[toc]

མ་ཡུམ་སློབ་གྲྭའི་མཛེས་ལྗོངས་ལ་བསྔགས་པ།

སུ་ཇཱ་བོད་ཁྱིམ། ཨ་ཡུམ་སྐྱབས།

རྒྱལ་བསྟན་ཉི་གཞོན་གསལ་བའི་བྱེད་པོ་བདག་གི་སྐྱབས་གཅིག་བླ་མ་རྒྱལ། །
གངས་ཅན་བྱིས་པ་བུ་བཞིན་སྐྱོང་མཁན་ཨ་མ་རྗེ་བཙུན་པདྨ་རྒྱལ། །
བླང་དོར་ཡང་དག་ལམ་ལ་ཁྲིད་མཁས་བཀའ་དྲིན་གཞལ་མེད་བཤེས་གཉེན་རྒྱལ།།
ཁྱེད་ཀྱི་ཐུགས་རྗེ་ལྕགས་ཀྱུ་མ་ལྷོད་བདག་སོགས་མི་འབྲལ་རྗེས་སུ་བཟུང༌། །

དང་པོ། ནང་བསམ་པའི་ངོས་ཀྱི་སློབ་གྲྭའི་མཛེས་ལྗོངས་གླེང་བ།

    དེ་ཡང་མི་སུ་ཞིག་གིས་གོ་ལ་འདིའི་སྟེང་ཡལ་དུ་མེད་པའི་རྐང་རྗེས་སམ་བྱས་རྗེས་ཤིག་འཇོག་དགོས་ན། སློབ་གྲྭའི་མཛེས་ལྗོངས་སམ་སློབ་གྲྭའི་སློབ་གསོ་ནི་གཡོལ་དུ་མེད་པའི་མི་ཚེའི་དབུ་ཁྱུད་བླ་མེད་ཅིག་འབྲི་སའི་ཁོར་ཡུག་ཁྱད་པར་བ་ཞིག་ཡིན། སྤྱིར་ན་ཕ་མའི་སློབ་གསོ་དང་གྲོགས་པོའི་སློབ་གསོ་སོགས་སློབ་གསོ་ལ་རིགས་མང་དུ་ཡོད་ཀྱང༌། སློབ་གྲྭའི་སློབ་གསོ་ནི་དེ་དག་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པར་ཁོ་བོས་སྨྲ་བར་སྤོབས།
    སློབ་གྲྭ་ནི་ང་ཚོས་ཐད་ཀར་བཤད་ན་མིའི་རིགས་ཀྱི་ནང་བསམ་པའི་མ་ལག་དག་ལ་གཙང་བཟོ་བྱེད་སའི་བཟོ་གྲྭ་ཞིག་ཡིན་ལ། དགེ་རྒན་ནི་བཟོ་པ་མཁས་ཅན་ཞིག་ཏུ་བཤད་ཆོག མཛེས་ལྗོངས་ཞེས་པ་ཧ་ཅང་ཡིད་དུ་འོང་བའི་ཡུལ་ལྗོངས་ཤིག་ཏུ་གོ་ཆོག་མོད། སློབ་གྲྭ་ནི་སེམས་པ་གཡེང་བར་བྱེད་སའི་ཡུལ་ལྗོངས་མཛེས་པོ་ཁོ་ན་ཞིག་ལ་གོ་ན་མི་འོས་པས་འདིར་སློབ་གྲྭའི་ཁོར་ཡུག་ཏུ་འཚོ་སྡོད་བྱེད་བཞིན་པའི་མིའི་བསམ་བློའི་མཛེས་ལྗོངས་ལ་གོ་ན་འགྲིག་པར་སྙམ། སློབ་གྲྭའི་ཁོར་ཡུག་ཏུ་འཚོ་སྡོད་བྱེད་བཞིན་པའི་མི་ནི་ལང་ཚོ་མ་སྨིན་པའམ་ལོ་ཆུང་གི་རིགས་སུ་གཏོགས་ལ་འདིའི་བསམ་བློ་ཡང་ཧ་ཅང་ནས་གཡའ་དག་པ་ཞིག་ཡིན། དཔེར་ན། འཚེ་མེད་ཞི་བའི་ལྟ་གྲུབ་སྨྲ་བ་བོ་སློབ་དཔོན་ཆེན་མོ་གྷན་དྷི་ཡིས་”སློབ་མའམ་བྱིས་པའི་བསམ་བློ་ནི་རས་དཀར་གཙང་ཡུག་ཅིག་དང་འདྲ།” ཞེས་པའི་གསུང་འདི་ལ་གཞིགས་ན་སློབ་གྲྭའི་ཁོར་ཡུག་གི་བྱིས་པའི་བསམ་བློ་དེ་དྲི་མས་མ་གོས་པ་ཞིག་རེད།
    ད་ལྟའི་མཁས་ཆེན་དང་བསམ་བློ་སྨྲ་བ། རྩོམ་རིག་སྨྲ་བ། དཔལ་འབྱོར་རིག་པ་བ་མང་པོ་ཞིག་གིས་མཁས་བརྒྱ་མགྲིན་གཅིག་གི་ངང་སློབ་གྲྭའི་མི་ཚེ་ནི་མི་ཚེ་འདིའི་ནང་དུས་ཚོད་སྐྱིད་ཤོས་ཤིག་ཡིན་གསུང་གིན་ཡོད་པར་ལྟོས་ན། སློབ་གྲྭའི་བསམ་བློ་མཛེས་ལྗོངས་ལས་ཁོར་ཡུག་གི་མཛེས་པ་ཁོ་ན་གླེང་བ་མ་ཡིན་པར། འདིའི་སྐབས་ཀྱི་བསམ་བློ་གུ་ཡངས་ལས་བྱུང་བའི་དཔལ་འབྱོར་གྱི་འགྲན་རྩོད་དང༌། ལྟོ་གོས་ཀྱི་འདང་རྒྱག་མེད་པར་མཐོ་ལ་ཚུལ་འཆོས་ཀྱིས་མགོ་སྒུར་མི་དགོས་པ་དང༌། དམའ་ལ་རྫིག་ཉམས་ཀྱིས་མཁས་ཚུལ་སྟོན་མི་དགོས་པ་སོགས་རང་དབང་མ་ཡིན་པའི་བསམ་བློ་ལ་བཀག་རྒྱ་སོགས་ཅི་ཡང་མེད་པས་ན་ད་གཟོད་སློབ་གྲྭའི་བསམ་བློའི་མཛེས་ལྗོངས་ནི་བསྐྱར་དུ་ཐོབ་ཐབས་མེད་པའི་དུས་ཚོད་སྐྱིད་ཤོས་ཤིག་ཏུ་བགྲང་གི་ཡོད། དེ་ལྟར་ཡིན་དུས་ང་རང་ཐེ་བའི་སློབ་མ་ཚོས་སློབ་གྲྭའི་མཛེས་ལྗོངས་ངོས་ཟིན་པ་ནས་གླེང་བ་གཅིག་པུ་མ་ཡིན་པར་ཡང་ནས་བསྐྱར་དུ་ཐོབ་ཐབས་མེད་པའི་དུས་ཚོད་ལ་དམ་འཛིན་གྱིས་རང་ཉིད་ཀྱི་ལུས་ངག་གི་རྩོལ་བ་ལ་བརྟེན་ནས་བསྔགས་པར་འོས་པའི་སློབ་གྲྭའི་མཛེས་ལྗོངས་ཡང་དག་དང་དགེ་ཕན་ཡོད་པའི་སྒོ་ནས་ལོངས་སུ་སྤྱོད་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད།

