོར་བྱས་པ་རེད།
སྐབས་དེར་ཀླ་ཀློའི་རྒྱ་ནག་གིས་དཔུང་ཚོགས་དག་གིས་མི་མང་ཁྲོད་དུ་མེ་མདའ་རྒྱུན་ཆད་མེད་པར་བརྒྱབ་ནས་བོད་མི་བརྒྱ་ཕྲག་ཁ་ཤས་དམར་གསོད་དང༌། སྟོག་ཕྲག་ཁ་ཤས་རྨས་སྐྱོན་བཏང༌།
ཉིན་དེའི་རྗེས་ཙམ་ནས་ངའི་སེམས་ནང་མེ་འབར་བའི་ཚོར་སྣང་དང་ཀླ་ཀློ་རྒྱ་མི་དག་དམར་གསོད་གཏོང་དགོས་པའི་ཚོར་སྣང་སླེབས་སོང༌།
དེར་བརྟེན། བོད་མི་ཚོས་རང་བཙན་ལེན་པར་སོ་སོའི་མི་རིགས་ཀྱི་རྣམ་པ་དང༌། སྐད་ཡིག རིག་གཞུང་སོགས་ལ་དམིགས་བསལ་གྱི་དོ་སྣང་བྱས་ནས་དེང་དུས་ཀྱི་ཤེས་ཡོན་ལའང་ཆུ་བོ་རྒྱུན་བཞིན་བརྩོན་དགོས།
དམིགས་བསལ་བོད་པ་ཚོས་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་དང་རང་གི་གོམས་གཤིས་བཟང་པོ་དེ་བརྗེད་མི་རུང་བའི་འདི་འཛིན་གྲྭ་བདུན་པའི་སློབ་ཕྲུག་ཅིག་གིས་སྐུལ་འདེད་བྱས་པ་ཡིན།
ལོ་ངོ་མང་པོ་སྔོན་ནས། །བདག་གཅེས་གང་ལེགས་བྱས་པས། །
བོད་ཀྱི་ཆོས་དང་རིག་གཞུང༌། །མཐའ་དབུས་ཡུལ་གྲུ་ཀུན་ལ། །
ཉི་མའི་འོད་ཟེར་བཞིན་དུ། །སྐར་ཆ་སྐར་ཆ་ནང་ལ། །
གོང་ནས་གོང་དུ་འཕེལ་གྱིས། །དེར་བརྟེན་བོད་མི་ཡོངས་ནས། །
དུས་རྒྱུན་རང་གི་རིག་གཞུང༌། །མ་བརྗེད་སེམས་ལ་དྲན་ཏེ། །
ཡིད་ལ་ཡང་ཡང་འཁོར་དགོས། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་དུས་དྲན་གྱི་བྱུང་རྐྱེན་ཞིབ་ཚགས་སུ་བཀོད་དེ་ལོ་རྒྱུས་ཀྱི་དོན་དངོས་གསལ་སྟོན་བྱས་པ་ལ་བརྟེན་ནས་ངོ་སྤྲོད་དང༌། ཉིན་དེའི་བྱ་རིམ་ཁྲོད་བྱུང་བའི་ཚོར་སྣང་མཚོན་ཐབས་བྱས་ཡོད་པས། བྱུང་རིམ་ཞིབ་ཚགས་ལྡན། སྒྲིག་གཞི་བཀོད་སྒྲིག་དེ་ཙམ་ལེགས་པོ་བྱུང་མེད་ཀྱང༌། ཚིག་གི་སྡེབ་ལེགས་ལ་བྱེད་འབྲེལ་གྱི་སྦྱོར་སྟངས་དང་ཡིག་ནོར་ཅུང་ཟད་ཤོར་འདུག་སྟབས། རྗེས་སོར་དོ་སྣང་དང་རྩོམ་གཞུང་ལ་སྦྱང་བརྩོན་བྱས་ཏེ་ཡག་ཐོག་ཡག་རྩེག་གི་དཔེ་ལྟར་འབད་པ་ཆུ་བོའི་རྒྱུན་བཞིན་བརྩོན་ཅིག་ཨང༌།

གསུམ་བཅུའི་དུས་དྲན་སྐབས་ཀྱི་མྱོང་ཚོར།(ཨང་གཉིས་པ)

