རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང༌།(ཨང་དང་པོ)
དྷ་སྟེང་བོད་ཁྱིམ། ཟླ་བ་ཚེ་རིང༌།
དང་པོ། ཐོག་མའི་གླེང་གཞི།
ང་ཚོ་འགྲོ་བ་མི་ཡིན་པས། ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ལ། ང་ཚོར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་རང་དབང་ཡང་མཁོ། ཐོབ་ཐང་འདི་ནི་ཆེས་གཞི་རྩ་དང་རྨང་གཞི་ཡིན་ལ། རྩེད་མོ་འདི་ནི་ཆེས་གཞི་རྩ་མིན་ཡང་མིའི་སྤྱི་ཚོགས་སུ་ཤིན་ཏུ་གལ་ཆེན་ཡིན། དེ་ཡང༌། ང་ཚོས་ངེས་པར་འདྲི་དགོས་པའི་དྲི་བ་ནི། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་ཆེད་དུ་འགྲོ་བ་མིའི་ཐོང་ཐང་རྡོག་རོལ་ཏུ་གཏོང་རྒྱུ་ཡིན་ནམ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་གྱི་ཆེད་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མཚམས་འཇོག་བྱ་རྒྱུ་ཡིན། ཡང་ན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཡོད་ཅིང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་རྒྱལ་ཁའི་ངང་འཚོགས་ཐུབ་པའི་ཁོར་ཡུག་གསར་པ་ཞིག་གམ་ལམ་ཁ་གསར་པ་ཞིག་ཏུ་གོམ་པ་སྤོ་རྒྱུ་ཡིན་ནམ།
གཉིས་པ། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་དམིགས་ཡུལ།
ཚོ་ཆུང་རང་སྐྱོང་ནས་རྒྱལ་ཕྲན་མཉམ་སྦྲེལ་དང༌། རྒྱལ་ཁབ་སྒེར་སྐྱོང་ནས་མང་གཙོའི་སྲོལ་བཟང་དུ་གྱུར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང༌། ད་ལྟ་འཛམ་གླིང་གཅིག་གྱུར་གྱི་ཕྱོགས་སུ་བསྐྱོད་བཞིན་པའི་སྐལ་བཟང་གི་དུས་སྐབས་འདི་ལ། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནི་རྒྱལ་ཁབ་མང་པོ་མཉམ་གཅིག་ཏུ་འཛོམས་སའི་མདུན་ཐང་ཆེན་པོ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་མང་པོ་མཉམ་དུ་འཛོམས་ཏེ་འགྲོ་བ་མིའི་གཞི་རྩའི་སེམས་ཁོང་ན་ཡོད་པའི་མཛའ་མཐུན་གྱི་ཀུན་སྤྱོད་སྟོན་སའི་སྡིངས་ཆ་ཞིག་ཀྱང་ཡིན།
དེ་ཡང་འཛམ་གླིང་སྟེང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འགོ་འཛུགས་དགོས་པའི་རྒྱུ་མཚན་གཙོ་བོ་ཡང༌། ཁ་འཐོར་དུ་འཚོ་བཞིན་པའི་རྒྱལ་ཁབ་དག་མཉམ་རུབ་བྱེད་པ་དང༌། རྩེད་འགྲན་པའི་རྣམ་དཔྱོད་དང་ལུས་རྩལ་ཕྱིར་སྟོན་བྱེད་པ། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཀུན་ཕན་བདེ་རྩའི་ཕྱོགས་ལ་བསམ་གཞིགས་དང་བརྩི་བཀུར་ཡོང་བའི་ཆེད་དུ་ཡིན་པ་མ་ཟད། གོ་ལའི་སྟེང་གི་དམག་འཁྲུག་ཐམས་ཅད་ཞི་ཞིང་འཛམ་གླིང་རྒྱལ་ཁབ་དག་འཆམ་མཐུན་མཉམ་གནས་ཡོང་ཐུབ་པའི་ཆེད་དུ་ཡང་ཡིན།
འདི་ལྟར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནི་འཛམ་གླིང་གཅིག་གྱུར་དང༌། སྤྱི་ཚོགས་ཀྱི་བདེ་ཐབས། འགྲོ་བ་མིའི་ཐོབ་ཐང་བཅས་ཡར་རྒྱས་སུ་གཏོང་བར་དམིགས་པའི་རྩེད་འགྲན་གལ་ཆེན་ཞིག་ཡིན་པ་སྨོས་མེད་ཡིན།