གཉིས་པ། ཕྱིའི་རྣམ་པའི་སྒོ་ནས་སློབ་གྲྭའི་མཛེས་ལྗོངས་གླེང་བ།

    མི་གཙོ་བྱས་པའི་སེམས་ཅན་ཡོད་དོ་ཅོག་འབྱུང་བཞི་དང་ཕྱིའི་ཁོར་ཡུག་གི་རམ་འདེགས་སམ་མཐུན་རྐྱེན་མེད་པར་འཚོ་སྡོད་བྱེད་མཁན་གཅིག་ཀྱང་མེད་པ་ང་ཚོས་རྟེན་འབྱུང་གི་འབྲེལ་བའི་ལམ་ནས་གསལ་བོ་ཤེས་ཐུབ་ལ། དེ་བཞིན་མི་དང་སེམས་ཅན་གཞན་དག་ནད་ཀྱིས་མནར་བ་ཡང་གཞན་ཅི་ཡང་མ་ཡིན་ཏེ། འབྱུང་བཞིའི་འཕྲོད་སྦྱོར་མ་སྙོམས་པས་རེད། དེ་ལྟ་ན། སློབ་གྲྭའི་ཁོར་ཡུག་ཏུ་འཚོ་སྡོད་བྱེད་མཁན་གྱི་འཕྲོད་བསྟེན་ལ་ཐད་ཀར་འབྲེལ་བ་ཡོད་པ་དེ་སློབ་གྲྭའི་ཁོར་ཡུག་ཡིན་པས་ན། འདིར་གུས་པས་མ་ཡུམ་སུ་ཇཱ་སློབ་གྲྭའི་མཛེས་ལྗོངས་ཀྱི་བཀོད་པ་འདིར་ཅུང་ཙམ་འབྲི་བར་སྤྲོའོ། །
    གུས་པའི་མ་ཡུམ་སློབ་གྲྭའི་ཕྱིའི་བཀོད་པ་ནི་སྤྱི་ལེ་གྲུ་བཞི་མ་བཞི་ཙམ་གྱི་ནང་དུ་འདུས་ཡོད་ལ། མཐའ་སྐོར་དུ་རྒྱ་གར་གྱི་མེས་པོ་ཚོ་ནས་བརྒྱུད་ཡོང་བའི་རྡོ་རྩིག་གི་རིག་པ་ལ་དེང་རབས་ཀྱི་ཐོན་རྫས་ཨར་འདམ་བསྲེས་སྦྱོར་གྱིས་རྩིག་གྱང་མཐོ་ཚད་དུ་མིས་ཊར་བཞི་ཙམ་བརྒལ་བ་ཞིག་བསླངས་ཡོད། འདི་ནི་ཕྱི་རོལ་གྱི་སེམས་ཅན་སོགས་ལས་སླ་བོའི་ནང་དུ་འཛུལ་མི་ཐུབ་པའི་ཆེད་དུ་ཡིན་ལ། འདིའི་མཚོན་དོན་ཡང་སློབ་གྲྭའི་ཁོར་ཡུག་ནི་རང་ག་བ་ཞིག་མ་ཡིན་པར་རེ་བ་དང་ཕུགས་བསམ་གྱིས་ཕྱུག་པའི་དཔུང་སྡེ་ཁྱད་པར་བ་ཞིག་ཡིན་པ་ཤེས་ཐུབ།
    སྡོད་ཁང་དང་འཛིན་ཁང་སོགས་དེང་རབས་ཀྱི་བཟཽ་བཀོད་འོག་འཛུགས་བསྐྲུན་བྱས་ཡོད་པས། བལྟས་པ་ཙམ་གྱིས་གྲོང་ཁྱེར་ཆེན་པོ་ཞིག་གི་ཟུར་སྣེ་ཞིག་ཏུ་སླེབས་པ་ཨེ་ཡིན་ན་སྙམ་པའི་ཚོར་བ་དབང་མེད་དུ་སྟེར།
    སློབ་གྲྭའི་ཁོར་ཡུག་ཁྱོན་ཡོངས་ཤིང་སྣ་དང་མེ་ཏོག་རིགས་མི་འདྲ་བ་བརྒྱ་ཕྲག་མང་པོས་བརྒྱན་ཡོད། དབྱར་གྱི་ཉི་གཞོན་ཤར་ཕྱོགས་ཀྱི་མཁའ་དབྱིངས་ནས་ས་འཛིན་གྱི་ཕང་བར་ཤར་དུས་ལྗང་ནེམ་ནེམ་གྱི་ལྗོན་པ་དག་གིས་ཡལ་འདབ་ཕྱོགས་བཞིར་བརྐྱངས་ནས་རེ་བ་གསར་པ་ཞིག་བསུ་མ་བྱེད་པ་དང་འདྲ་ལ། རྒྱ་སེ་མེ་ཏོག་དང་པདྨ། གུར་གུམ་སོགས་ཀྱིས་འདབ་མ་ཡངས་པོར་ཕྱེས་ནས་མི་རབས་གསར་པའི་དཔུང་ཁག་གི་འཛུམ་མདངས་ལ་མཛེས་རྒྱན་སྤྲས་པ་དང་འདྲ། ད་དུང་སྐད་སྙན་མོ་དབྱངས་སུ་འགུགས་པའི་ཁུ་བྱུག་དང་གྲེ་འགྱུར་གྱི་གསུང་སྐད་བར་མེད་དུ་སྒྲོག་པའི་ཅོ་ཀ་སོགས་ཀྱི་ལྷན་སྐྱེས་ཀྱི་གསུང་སྐད་སྙན་པོས་ཁོར་ཡུག་འདིར་དྲི་ཟའི་བུ་མོ་སྟོང་གིས་པི་ཝང་མཉམ་དཀྲོལ་བྱེད་པ་དང་མཚུངས། མ་ཟད་ཤིང་སྡོང་གི་རྩེ་མོ་དང་མེ་ཏོག་གི་བར་གསེང་དག་ཏུ་མིང་མི་ཐོགས་པའི་འབའ་འབུ་མང་པོ་ཞིག་གིས་སྐད་སྙན་བར་མེད་དུ་སྒྲོག་པས་མཛེས་ཤིང་སྡུག་པའི་རང་བྱུང་ཁམས་ཆེན་མོ་ཞིག་རང་དབང་མེད་པར་སེམས་ཁམས་སུ་རྟོག་བཟོ་བྱེད་པར་འཇུག་ཡོང༌། སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་དག་ཕྲེང་དུ་བསྟར་བའི་དཀྱིལ་དུ་”ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་”གཡོ་མེད་རྟག་བརྟན་དུ་འགྱིང་ཡོད་ལ། འདི་ནི་ཁོར་ཡུག་འདིའི་བྱབྱསྡེ་བཞིའི་བྱབྱལོངས་སྤྱོད་ལ་འབྲལ་མེད་དུ་ཡོད་པའི་བཀྲ་ཤིས་ཁ་གཡང་གི་ཤིས་པ་ཁྱད་པར་ཅན་ཞིག་ཡིན།  
    འདི་ལྟ་བུའི་བརྗོད་ལས་འདས་པའི་ཕྱི་ནང་གཉིས་ཀྱི་མཛེས་སྡུག་གི་ཕན་ཡོན་ལ་བརྟེན་མ་འོངས་པའི་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་གྱི་བདག་པོ་ཚོའི་ལང་ཚོ་ཡར་ངོའི་ཟླ་བཞིན་རྒྱས་ཤིང༌། ཤེས་རིག་གི་གཟི་དཔལ་དབྱར་གྱི་ཆུ་གཏེར་བཞིན་གོང་ནས་གོང་དུ་འཕེལ་བཞིན་པ་བཅས་སོ། །