སུ་ཇ་བོད་ཁྱིམ་སློབ་གྲྭ། འཇམ་དབྱངས་དོན་གྲུབ།

ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༌། །
གང་ལ་གང་འདུད་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
ཞེས་པའི་ཚིགས་བཅད་འདིས་མཆོད་བརྗོད་ཀྱི་སྔོན་བསུས་ནས་ངས་དེ་རིང་སླར་ཡང་རྨས་ཟིན་པའི་སེམས་ཁམས་ལ་ན་ཟུག་གི་རྦ་རླབས་ཤིག་བསྐྲུན་ཏེ་འདི་ལོའི་བོད་ནང་བྱུང་བའི་གསུམ་བཅུའི་དུས་དྲན་སྐབས་ཀྱི་མྱོང་ཚོར་མདོར་བསྡུས་ཤིག་མ་གསང་དྲང་པོའི་ཚུལ་དུ་ཁྱེད་ཅག་གི་སྙན་ལམ་དུ་ཞུ་འདོད་སྐྱེས།

སྐབས་དེའི་ལུས་ཀྱི་མྱོང་ཚོར།

དོན་ལྔ་སྣོད་དྲུག་ཚང་བའི་དལ་འབྱོར་ལུས་རྟེན་འདིས། ཡོད་ཚད་ཧི་མ་ལ་ཡའི་ཕར་རྒྱབ་ཏུ་བཞག་ནས། ཞི་བདེ་དང་རང་དབང་གི་ཁོར་ཡུག་དྲོན་མོ་ཞིག་ལ་དབུ་འཁྱུད་བྲིས་པ་ནས་བཟུང༌། དྲིན་ཅན་ཕ་མའི་བཀའ་སློབ་ཟབ་མོ་ཡལ་མེད་སྙིང་དབུས་སུ་བཅངས་ཤིང༌། བདག་ཅག་གི་བླ་ན་མ་མཆིས་པའི་དབུ་ཁྲིད་ཁོང་གི་ཟབ་གསལ་གསུང་གི་བདུད་རྩིའི་ཐིགས་པ་རེ་རེ་སྤྱི་བོའི་ཅོད་པན་དུ་བཟུང་སྟེ་རང་འཁྲིའི་འོས་འགན་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་དང་བྱེད་མུས་ཡིན། འོན་ཀྱང༌། འདི་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན། རང་ཉིད་ཀྱི་ལྟེ་ཁྲག་འཐོར་སའི་ཕ་ཡུལ་གངས་ལྗོངས་ཕྱུག་མོར་དགྲ་བོ་རྒྱ་དམར་གྱིས་བཙན་གནོན་དང་མནར་གཅོད་འོག་ཉེས་མེད་བོད་མི་མང་པོའི་ཚེ་སྲོག་འཕྲོག་ཡོད་པའི་གཏམ་རྒྱུད་སྐྱུར་མོ་ཞིག་དྷ་སའི་རི་ཁུག་ནས་མཆེད་དེ་ངའི་རྣ་ལམ་དུ་གོ་ཐོས་བྱུང༌། དུས་དེ་ནས་བཟུང༌། ངའི་གཉོམ་ལག་རྒྱས་པའི་ཕོ་གསར་གྱི་གཟུགས་སྟོབས་དཔའ་རྩལ་ཐང་པོ་འདི་ན་ཚ་ཅི་ཞིག་གིས་མནར་བ་ལྟར། ཉིན་རེ་ནས་ཉིན་རེར་སྐམ་ཞིང་རིད་པར་གྱུར་སོང་ལ། མཚན་མོ་ཆུ་ཚོད་མང་པོར་གཉིད་མི་ཁུག་ཅིང་ཟས་ཀྱི་དང་ག་མེད་པར་གྱུར། དེའི་རྐྱེན་པས་ཉིན་མོ་རྒན་ལགས་ཀྱིས་སློབ་ཁྲིད་སྐབས་ཉོབ་སྣང་དང་ཐང་ཆད་པའི་རྣམ་པ་མང་པོ་ཞིག་མངོན་བྱུང༌། མཚམས་རེར། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཤ་འཁོན་གྱི་ཆེད་དུ་ད་ལྟ་རང་ཕ་ཡུལ་ལ་ལོག་རྒྱུ་བྱུང་ན་ཅི་མ་རུང་སྙམ། གང་ལྟར། ངའི་ལུས་སྟོབས་སྔོན་དང་མི་འདྲ་བར་ཧ་ཅིང་རིད་པར་གྱུར་པས་ངའི་འཛིན་གྲོགས་ཚོས་ང་ལ་མི་ལ་རས་པ་ཞེས་པའི་མིང་སྙན་པོ་ཞིག་ཀྱང་བཏགས་སོང་བ་འདི་ནི་ད་ལོའི་གསུམ་བཅུའི་དུས་དྲན་གྱིས་ང་ལ་གནང་བའི་ལེགས་སྐྱེས་ཤིག་མིན་ནམ་སྙམ་བཞིན་ཡོད།