གསུམ་པ། སློབ་གྲྭའི་མཛེས་ལྗོངས་གླུ་རུ་ལེན།

ྋམགོན་རྒྱལ་བའི་དབང་པོའི་བཀའ་དྲིན་གྱི་སྐྱབས་འོག །
མ་ལྷ་ལྕམ་ཀོང་ཇོའི་བྱམས་པ་དང་བརྩེ་བས། །
ཕྱོགས་ཀུན་དང་བྲལ་བའི་ཁང་བཟང་འདི་བསྐྲུན་པས། །
བློ་རྨོངས་པའི་མུན་པ་སྐད་ཅིག་ཏུ་བཅོམ་སོང༌། །

ལོ་མཉམ་པའི་ཚོགས་དང་དཔུང་བ་འདི་གཤིབ་ནས། །
གནད་ཆེན་པོའི་དོན་ལ་བགྲོ་གླེང་རེ་བྱེད་ཞོར། །
ཡུལ་རྒྱང་རིང་ཕྱོགས་སུ་ཕྱི་མིག་རེ་ལྟ་ཞོར། །
ལུས་ལང་ཚོ་གནས་འདིར་མེ་ཏོག་བཞིན་རྒྱས་བྱུང༌། །

ནགས་ཚང་ཚིང་གཡུ་ལོ་བཀོད་ཞིང་དང་འདྲ་བ། །
ཟས་ལོངས་སྤྱོད་མ་འབད་ཆད་མེད་དུ་སྩོལ་བའི། །
དུས་སྐལ་བཟང་འདི་འདྲ་བསོད་ནམས་སུ་བསམ་བཞིན། །
བོད་རིག་པའི་གཞུང་ལ་སྦྱོང་མཁན་ང་སྐྱིད་པ། །

རྩོམ་ཡིག་དཔྱད་མཆན
    རྩོམ་ཡིག་འདི་ནི་དོན་བརྗོད་ལྷུག་རྩོམ་ཞིག་རེད་འདུག་ལ། སློབ་གྲྭའི་ནང་གི་བསམ་བློའི་འཇིག་རྟེན་ཏེ་ནག་ནོག་གི་དྲི་མས་མ་གོས་པའི་སེམས་ཁམས་དྭངས་མོ་དང༌། ཕྱིའི་ཁོར་ཡུག་གི་མཛེས་ལྗོངས་རྣམས་གསལ་མཚོན་བྱས་འདུག ཚིག་གི་སྡེབ་སྦྱོར་སྙན་ཆ་ལྡན་པའི་ཀློག་བདེ་ལ་སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་ཀྱང་འོས་ཤིང་འཚམས། བརྗོད་བྱ་མཚོན་ཐབས་ཟབ་ཅིང་ནང་དོན་གནད་དུ་འདུས། ཡིན་ནའང༌། ཕྱིའི་ཁོར་ཡུག་གི་མཛེས་ལྗོངས་དཔེ་རུ་བཀོད་པ་ཉུང་ཞིང༌། ཟབ་རྟོགས་བྱས་པ་ཅུང་ཟད་ཞན་པའི་མྱོང་ཚོར་བྱུང༌། རྗེས་ཕྱོགས་དེའི་ཕྱོགས་སུ་དོ་སྣང་དང་ཟབ་འཇུག་མང་དུ་གནང་ན་ཡག་ཐོག་ཡག་རྩེག་གི་གནས་སུ་ངེས།