སྐབས་དེའི་ཡིད་ཀྱི་མྱོང་ཚོར།

ངས་རང་ཉིད་ཀྱི་ལག་ཟུང་བྲང་ལ་བཞག་སྟེ་བསམ་གཞིགས་ཁྲི་ཕྲག་གི་སྒོ་མོར་འཛུལ་ནས་ཅི་ཞིག་འཐོབ་པར་འབད་བརྩོན་བྱས་པས། ང་ལ་འདི་ཡིན་ཞེས་པའི་ལན་ཞིག་རག་མ་སོང༌། འོན་ཀྱང༌། ང་ལ་དྲན་གསོའི་དངོས་པོ་ཞིག་རག་སོང༌། དེ་ནི་གཞན་གང་ཡང་མ་ཡིན་པར། ཇི་སྲིད་གངས་ཅན་བོད་པ་ཚོ་འཛམ་གླིང་འདིར་མ་གནས་པའི་བར། དེ་སྲིད་དུ་བརྗེད་པར་དཀའ་བའི་ལས་དོན་ཞིག་ནི་གཤེགས་ཟིན་པའི་གངས་ཅན་བོད་ཀྱི་རླབས་ཆེན་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་ཁོ་ཚོར་ཡིད་ཀྱི་མཆོད་པ་དང་གུས་བརྩི་རྩེ་གཅིག་གིས་བྱེད་དགོས་པ་ཡིན་ལ། དེ་དང་ཆབས་ཅིག་ང་ཚོ་ཚང་མ་བོད་རིགས་ཡིན་པའི་ཆ་ནས་ང་ཚོའི་ཐུན་མོང་གི་ལས་འགན་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་རང་ཉིད་ཀྱི་བདེ་སྐྱིད་ཆེད་འགྲོ་རྒྱུ་མ་ཡིན་པར། དཔའ་རྒོད་དང་མེས་པོ་ཚོའི་ཞལ་ཆེམས་སྙིང་ལ་གསལ་པོར་བཀོད་ནས་མཐོ་སྒང་གི་ཕ་ཡུལ་དེ་དགྲ་ལག་ནས་ལེན་ཐུབ་པ་བྱེད་རྒྱུ་དེ་ཡིན། དེ་ལྟར་བྱས་ན་ང་ཚོས་དཔའ་བོ་དཔའ་མོ་ཚོའི་བཀའ་དྲིན་འཇལ་ཐུབ་པ་རེད་ལ། ཁོ་ཚོའི་ཞལ་ཆེམས་ཀྱང་སྒྲུབ་ཐུབ་པ་ཡིན་འགྲོ་སྙམ་པའི་ཚོར་བ་ཞིག་ཡིད་ཀྱི་གཏིང་མཐའ་ནས་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང༌། མཐའ་དོན་འདིར་ངས་བརྗོད་འདོད་པ་ནི།
བདེ་བར་གཤེགས་དང༌། གངས་ཅན་དཔའ་རྒོད་ཚོ། ཁྱོད་ཚོའི་ཟུངས་ཁྲག་གི་ཐིགས་པ་རེ་རེ། འཆི་ལ་ཉེ་བའི་བོད་བསྟན་པ་ཆབ་སྲིད་ཀྱི་གསོས་སྨན་ཉག་ཅིག་ཏུ་གྱུར་པས། ང་ཚོས་སྟོང་གསུམ་གྱི་ཁམས་ཆེན་པོ་དེ་མ་སྟོང་བར་དུ་ཁྱེད་ཚོར་སྙན་ངག་གི་མཆོད་པ་འབུལ་རྒྱུ་ཡིན།
སྨྲས་པ།   ལུས་པོ་སྐམ་རིད་ས་མཐའི་གྲོང་དུ་ལྷགས་ཀྱང༌། །སེམས་པ་ཕྲ་མོ་རང་ཡུལ་ཕྱོགས་ལ་ཤོར་སོང༌། །
འཇིགས་སྐྲག་ཆེ་བའི་ལོ་ཟླའི་ལྟེབས་ཁུག་བར་ནས། །ཕ་ཡུལ་སྤུན་ཟླའི་ཞལ་རས་ཡིད་ལ་འཁོར་བྱུང༌། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་ཉིས་སྟོང་བརྒྱད་ལོའི་གསུམ་བཅུའི་དུས་དྲན་གྱི་སྐབས་སུ་བོད་ནང་དུ་བྱུང་བའི་ཞི་རྒོལ་གྱི་གནས་ཚུལ་གོ་ཐོས་བྱུང་བ་དང༌། ལུས་སེམས་ཀྱི་ཚོར་བ་ཤུགས་ཆེར་བྱུང་བ་དེ་དམིགས་སུ་བཀར་ནས་དུང་སེམས་མཚོན་པའི་འབྲི་ཐབས་སྤྱད་དེ་གསལ་མཚོན་བྱས་ཡོད་ལ། རྗོད་བྱེད་ཚིག་གི་སྡེབ་སྦྱོར་ལེགས་ཤིང༌། སྒྲིག་གཞི་བཀོད་སྒྲིག་འོས་འཚམ་ལྡན་ཞིང་ཚིག་དོན་གནད་ལ་འདུས་པའི་ཁྱད་ཆོས་འབུར་དུ་ཐོན་འདུག བྱ་ཚིག་གི་སྦྱོར་སྟངས་ཐད་དང་ཡི་གེ་ཡི་དག་ཆ་ནོར་སོ་ཅུང་ཟད་ཤོར་འདུག་སྟབས། རྗེས་ཕྱོགས་གནས་ཚུལ་ཆུང་ཚགས་རིགས་སྣང་མེད་དུ་མི་འཇོག་པར་དོ་སྣང་མང་ཙམ་སྤྲད་ན་གྲུབ་འབྲས་གཡུར་དུ་ཟ་བ་འབྱུང་ངེས་སོ། །