མ་ཡུམ་སློབ་གྲྭའི་མཛེས་ལྗོངས་ལ་བསྔགས་པ།

སེ་ལ་ཀུའི་བོད་ཁྱིམ། ནོར་བུ་ཚེ་རིང༌།

    ངའི་བརྩེ་དུང་གི་ཆུ་ཁ་ན་རྦ་རླབས་བཞིན་འཕྱོ་བ་དང༌། ངའི་བསམ་གཞིགས་ཀྱི་རི་རྩེ་ན་སྨུག་སྤྲིན་བཞིན་འཐིབས་པ་ནི་ང་རང་སེ་ལ་ཀུའི་བོད་ཁྱིམ་དུ་ཐེངས་དང་པོར་སློབ་ཞུགས་བྱས་པའི་ཉིན་མོ་དེ་རེད།
    ཉིན་མོ་དེ་ད་དུང་ཡང་ངའི་སེམས་ཁོང་ན་རྡོ་ལ་རི་མོ་བརྐོས་པ་བཞིན་བརྟན་པོ་འདུག་སྟེ། ང་རང་བོད་ཁྱིམ་སློབ་གྲྭ་རྙིང་པ་དེ་དང་ཁ་བྲལ་བའི་དྲན་གདུང་དང་རང་ཉིད་སློབ་མ་གཞན་ཚོ་དང་འདྲ་བར་བརྩེ་བའི་ཕ་མ་གཉིས་འདྲེན་བྱེད་ཀྱི་མཐོང་ཡུལ་དུ་མེད་པའི་སྟབས་ཀྱིས་སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་རྣོན་པོ་ཞིག་གིས་བཟུང་བཞིན་དུ་རང་ཉིད་ཁེར་རྐྱང་དུ་སློབ་གྲྭ་དེར་འབྱོར་བས་རེད། འོན་ཀྱང༌། ང་བོད་ཁྱིམ་སློབ་གྲྭ་དེར་འབྱོར་རྗེས་སེམས་ལ་བཤད་མི་ཤེས་པའི་ཚོར་བ་གསར་པ་ཞིག་བྱུང་བ་དང་སྦྲགས་རང་ཉིད་མུ་མཐུད་དུ་སྐྱོ་གདུང་ཁྲོད་གནས་མི་དགོས་པ་ཡང་གཞི་ནས་ཤེས།

ལྗང་ལྗང་སེ་ལ་ཀུའི་ཡི་ཁོར་ཡུག་ལྗང༌། །
དམར་དམར་གྲལ་བསྟར་བསྒྲིགས་པའི་ཁང་རྩེག་དམར། །
བཟང་བཟང་དགེ་སློབ་རྣམས་ཀྱི་སྤྱོད་ལམ་བཟང༌། །
དགའ་དགའ་བུ་ཆུང་ང་ཡི་སེམས་པ་དགའ། །

    ངས་སྙན་ངག་ལེགས་པོ་ཞིག་འབྲི་ཤེས་ཀྱི་མེད་ནའང༌། ང་རང་འཛིན་གྲྭ་དྲུག་པ་ཡིན་སྐབས། ངས་སློབ་གྲྭའི་རང་བྱུང་གི་ཁོར་ཡུག་དང་དགེ་ལས་ཚོའི་བྱམས་སྐྱོང་ལ་སྨོན་སེམས་ཆེན་པོ་རི་བོ་གཏོས་ལ་འགྲན་པ་ལྟ་བུ་ཞིག་སྐྱེས་ཏེ། སྙན་ངག་ཤོ་ལོ་ཀ་ཞིག་འབྲི་ཁུལ་བྱས་པ་དེ་ད་དུང་ཡང་སེམས་ལ་ཝ་ལེར་དྲན་གྱི་འདུག
    མཐའ་བཞི་གཡུ་ལོ་ཐགས་སུ་བཀྲ་བའི་ཚང་ཚིང་ནགས་ཚལ་གྱི་དབུས་སུ་ཟབ་བརླིང་གི་ར་བས་ཡོངས་སུ་བསྐོར་ཡོད་པ་དང༌། དེའི་ནང་མཚལ་མདོག་གི་ཁང་རྩེག་མང་པོ་ཞིག་ཡོད་པ་སྦྱོང་བརྡར་ལ་ཞུགས་པའི་དམག་མིའི་རུ་བསྟར་བཞིན་ཚར་དུ་དངར། བདག་གི་མ་ཡུམ་སློབ་གྲྭ་དེ་ཁོད་ཡངས་སྣུམ་ནག་ལམ་ཆེན་གཉིས་ཀྱིས་དུམ་བུ་བཞི་རུ་ཕྱེ་ཡོད། དེ་ནི་སློབ་གྲྭ་དེ་ཐོག་མར་འཛུགས་སྐྲུན་སྐབས་ཀྱི་ལས་བྱེད་པ་ཚོའི་རྣམ་དཔྱོད་ཀྱི་རྩལ་འབའ་ཞིག་ལས་བྱུང་བ་ཞིག་ཡིན།
    ད་དུང་ལུས་རྩལ་ཐང་ཆེན་གྱིས་ང་ལ་ཡང་ནས་ཡང་དུ་ཕ་ཡུལ་གྱི་ཡུལ་ལྗོངས་མཚར་པོ་ཞིག་འཆར་དུ་འཇུག་པ་ནི། ཡངས་པའི་རྩྭ་ཐང་དང་དེའི་ཕང་བ་ན་ཕྲ་ཚོམ་བཏབ་པ་ལྟར་མཛེས་པའི་མཐིང་སྨུག་སྦྲ་ཆུང༌། ས་དེའི་བར་སྣང་དུ་ལྷང་ལྷུང་དུ་འཚེར་བའི་འདོ་རིགས་རྟ་ཡི་འཚེར་སྒྲ་དང་གཡང་དཀར་ལུག་གི་འབའ་སྒྲ། བྱུ་རུའི་རྒྱན་ཆ་ཅན་གྱི་གཞོན་ནུ་མ་ཞིག་གིས་བཞོ་ཟེའུ་བསྣམས་ཏེ་སྒོ་ཕྱུགས་ཀྱི་འོ་མ་བཞོ་བ་དང༌། སོས་དུས་ཀྱི་གཡེར་བག་ཁྲོད་བག་ཡངས་སུ་འཕྱོ་བའི་གཞོན་ནུ་མའི་སྐྲ་ལོ་ཡི་མཉེན་ལྕུག་གི་འདར་ཡོམ་ད་དུང་ལོ་ཆུང་བྱིས་པ་རྣམས་ཀྱི་དགའ་འབོད་དང་སྤང་རྒྱན་མེ་ཏོག་གི་དྲི་བསུང་འཐུལ་ཡོང་བ་བཅས་ཡིན།
    ཀྱེ་ཀྱེ། ང་རང་ཆུང་ཆུང་སྐབས་ནས་ཕ་ཡུལ་དང་ཁ་བྲལ་ཏེ་གཞན་ཡུལ་དུ་དཀའ་སྡུག་གི་མགོ་བརྩམས་པ་དང༌། དེ་ནས་སེན་མགོ་ཁྲག་དང་སེན་རྟིང་རྣག་གི་ངང་ཚུལ་སྲུང་ཁུལ་གྱིས་འཚོ་བ་བསྐྱལ་བའི་བར། བདག་གི་སེ་ལ་ཀུའི་མ་ཡུམ་སློབ་གྲྭ་ཁོ་ནས་བདག་ལ་དགའ་བ་དང་སྙིང་ལ་བསིལ་བ་སྦྱིན། དེའི་ཕྱིར་ང་རང་མ་ཡུམ་སློབ་གྲྭར་དགའ་དགའ་སུ་ལའང་མི་དགའ་ཞིང༌། མ་ཡུམ་སློབ་གྲྭར་འཁྲེང་འཁྲེང་སུ་ལ་ཡང་མ་འཁྲེང༌།