གསུམ་བཅུའི་དུས་དྲན་སྐབས་ཀྱི་མྱོང་ཚོར།(ཨང་གསུམ་པ)

གོ་པལ་པུར་བོད་ཁྱིམ། ཚེ་དཔག་སྒྲོལ་དཀར།

དང་པོ། གསུམ་བཅུའི་དུས་དྲན་གྱི་འབྱུང་གཞི།

མཐོ་བརྗིད་རབ་དཀར་གྱི་གངས་རི་དང༌། དྭངས་བསིལ་གྱི་གཙང་ཆབ་སྔོན་མོ། གཡག་རྒོད་ཀྱི་རྩིད་པ་ལས་གྲུབ་པའི་སྦྲ་ནག་གྲུ་བཞི་དང༌། འབྲོག་མོའི་རྔུལ་ཆུ་ལས་བབ་པའི་བཅུད་ལྡན་རྩམ་པ། གདོད་མ་ཡི་གདོད་མ་ཞིག་ནས། མཐོ་སྒང་གི་བླ་སྲོག་རེད་ལ། གདོང་དམར་གྱི་ཟུངས་ཁྲག་རེད། གངས་ལྗོངས་ཀྱི་སྙིང་ཁྲག་དྲོན་མོ་རེད་ལ། དབུ་ནག་པའི་དབུགས་རྒྱུན་ཐོག་མ་རེད།
མཐོ་བརྗིད་ཀྱི་གངས་དཀར་ལྷུན་པོ། རི་གྲོང་དེའི་བླ་རི་ཡིན་ལ། དྭངས་བསིལ་གྱི་གཙང་ཆབ་སྔོན་མོ་མཐོ་སྒང་གི་ཕ་ས་དེའི་ཟུངས་ཁྲག་དྲོན་མོ་རེད། སྦྲ་ནག་གི་གུར་ཁང་ལས་རྒྱལ་ཁབ་དེའི་མཐུན་སྒྲིལ་གྱི་དུ་བ་འཕྱུར་ཞིང༌། སྦྲང་དཀར་རྩམ་པ་ལས་མི་རིགས་དེའི་ལྷག་བསམ་གྱི་དྲི་བསུང་འཐུལ། རྗེ་རྒྱལ་པོའི་དམག་དཔུང་གི་ཁྱུ་ཚོགས། ལྷ་དམག་དང་འགྲན་ནུས་ཤིང༌། ཀླུ་དམག་དང་བསྡུར་ཕོད། རྒྱལ་ཁབ་དུ་མའི་ལོ་རྒྱུས་ཀྱི་གླེགས་བམ་ཁ་ལོ་བསྒྱུར་མྱོང་ལ། མི་རིགས་མང་པོའི་རིགས་རྒྱུད་ཀྱི་འཆིང་ཐག་གཏུབ་མྱོང༌། མདོར་ན། སྲིད་འབྱོར་རིག་གསུམ་སྟོང་གསུམ་དུ་སྐད་གྲགས་ཆོད་མྱོང་བའི་ཕ་གཞི་དྲོན་མོ་ཞིག
འོན་ཏེ། དུས་རབས་འཁོར་ལོ་བཞིན་འཁོར་དུས། ཟང་ཟིང་གི་སྤྱི་ཚོགས་དེའི་སྟོང་ཆ་ཁྲོད། སུས་ཀྱང་མཐུག་ཚད་གཞལ་མ་ཐུབ་ཅིང་འབབ་མ་མྱོང་བའི་ཁ་བ་དམར་པོ་ཞིག་མཐོ་སྒང་གི་ཕ་ས་དེར་བབས། འཁྱག་ཅིང་གྲང་བའི་དགུན་དུས་དེར། ཁ་བ་འབབ་རྒྱུ་མང་དྲགས་སོང་བས་ལྷིང་འཇགས་རྩྭ་ཐང་ཐོག་གི་ནོར་ལུག་ལ་རྩྭ་གཟན་མ་ཐོབ་པས། ག་གེ་མོ་ཞིག་གི་ཕུང་པོ་རྩྭ་ཐང་ཡངས་པོའི་རུམ་ཁ་ཁེངས་ཤིང༌། ག་གེ་མོ་ཞིག་གི་ཁྲག་རྒྱུན་མ་ཆད་པར་མ་ཕམ་གཡུ་མཚོ་དང་འདྲེས། ཁ་བ་དེའི་དབང་ཤུགས་ཆེ་དྲགས་སོང༌། རང་དབང་ལ་བརྩི་མཐོང་མེད་ཅིང་ཁྲིམས་ལུགས་ལ་རྡོག་རོལ་བཏང༌། མི་ལུས་ལ་ཆེ་མཐོང་མེད་ཅིང༌། རྩ་ཆེན་གྱི་ཚེ་སྲོག་འཕྲོག བདེ་སྐྱིད་ཀྱི་རྨང་གཞི་བཅོམ་ཞིང༌། ཡོད་ཚད་ཀྱི་མཐའ་ཉིད་བརླག་ཏུ་བཅུག དེས་རྐྱེན་པས་རང་མི་རིགས་ཀྱི་འབྱུང་འགྱུར་དང༌། རང་གི་རྒྱལ་ཁབ་ཀྱི་དམིགས་འབེན་ཆེད། རང་ལུས་མེ་ལ་བསྒྲོན་ཞིང༌། རང་སྲོག་ཆུ་ལ་སྐུར་མཁན་གྱི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་ཆེད། ཁོང་ཚོའི་སྙིང་སྟོབས་ལ་ཡི་རང་དང༌། ལྷག་བསམ་ལ་བསྔགས་བརྗོད། རྒྱལ་ཞེན་ལ་བསྟོད་ར། དཔའ་ངར་ལ་གུས་བཀུར་མཚོན་ཆེད། གསུམ་བཅུའི་དུས་དྲན་ཞེས་པའི་དུས་དྲན་ཁྱད་པར་ཅན་དེ་བྱུང༌།