དཔྱིད་གསུམ་ཚེ་སྲོག་གསར་པའི་ས་བོན་འདེབས། །
དབྱར་གསུམ་མེ་ཏོག་ཀུན་གྱི་དྲི་ངད་འཐུལ། །
སྟོན་གསུམ་སྡོང་ལོ་སེར་པོའི་ཤག་སྒྲ་དང༌། །
དགུན་གསུམ་གྲང་བས་བསྡམས་པ་ཨེ་མ་མཚར། །

    འཇིག་རྟེན་གྱི་སྣོད་བཅུད་ཐ་དག་ནམ་དུས་བཞིའི་བང་རིམ་དང་བཅས་འགྱུར་ལྡོག་འགྲོ་བཞིན་པ་མངོན་སུམ་གྱི་མཐོང་ཆོས་ཤིག་ཡིན་མོད། བདག་གི་སྣང་བར་ཡོད་པའི་མ་ཡུམ་སློབ་གྲྭའི་མཛེས་ལྗོངས་ནི་དེ་འདྲ་ཞིག་གཏན་ནས་མིན། དཔྱིད་དུས་སློབ་གྲྭའི་མཐའ་འཁོར་ན་ལྗང་མྱུག་རྣམས་ཀྱིས་ས་ཤུན་བརྡོལ་ནས་ས་སྒང་དུ་ཐོན་འདུག་པ་ནེམ་ལྷོད་ལྷོད་དང་ལྗང་ཏིག་ཏིག་ཏུ་སྣང༌། དབྱར་དུས་འཚེམ་དྲུབ་ཀྱི་རྒྱ་ཁབ་བཞིན་འོད་འཚེར་བའི་ཕྱི་གསལ་ནང་གསལ་གྱི་རྩྭ་རྩེའི་ཟིལ་པ་དག་གིས་འབད་འབུངས་སྟོང་གིས་བསུས་པའི་སློབ་མ་དག་ལ་མཁའ་དབུགས་དྭངས་མ་ཞིག་རྔུབ་ཏུ་འཇུག སྟོན་དུས་སློབ་གྲྭའི་ནགས་ཚལ་གསེབ་ཏུ་དཀར་དམར་སེར་གསུམ་དུ་སྐྱེས་པའི་ཤིང་འབྲས་དག་ལྟོགས་སྐོམ་གྱིས་མནར་བའི་སློབ་ཕྲུག་དག་ལ་ཞིམ་པོའི་ཁ་ཟས་སུ་གྱུར། དགུན་གསུམ་གྲང་ངར་ཆེ་བས་དགེ་སློབ་ཚོ་རང་རང་གི་སྡོད་གནས་སུ་དྲོད་ལམ་ལམ་དུ་བཞུགས་ཏེ་ཤེས་བྱའི་གནས་ལ་བརྩོན་འགྲུས་ཀྱིས་འཇུག
    ཆོས་དགེའི་ཨོཾ་ཡིག་གི་ཆོས་སྒྲ་འུར་འུར་དང༌། ཧཱུྃ་ཡིག་གི་སྔགས་སྒྲ་དིར་དིར་གྱིས་ཁོར་ཡུག་ཀུན་ལ་གསོན་ཤུགས་གསར་པ་ཞིག་རྒྱས་པར་བྱེད།
    བདག་གི་མ་ཡུམ་སློབ་གྲྭའི་ཁོར་ཡུག་ཀུན་ལྗང་མདོག་གིས་ཁྱབ་ཅིང༌། ལྗོན་ཤིང་གི་གེལ་བ་ཕྱོགས་བཞིར་བསྐྱངས་པའི་འོག་ཏུ་སློབ་མ་ཁ་ཤས་ཀྱིས་ལྐོག་ཏུ་ཟ་རྒྱུ་སྐོལ་བཞིན་པ་དང༌། དེ་ལས་བྱུང་བའི་དུད་སྨུག་རྣམས་གྱ་གྱུར་འཕྱོ་བ་དང་དེས་སྔོ་བསང་གི་ཕང་བར་མཛེས་སྡུག་གི་རི་མོ་ཞིག་བྲིས་པ་དེ་སློབ་ཕྲུག་ཚོའི་རྟོག་འཆར་དང་ཕུགས་བསམ་ཡིན། ངས་འདི་ལྟར་བསམ་ན་མ་ཡུམ་སློབ་གྲྭའི་མཛེས་ལྗོངས་དེ་སྲིད་པའི་སྙན་ངག་པ་ཡོད་ཚད་ཀྱི་འཆར་ཡན་བློས་བསླངས་ལ་མཛེས་སྡུག་གི་ཅོ་འདྲི་བ་དང་ཀུན་ནས་མཚུངས་སོ། །

གངས་ལྗོངས་ཡུལ་དུ་གཏེར་ཁ་འཛད་མཐའ་མེད། །
སྐྱེ་བོ་དམ་པའི་མཁྱེན་སྤོབས་གཞལ་བར་དཀའ། །
དམ་ཆོས་ཉི་མ་ནུབ་ཏུ་མེད་པ་བཞིན། །
མ་ཡུམ་སློབ་གྲྭའི་མཛེས་ལྗོངས་ལྟ་ན་སྡུག །

རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདི་བརྗེད་དཀའ་བའི་ཉིན་མོ་ཞིག་དམིགས་སུ་བཀར་ནས་བརྗོད་ཡོད་ལ། ཉིན་མོ་དེ་དང་འབྲེལ་ནས་དྲན་གདུང་དང་འཆར་སྣང་གི་སློབ་གྲྭའི་ཁོར་ཡུག་དང་མཛེས་ལྗོངས་མཚོན་ཐབས་བྱས་ཅིང༌། ད་དུང་བར་འཇུག་དང་གསལ་བྱེད་ཀྱི་ལམ་ནས་བྲིས་པས། མཛེས་ལྗོངས་ཀྱི་རྣམ་པ་འབུར་དུ་ཐོན་འདུག ཚིག་སྦྱོར་ལེགས་ཤིང་དཔེ་རུ་བཀོད་པ་དག་ཀྱང་འོས་ཤིང་འཚམས།
ཡིན་ན་ཡང༌། སྒྲིག་གཞི་བཀོད་སྒྲིག་བྱས་པ་ཞིབ་ཚགས་ལྡན་པ་དེ་འདྲ་ཞིག་བྱུང་མི་འདུག་སྟབས། བསམ་གཞིགས་ཞིབ་མོས་བཀོད་སྒྲིག་གནང་བར་འབད་པར་འཚལ།

མ་ཡུམ་སློབ་གྲྭའི་མཛེས་ལྗོངས་ལ་བསྔགས་པ།

རྣམ་རྒྱལ་མཐོ་སློབ། རིག་འཛིན་དབང་རྒྱལ།

རབ་འབྱམས་ཤེས་བྱའི་དཀྱིལ་འཁོར་ཡོངས་རྫོགས་ཤིང༌། །
གཞན་ཕན་བྱང་ཆུབ་སེམས་ཀྱི་ནུ་ཞོ་ཅན། །
འགྲོ་རྣམས་མ་ཡིས་བུ་བཞིན་སྐྱོང་མཛད་པའི། །
བྷོ་ཊའི་ལྷ་སྐལ་ཞི་བདེ་དེད་དཔོན་མཆོད། །

འཆད་རྩོད་རྩོམ་པའི་མཁས་པའི་མཛད་འཕྲིན་ཅན། །
ཐབས་མཁས་ཐུགས་ཀྱིས་སློབ་ཚོགས་སྐྱོང་མཁས་ཅན། །
མ་ཤེས་མུན་པ་སེལ་བའི་བཀའ་དྲིན་ཅན། །
སློབ་དཔོན་དམ་པར་མི་ཕྱེད་ཡིད་ཀྱིས་འདུད། །

རང་གཞུང་དཔལ་ལྡན་ཤེས་རིག་ལྷན་ཁང་གིས། །
རང་གི་རིག་གཞུང་ཉམས་མེད་རྒྱུན་འཛིན་ཆེད། །
རང་རེའི་སློབ་བུ་རྣམས་ལ་འགྲན་རྩོམ་འདིར། །
རང་ཉིད་ཞུགས་པའི་ལས་ལ་ཡིད་རབ་སྤྲོ། །