གཉིས་པ། གསུམ་བཅུའི་དུས་དྲན་གྱི་མྱོང་ཚོར།

ཧི་མ་ལ་ཡའི་རི་རྩེ་ནས་རྒྱལ་ཁབ་ཅིག་གི་བདེན་པའི་ལྷ་དར་དཀར་པོ་མཁའ་དབྱིངས་སུ་སྒྲེང་ཞིང༌། མ་ཕམ་གཡུ་མཚོའི་ཆུ་ངོགས་ནས། མི་རིགས་ཤིག་གི་བདེ་སྡུག་འབོད་སྒྲ་མཐའ་ཡས་རྒྱ་མཚོ་རུ་སྒྲོགས། མེས་པོ་གོང་མའི་རྔུལ་ཆུ་ལས་གྲུབ་པའི་རྩ་ཆེན་རིག་གཞུང་སྲོག་ལྟར་འཛིན་ཞིང༌། ཐོན་མིའི་ཟུངས་ཁྲག་ལས་གྲུབ་པའི་དབྱངས་གསལ་སོ་བཞི་ཁྲག་ལྟར་གཅེས་སྐྱོང་བྱེད། དེ་ནི་ངའི་མཐོ་སྒང་གི་ཕ་ས་དེ་ལ་ངའི་མི་རིགས་ཀྱིས་བཅངས་པའྀ་བརྩེ་སེམས་དང༌། ལྷག་བསམ། སྙིང་སྟོབས། རྒྱལ་ཞེན་བཅས་མཚོན་ཞིང༌། དེ་དག་ལས་ང་ལ་སྔར་མེད་ཀྱི་སྤོབས་པ་དང༌། འགྲན་མེད་ཀྱི་སྙིང་སྟོབས་སྦྱིན། དྲི་མེད་ཀྱི་ལྷག་བསམ་སྤྲོད།
དེ་བས་ཀྱང༌། ངས་རང་གི་རྒྱལ་ཁབ་ཀྱི་སྒེའུ་ཁུང་ནས་ཐོན་པའི་ལོ་རྒྱུས་སྐྱུར་མོའི་འབྱུང་རིམ་རྟོགས་ཤིང༌། རང་མི་རིགས་ཀྱི་སྙིང་ཁྲག་ཁྲོད། ཅི་ཞིག་ཡོད་པ་ཤེས། མག་མོག་གི་ས་སྲོད། རྨི་ལམ་གྱི་ཞིང་ཁམས་སུ་འགྲོ་དགོས་པའི་དྲིལ་བརྡ་བཏང་ཡོང་བའི་གསུམ་བཅུའི་དུས་དྲན་གྱི་མཚན་མོ་དེར། ངས་མནོ་བསམ་གྱི་སྒོ་མོ་ཕྱེ་དུས། རང་ཉིད་གདོང་དམར་ཚང་གི་ཚ་རྒྱུད་ཅིག་ཡིན་པའི་སྤོབས་པ་ཁོ་ན་ལས་མ་འདས། དེར་བརྟེན། ངས་ངུ་དག་གི་ན་ཟུག་རབ་ཏུ་རྒོད་པའི་མཚན་མོ་དེར། རང་ཉིད་ཀྱིས་རང་ལ་བོད་མི་ཚད་ལྡན་ཞིག་གི་མིང་དོན་མ་བརླག་པ་ཞིག་དང་ནམ་ཡང་མཐོ་སྒང་གི་ཕ་གཞིས་དེ་ལ་ཆེད་དུ་འབར་བའི་སྒྲོན་མེ་ཞིག་བྱེད་རྒྱུ་ཆོད་སེམས་བཞག
ངེད་ཚོའི་ཆེས་རྙིང་བའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཆེད་བཞུད་ཟིན་པའི་དཔའ་བོ་དཔའ་མོ་ཚོ། རྟག་ཏུ་ཁྱེད་ཚོའི་རླབས་ཆེན་གྱི་མཛད་རྗེས་ལ་གུས་ཤིང་བཀུར་ལ། ནམ་ཡང་ཁྱེད་ཚོའི་དཀར་གཙང་གི་ལྷག་བསམ་ལ་བཀུར་ཞིང་བསྔགས། ཇི་སྲིད་བར་ཁྱེད་ཚོའི་ལྷད་མེད་