    ཞེས་རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ྋརྒྱལ་དབང་བཅུ་བཞི་པ་སོགས་ཡུལ་ཁྱད་པར་ཅན་རྣམས་ལ་མི་ཕྱེད་དད་པའི་ཕྲེང་བ་བརྩེགས་པ་སྔོན་དུ་བཏང་ནས་སྐབས་སུ་བབས་པའི་དེ་རིང་གི་བརྗོད་གཞི་མ་ཡུམ་སློབ་གྲྭའི་མཛེས་ལྗོངས་ལ་བསྔགས་པ་ཞེས་པ་འདི་མར་ཤོག་དཀར་ནང་དགོད་ན།
    ཕྲན་གྱི་མ་ཡུམ་སློབ་གྲྭ་ནི་བལ་ཡུལ་ནང་གི་རྒྱལ་ས་ཀཱ་ཐ་མན་ཊུའུ་ཡི་ཁོངས་སུ་གཏོགས་པའི་གཱོ་ཀར་ནག་ཞེས་པའི་གྲོང་གསེབ་ནང་ཆགས། གྲོང་གསེབ་དེ་རུ་གནས་རྙིང་སྐད་གྲགས་ཅན་ཞིག་ཡོད་སྟབས། གནས་རྙིང་དེའི་རྐྱེན་གྱིས་གྲོང་གསེབ་དེའི་མཚན་སྙན་ཡོངས་སུ་ཁྱབ་ཡོད། ཕྱོགས་བཞི་ཡོངས་རྫོགས་ནགས་རིའི་སྐོར་ཞིང༌། དཀྱིལ་དུ་ཡངས་ཤིང་ཡིད་དུ་འོང་བའི་ཐང་ཆེན་ཐོག་ན་ས་ཞིང་གྲུ་བཞི་འདེབས་པ། འདིའི་དཀྱིལ་དུ་གཟི་བརྗིད་ལྡན་པའི་བདག་གི་སློབ་གྲྭ་ཁྲ་ལྷམ་མེར་མངོན།
    སློབ་གྲྭའི་རྒྱ་ཁྱོན་ཡངས་ཤིང་ར་བ་གཅིག་གིས་སློབ་གྲྭའི་ཤག་ཡོངས་སུ་སྐོར། ར་བ་དེ་ཡང་ཕི་ཊི་ལྔ་ཙམ་ས་ཕག་གི་བརྩིགས་ཡོད་པ་ལས་ཕི་ཊི་གཉིས་དང་ཕྱེད་ཀ་ལྕགས་ཐག་གཟེ་མ་ར་མགོས་བསྐོར་ཡོད། ར་བའི་ནང་ལྗོན་ཤིང་གིས་རླུང་བཙོག་འགོག་པའི་སྲུང་དམག་བཞིན་མིག་ལམ་དུ་མཚར་བོར་མངོན། ལྗོན་ཤིང་དེ་དག་ལས་ལོ་ངོ་དུ་མ་ཕྱིན་པའི་སྡོང་པོ་རྣམས་སྦོམ་ཞིང་རིང་པོ་ཡོད། སློབ་གྲྭའི་མཛེས་སྡུག་ཕྱེད་ཀ་ཙམ་ནི་ལྗོན་ཤིང་སྣ་ཚོགས་ཀྱིས་བསྐྲུན། སློབ་གྲྭའི་རྒྱལ་སྒོའི་ཁ་ལྷོ་ངོས་སུ་འཁོར་ཞིང༌། ཡངས་ཤིང་ཆེ་བའི་རྒྱལ་སྒོ་དེར་སྲུང་མི་ཞིག་ཀྱང་ཡོད། རྒྱལ་སྒོའི་ནང་རོལ་ཏུ་ཡངས་པའི་ལམ་གྱི་ཟུར་དུ་ལྗོན་ཤིང་གཟུགས་རིས་ཆུང་ལ་ལྗང་མདོག་ལྡན། ལམ་དེར་ཞུགས་ནས་འགྲོ་ཚེ་གཡས་ཕྱོགས་སུ་མེ་ཏོག་སྣ་ཚོགས་ཀྱིས་བསྐྲུན་པའི་ལྡུམ་ར་ཡིད་དུ་འོང༌། ལྡུམ་རའི་ནང་ལས་བྱེད་པ་ཞིག་ཡོད་པས་དུས་བཞི་དབྱེ་བ་མེད་པར་མེ་ཏོག་འདྲ་མིན་གྱིས་བརྒྱན་ཏེ་བཞག ལྡུམ་རའི་ནང་ངལ་གསོ་རྒྱག་ཏུ་ཕྱིན་པ་ཡིན་ན་མེ་ཏོག་གི་མཛེས་སྡུག་དང་དྲི་ཞིམ་དེས་འདི་ལས་ལྷག་པའི་ལྷ་ཡུལ་ཡོད་དམ་སྙམ་པའི་ཚོར་སྣང་སྟེར།
    དཔྱིད་ཀའི་དུས་སུ་ཕྱེ་མ་ལེབ་སོགས་ལྡུམ་རར་ལྟ་སྐོར་བྱེད་པའི་ཚེ་གསེར་ལ་དྲི་ཞིམ་ཡོད་པ་བཞིན་སུས་ཀྱང་ཡིད་མི་འཕྲོག་པ་མེད། སྐྱེད་མོས་ཚལ་དེ་ཡི་མདུན་དུ་མོ་ཊ་སོགས་འཇོག་གནས་ཐང་ཆེན་པོ་ཡང་ཡོད། སྐུ་མགྲོན་ལ་སོགས་པའི་ལྟ་སྐོར་བ་རྣམས་ཕེབས་ཚེ་ལྡུམ་རའི་ཕྱོགས་སུ་མ་བལྟས་པར་ལས་ཁུངས་ལ་ཕེབས་མཁན་དཀོན་པོ་རེད།
    སློབ་གྲྭའི་ཁང་བརྩེགས་ནི་ཡངས་ཤིང་གཟི་བརྗིད་ཀྱི་དཔལ་དང་ལྡན་ལ། སློབ་གྲྭའི་ཕྱིའི་རྣམ་པ་ནི་སྒོ་ངའི་ནང་གི་སེར་རིལ་ལྟར་གྲོང་ཁྱེར་དེའི་ནང་ནས་ཐུན་མོང་མ་ཡིན་པ་ཞིག་ཡིན། བཟོ་ལྟ་ནི་བོད་པའི་ཁང་པ་དང་འདྲ་ཞིང༌། སློབ་གྲྭའི་ཡང་སྟེང་དུ་ལྕགས་ཤོག་གིས་གཡོགས་ཏེ་ཐོག་ལ་ཚོན་སྔོན་པོ་བྱུགས་ཡོད། ཐོག་དེས་སློབ་གྲྭ་ཁོ་ནར་གནམ་མ་འདྲ་བ་ཞིག་བསྐྲུན་ཡོད་པ་ལྟར་མངོན། སློབ་གྲྭ་ནི་ཕལ་མོ་ཆེ་ཚོན་མདོག་སེར་པོ་ཡིན་པ་ལ་དམར་ཐིག་སྦོམ་པོས་འཐེན། སྒེའུ་ཁུང་ཆེ་ཞིང་ཚོན་ལྗང་ཁུ་ཡིས་རྒྱན། སློབ་གྲྭའི་ཐོག་ཁར་དར་ལྕོག་དང་རླུང་རྟ་ལེགས་པར་བསྒྲིགས། སློབ་གྲྭའི་རྒྱལ་སྒོའི་ནང་འཛུལ་མ་ཐག་རང་ཅག་བོད་མིའི་ཕ་ཡུལ་བོད་ལྗོངས་ཀྱི་སྤྱི་ཚོགས་ཞིག་གི་ནང་སླེབས་པའི་ཚོར་བ་སྐྱེས་ཡོང༌། སློབ་གྲྭའི་ཁང་པའི་ནང་གསར་དུ་འབྱོར་བའི་སྐྱེ་བོ་ཞིག་ཡིན་ན་མགོ་འཐོམ་ངེས།
    སློབ་གྲྭའི་ནང་ཚོགས་ཁང་གསུམ་ཡོད་པ་ལས་གཞས་སྣ་འཁྲབ་སྟོན་དང་མཉམ་འཛོམས་བྱེད་སའི་ཚོགས་ཁང་ནི་སློབ་གྲྭའི་ཁང་པའི་སྒོའི་གཡོན་ཕྱོགས་སུ་ཡོད་ལ། གཡས་ཕྱོགས་སུ་བུའི་ཞལ་ལག་དང༌། ཚོགས་ཁང་གཞན་དེ་ནི་བུ་མོའི་ཞལ་ལག་ཁང་ཡིན། ཚོགས་ཁང་དེ་དག་ཀྱང་ཡངས་ཤིང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་བཀོད་ཡོད། བུ་མོའི་ཚོགས་ཁང་ལས་གཞན་གཉིས་ཀྱི་མཐའ་སྐོར་དུ་འཛིན་གྲྭས་བསྐོར་ཡོད། འཛིན་གྲྭའི་ནང་གི་མཁོ་ཆས་མཐོང་པ་ཙམ་གྱིས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་བྱེད་པའི་ཚོར་བ་རང་བཞིན་གྱིས་ཡོང་ངེས་ཤིང༌།     འཛིན་གྲྭ་ཞིག་ལ་དགོས་པའི་མཐུན་རྐྱེན་ཆ་ཚང་ཕལ་ཆེར་མ་ཚང་བ་མེད། འཛིན་གྲྭའི་མདུན་གྱི་ནག་པང་གི་སྟེང་ཕྱོགས་སུ་ྋརྒྱལ་དབང་མཆོག་གི་སྐུ་པར་ནི་འཛིན་གྲྭ་ཆ་ཚང་ནང་ཡོད། དེ་ནི་རྒྱལ་དབང་མཆོག་གི་བཀའ་དྲིན་དྲན་ཕྱིར་ཡིན་ནོ། །
    སློབ་གྲྭ་འདི་ཡང་ལོ་ངོ་བཅུ་དགུ་ཙམ་ཕྱིན་ཡང་དུས་ད་ལྟའང་གསར་པ་བཞིན་སྣང་གི་ཡོད།
    སློབ་གྲྭའི་རྒྱབ་ངོས་སུ་རྩེད་ཐང་ཆེན་པོ་ཞིག་ཡོད་པ་དང༌། དེ་ཡི་གཡོན་ཕྱོགས་སུ་སླེ་སྤོལ་རྩེད་ཐང་ཞིག་ཀྱང་ཡོད། སློབ་ཕྲུག་རྣམས་རྩེད་མོ་རྩེ་ས་ནི་གུ་ཡངས་ཤིང་ས་ཁོད་སྙོམས། དེ་ཡང་མ་ཡུམ་ཞིག་གིས་རང་གི་བུ་ཕྲུག་ལ་གང་ཐུབ་ཚོད་འབད་ནས་སྐྱིད་པོ་བཟོ་རྒྱུར་བརྩམས་པ་བཞིན་ངེད་ཅག་གི་སློབ་གྲྭས་ཀྱང་དེ་ལྟར་གནང་ཡོད།     
    སློབ་གྲྭའི་མཐུན་རྐྱེན་འདི་དག་ལས་དེའི་ནང་འཚོ་བཞིན་པའི་སྐྱེ་བོ་རྣམས་ཀྱི་གཤིས་ཀ་དང་འབད་བརྩོན་རྣམས་དེ་བས་ཀྱང་ཡིད་དབང་འཕྲོག་པ་ཞིག་ཡོད།
    མ་བྲག་སྲིན་མོས་མིའུ་གདུང་དྲུག་གསོས་པ་བཞིན་སློབ་གྲྭ་དེའི་ནང་དུའང་བོད་པ་དང༌། ཧི་མ་ལཱ་ཡ་རི་རྒྱུད་ནས་ཡིན་པའི་ཕྲུ་གུ། རྟ་མང་སོགས་མི་རིགས་སྣ་ཚོགས་ཡོད་ཀྱང་ཚང་མས་མ་ཡུམ་གཅིག་གི་སྤུན་མཆེད་ལྟར་དུས་ནམ་ཡང་འཆམ་པར་གནས། སློབ་ཕྲུག་བར་གྱི་བརྩེ་དུང་དང༌། དགེ་རྒན་དང་སློབ་ཕྲུག་བར་གྱི་བརྩི་བཀུར་བཅས་ནི་སྨྲ་མི་ཤེས་པའི་ལེགས་ལ། སློབ་ཕྲུག་གི་འབད་བརྩོན་དེ་ཡང་ཁ་ནས་སྨྲ་བརྗོད་བྱེད་པ་ཙམ་མིན་པར་ལོ་འཁོར་གྲུབ་འབྲས་ཐོ་གཞུང་ནང་ལའང་ཤིན་ཏུ་ལེགས་པོ་ཐོན་ཡོེད། འབྲས་བུ་དེ་དག་ནི་སློབ་གྲྭའི་འགན་འཛིན་དང༌། གཙང་མ་བཟོ་མཁན་ཡོངས་ཀྱི་འབད་བརྩོན་ལྷོད་མེད་བྱས་པས་ཡིན། སློབ་གྲྭ་འདི་ནང་ཐོན་པའི་སློབ་ཕྲུག་གང་མང་ཞིག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཞབས་ཞུ་ཞུས་དང་ཞུ་བཞིན་ཡོད་སྟབས། ས་གནས་གང་དུ་ཕྱིན་རུང་མ་ཡུམ་འདིའི་མཚན་སྙན་མི་རྟོགས་མཁན་ནི་དཀོན།
    སློབ་གྲྭའི་ནང་གི་བྱེད་སྒོ་རྣམས་ཀྱང་རང་རེའི་བོད་ཀྱི་རིག་གཞུང་དང་མཐུན་ཞིང༌། ཞོགས་པ་ཆུ་ཚོད་ལྔ་པ་ནས་དགོང་མོའི་ཆུ་ཚོད་དགུ་པ་བར་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་མཉམ་རུབ་བྱས་ནས་མ་ཡུམ་དང་ཁྱད་པར་མེད་པའི་སློབ་གྲྭ་འདི་ཡི་ཡར་ཐོན་གོང་འཕེལ་ཡོང་ཕྱིར་འབད་པ་ཡིན།
    ཚེས་བཟང་དུས་བཟང་ལ་ལྷ་གསོལ་སོགས་བྱེད་པ་ནི་སློབ་གྲྭའི་གོམས་གཤིས་བཟང་པོ་ཞིག་ཡིན་པ་མ་ཟད། བོད་པའི་རིག་གཞུང་མི་ཉམས་གོང་འཕེལ་གྱི་ལས་འགུལ་ཞིག་ཀྱང་ཆགས་སྟབས། ཕྱོགས་གང་ཐད་ནས་བལྟས་ཀྱང་མ་ཡུམ་འདིས་རང་གི་བུ་ཕྲུག་རྣམས་པང་དུ་བླངས་ནས་རང་རེའི་སྲོལ་རྒྱུན་གྱི་རིག་གཞུང་རྣམས་མར་བསླབས་ཤིང༌། བུ་ཕྲུག་མཐར་ཕྱིན་པ་རྣམས་སྤྱི་ཚོགས་ནང་ཞབས་ཞུ་ཞུ་བར་གཏོང་གནང་པས། མ་ཡུམ་འདིའི་བཀའ་དྲིན་ནི་བདག་ལྟར་བུ་ཕྲུག་ཀུན་གྱི་བློའི་ངོས་སུ་ནམ་ཡང་བསུབ་ཐབས་མེད་པའི་རི་མོ་བཞིན་འཁོད་ཡོད། མ་ཡུམ་འདིའི་རེ་བ་ཞིག་ཡོད་པ་དེ་ནི་རང་གི་བུ་ཕྲུག་རྣམས་ཕྱིས་སུ་རང་གི་རྐང་པའི་ཐོག་ལངས་ནས་གཞན་གྱི་གཉའ་གནོན་འོག་གནས་མི་དགོས་པ་བཟོ་རྒྱུ་དེ་ཡིན། བདག་གིས་ཀྱང་མ་ཡུམ་འདིའི་རེ་དོན་མྱུར་དུ་བསྒྲུབ་ཅིང༌། རྒྱའི་གཉའ་གནོན་ནས་མྱུར་དུ་ཐར་བའི་སྨོན་འདུན་ཞུ།

བདག་གིས་རྩོམ་པའི་ལས་ལ་འཇུག་པའི་མཐུས། །
གངས་ཅན་འགྲོ་བའི་ལྷ་སྐལ་རྒྱལ་དབང་མཆོག །
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཀུན་ཁྱབ་སྟེ། །
བོད་ཀྱི་བདེན་དོན་མྱུར་དུ་སེལ་བར་ཤོག །

རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདི་སློབ་གྲྭའི་གནས་ཡུལ་ངོ་སྤྲོད་དང་སློབ་གྲྭའི་ཁོར་ཡུག་ཞིབ་འབྲི་བྱས་ཡོད་ལ། སྒྲིག་གཞི་བཀོད་སྒྲིག་འོས་འཚམས་ལྡན་ཞིང༌། ཡིག་ནོར་མེད་པ་ཧ་ཅང་ལེགས། རྒྱུ་ཆ་གདམ་གསེས་དང་ཕྱིའི་ཁོར་ཡུག་ལ་དོ་སྣང་ཡག་པོ་སྤྲད་འདུག་ཀྱང༌། རྩོམ་རྩལ་དང་ཚིག་བརྗོད་སྤེལ་སྟངས་ལ་ནུས་པ་ཅུང་ཟད་ཞན་སྟབས། དེའི་ཕྱོགས་ལ་འབད་པ་བྱོས་དང༌། རྩོམ་པ་ལ་ཡར་རྒྱས་ཡོང་བར་ངེས།

མདུན་ཤོག