ཀྱི་རྒྱལ་ཞེན་ལ་བསྔགས་ཤིང་བརྗོད། འདས་པོ་ཚོ། ཁྱེད་ཚོའི་རྣམ་ཤེས་རྨས་མ་ལྗང་མདོག་གི་རི་གྲོང་དེ་ནས་ཐར་མེད་ལ། ཁྱེད་ཚོའི་རྩ་ཆེན་གྱི་སེམས་པ་ཇི་སྲིད་བར་བོད་རིགས་ཀྱི་ཁྲོད་དུ་ལུས་ཡོད། གསུམ་བཅུའི་དུས་དྲན་ཙམ་དུ་མིན་པར་དུས་ནམ་ཡང༌། ང་ཚོས། ཁྱེད་ཚོའི་ཡོད་ཚད་ལ་ཡི་རང་བསྔགས་བརྗོད་དང་གུས་བཀུར་རྗེས་དྲན་ཞུ།
ཐུགས་ལྷོད་གནོངས་དང༌། འུ་ཚོའི་མི་རིགས་ཀྱི་འཐབ་རྩོད་ཇི་སྲིད་བར་ཡལ་མི་སྲིད། ཤར་ཕྱོགས་ཀྱི་རླུང་འཚུབ་ཇི་ལྟར་རྒོད་ཀྱང༌། བྱང་ཕྱོགས་ཀྱི་བདེན་པའི་མར་མེ་འཆི་མི་སྲིད་ལ། ཁྱེད་ཚོའི་ལས་མཇུག་ང་ཚོས་གོ་མེད་ཀྱིས་སྐྱུར་མི་སྲིད༌། ངེད་ཚོའི་བདེན་པའི་འབོད་ཚིག་གཡང་གཟར་དང་བྲག་རི་ནས་བྲག་ཆ་བཞིན་གྲགས་ཤིང༌། གོ་ལའི་གླེང་སྟེགས་སྟེང་ནས་བདེན་དོན་གྱི་འབྲས་བུ་ཞིག་ཡོད་ངེས། ངེད་ཚོའི་བདེན་པའི་འཐབ་རྩོད། དགུན་དུས་ཀྱི་ཁ་བ་ཇི་ལྟར་གྲང་ཡང༌། མེ་ལྕེ་བཞིན་ཁ་བ་དང་ལྷན་དུ་འགྲོགས་ངེས་ལ། དཔྱིད་དུས་ཀྱི་ཉི་ཟེར་ཅི་ལྟར་ཚ་ཡང༌། འཁྱག་རིལ་བཞིན་ཉི་འོད་དང་མཉམ་དུ་འགྲན་ངེས།
ངས་སྨྱུ་གུ་ནག་པོས་ཤོག་བུ་དཀར་པོའི་སྟེང་ཅི་ཞིག་འབྲི་བཞིན་པ་ཡོད་ཚད་ནི། གསུམ་བཅུའི་དུས་དྲན་སྐབས་ཀྱི་མྱོང་ཚོར་ཁོ་ན་ལས་མ་འདས་སོ།།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་དུང་སེམས་མཚོན་པའི་འབྲི་ཐབས་སྤྱད་པའི་ལྷུག་རྩོམ་ཞིག་རེད་ལ། ཚིག་བརྗོད་ཚགས་དམ་ཞིང་དོན་འདུས་ལ་སྙན་ཆ་ལྡན། ཡིན་ནའང༌། བྱ་ཚིག་དང་མིང་ཚིག་དག་ཆ་རེ་ཟུང་ནོར་འདུག་པ་དང༌། དུམ་ཚན་གྱི་དབྱེ་བ་གསལ་བོ་བཀར་མེད་སྟབས་དོན་སྟོན་གྱི་ནུས་པ་ལ་ཤུགས་རྐྱེན་ཅུང་ཟད་ཐེབས་འདུག་པས། རྗེས་ཕྱོགས་ཚད་ལྡན་གྱི་རྩོམ་ཡིག་ཀློག་པ་དང༌། བསམ་བློས་སྒྲིག་གཞི་ཞིབ་བཀོད་ལ་འབད་པ་ཆེར་སྐྱེད་གནང་ན་རྩོམ་པ་ལ་བྱང་ཆ་ཐོབ་ངེས།

མདུན་ཤོག

Menu