གསུམ་པ། འགྲོ་བ་མིའི་ཐོབ་ཐང་གི་དགོས་མཁོ།
ང་སྐྱེས་པས་ང་འཚོ་ལ། ང་འཚོ་ནས་འཆི་ངེས། འོན་ཀྱང༌། ང་སྐྱེས་ཏེ་འཆི་ན་དགེ་ཕན་མེད་སྟབས། འཚོ་རྒྱུན་རིང་ང་ལ་དགོས་མཁོ་ཡོད་ཚད་ལྡན་དགོས། སྲོག་འཚོ་བ་ལ་དོན་སྙིང་ཡོད་དགོས་ན་མི་ཚེ་ལ་རིན་ཐང་བསྐྲུན་དགོས། མི་ཚེ། རང་ཉིད་ཀྱི་མི་ཚེ་རང་ཉིད་ལ་ཤིན་ཏུ་རྩ་ཆེ་བ་ནང་བཞིན་གཞན་གྱི་མི་ཚེ་ཡང་གཞན་ལ་དེ་ལྟར་རྩ་ཆེ་བ་ཡིན། དེའི་ཕྱིར། འགྲོ་བ་མི་ཞིག་ཡིན་པས་ཆ་ནས་ཐོབ་ཐང་གང་མང་ཡོད་པ་ཡིན།
དེ་ཡང་སྐྱེས་པའི་དུས་ནས་སྲོག་འཚོ་བའི་ཐོབ་ཐང་ཡོད་ལ། སྲོག་འཚོ་བ་ནས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་བའི་ཐོབ་ཐང་ཆ་ཚང་ཡོད༌། ཆུང་དུས་ནས་ཟས་གོས་གནས་མལ་འཚོལ་སྒྲུབ་ཀྱི་ཐོབ་ཐང་ཡོད་པ་འདི་ནི་འཚོ་བའི་རྨང་གཞི་ཡང་ཡིན། སྲོག་འཚོ་བ་ལ་དོན་སྙིང་ལྡན་དགོས་པའི་ཆོས་ལུགས་དད་མོས་ཀྱི་རང་དབང་དང༌། སློབ་སྦྱོང་བྱེད་པའི་ཐོབ་ཐང༌། སྨྲ་བརྗོད་རང་དབང༌། འདུ་འཛོམས་ཀྱི་རང་དབང་དང་ཕྱོགས་བསྐྱོད་ཀྱི་རང་དབང༌། རང་འགན་རང་གིས་འཁུར་ཏེ་སྤྱི་ཚོགས་ཐོག་གི་ལས་གནས་གལ་ཆེན་གྱི་འགན་ལེན་པ་དང་གཞན་གྱི་མ་འགྲིགས་པ་ལ་སྐྱོན་བརྗོད་དང་དག་ཐེར་བྱེད་པའི་ཐོབ་ཐང་ཡོད་པ་ཡིན།
འདི་རུ་རྗོད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་ནི་བག་མེད་ལོངས་སྤྱོད་ཀྱི་ཐོབ་ཐང་མིན་ལ་རྒྱས་སྤྲོས་གཟབ་འཆོར་གྱི་ཐོབ་ཐང་ཡང་མིན། འདི་ནི་འགྲོ་བ་མི་ཡོད་དོ་ཅོག་ལ་ཚེ་གཡོག་དང་བྲན་གཡོག་གི་མི་ཚེ་སྐྱེལ་མི་དགོས་ཤིང༌། བཙན་གནོན་དང་གཉའ་གནོན་གྱི་འོག་ཏུ་འཚོ་བ་རོལ་མི་དགོས་པའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་པ་མ་ཟད། འགྲོ་བ་མི་ཡོད་དོ་ཅོག་གི་བདེ་ཐང་དང་བདེ་འཇགས་རང་དབང་བཅས་ལ་གུས་བརྩི་བྱེད་པའི་ཐོབ་ཐང་ཡིན། འགྲོ་བ་མི་རྣམས་སྤྱི་ཚོགས་ཀྱི་བདེ་ཐབས་དང་འཛམ་གླིང་ཞི་བདེ། གོ་ལའི་འབྱུང་འགྱུར་བཅས་ལ་ཐུགས་ཁུར་དང་དོ་སྣང་ཡོད་མཁན་ཤ་སྟག་ཏུ་བསྒྱུར་རྒྱུའི་ལམ་བུ་ཐོག་མ་ཡང་ཡིན་ནོ།།
བཞི་པ། ༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་སྔ་རྗེས་སུ།
རྒྱ་ནག་ཏུ་འགྲོ་བ་མྀའི་ཐོབ་ཐང་མེད་པས། ༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་པེ་ཅིན་གཞུང་གིས་བྱེད་པར་ཐག་གཅོད་བྱས་མཚམས་སུ། གནམ་ས་ཀི་སྒྲས་ཁེངས། བོད་མི་དང༌། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བས་མོས་མཐུན་མེད་པའི་ངོ་རྒོལ་བྱས། རྒྱ་གཞུང་གིས་ཕྱི་ལོ་༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམར་གསོད་ཆེན་པོ་ཞིག་བྱས་ཤིང༌། རྒྱ་ནག་མི་མང་སྤྱི་ལ་སྨྲ་བརྗོད་ཀྱི་རང་དབང་མེད། ལྷག་པར་དུ། བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུ་ཀུན་ཏུ་ཆོས་དད་ཀྱི་རང་དབང་དང༌། སྨྲ་བརྗོད་ཀྱི་རང་དབང༌། འགྲོ་འདུག་གི་རང་དབང༌། ཐ་ན་རང་སྲུང་གི་ཐོབ་ཐང་ཐམས་ཅད་འཕྲོག་ཡོད་ཕྱིར། མིག་རྒྱང་རིང་ཞིང་སེམས་རྒྱ་ཆེ་བའི་ཞི་བདེ་ལ་དུང་མཁན་ཚོས་རྒྱ་ནག་ལ་ངོ་རྒོལ་བྱས་ཤིང༌། ཨོ་ལིམ་པིག་རྩེད་འགྲན་མཐུན་ཚོགས་ལ་ཡང་ངོ་རྒོལ་བྱས། འོན་ཀྱང༌། ཐེངས་འདིའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འདི་རྒྱ་ནག་ཡར་རྒྱས་སུ་ཕྱོགས་པ་དང་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སུ་གཏོང་བའི་གོ་སྐབས་ལྟ་བུར་བརྩིས་ཏེ་འཛམ་གླིང་རྒྱལ་སྤྱིའི་ངོས་ནས་ཕྱིེར་བསྣུར་བྱས་མེད་ལ། རྒྱ་ནག་གིས་ཕྱི་བཤོལ་དེ་བས་ཀྱང་བྱས་མེད། དེ་བཞིན། བོད་པ་ཚོས་མཚོན་པའི་རྒྱལ་སྤྱིའི་ཐོག་གི་ངོ་རྒོལ་ཡང་མཚམས་བཞག་མེད།
ཡིད་སྐྱོ་བ་ཞིག་ལ་ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་༨ པའི་ཚེས་༨ ཉིན་རྒྱ་ནག་པེ་ཅིན་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དེ་ལྕགས་ཀྱི་དྲ་བ་དེའི་ནང་དུ་འཛུལ་མཁན་ཚོས་རྩེད་འགྲན་གྱི་འགྲོ་སོང་ཕོན་ཆེན་མི་མང་ནས་བསྡུས་པའི་དཔྱ་ཁྲལ་ཡིན་པ་ཚོར་མེད་ལ། འདི་ལོའི་ཕྱི་ཟླ་༣ པ་ནས་བཟུང་བོད་མི་༢༠༠ ལྷག་དམར་གསོད་བཏང་བ་དང༌། བོད་མི་༡༠༠༠ ལྷག་རྨས་སྐྱོན་བཏང་བ། བོད་མི་༥༠༠༠ ལྷག་བཙོན་འཇུག་བྱས་པ་ཡང་ཚོར་མེད་པ་མ་ཟད། པེ་ཅིན་གྱི་ཡུལ་མི་སྐྱོ་བོ་དང་གྲངས་ཉུང་མི་རིགས་གནས་དབྱུང་བཏང་བ་ཡང་ཚོར་མེད། འདི་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་དང་འགྲོ་བ་མིའི་སྡུག་བསྔལ་ཞིག་རེད། ཡ་མཚན་པ་ཞིག་ལ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མཐུན་ཚོགས་ཀྱིས་རྩེད་མོ་འདིའི་དམིགས་ཡུལ་ལ་རྒྱབ་འགལ་བྱས་པ་འདི་རེད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པའི་རྒྱལ་ཁབ་ཅིག་ལ་རྩེད་འགྲན་འདིའི་མགྲོན་བདག་གི་ཐོབ་ཐང་མེད་པ་སྒྲིག་གཞི་རུ་གསལ་ན་ཡང་ཁོ་ཚོ་མདུན་དུ་བསྐྱོད་སོང༌། ཤུལ་དུ་ལྷག་པ་ནི་སྡུག་བསྔལ་དང་གདུང་བ། མྱ་ངན་དང་གདུང་འབོད། གྲུབ་འབྲས་མེད་པའི་འཐབ་རྩོད་བཅས་ཡིན།
བློ་ཕམ་པ་ཞིག་ལ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མཐུན་ཚོགས་ཀྱིས་བོད་མི་ས་ཡ་དྲུག་འགྲོ་བ་མི་རུ་མ་བརྩིས་པ་རེད་དམ། འཛམ་གླིང་འདི་ཞི་བདེ་ལ་ཕྱོགས་བཞིན་པ་བདེན་ན་བོད་མི་ས་ཡ་དྲུག་ལ་ཡང་ཞི་བདེ་དང་རང་དབང་མཁོ་ཨང༌། ༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་སོང༌། བོད་ཡུལ་ན་འགྲོ་བ་མིའི་ཐོབ་ཐང་མེད་ལ། རྒྱ་ནག་ན་ཡང་འགྲོ་བ་མིའི་ཐོབ་ཐང་མེད།
ལྔ་པ། རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང༌།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཐོག་མ་མགོ་བཙུགས་པ་ནས་བཟུང༌། ལོ་རྒྱུས་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་གུས་བརྩི་ཡི་ཆེད་དུ་རྒྱལ་ཁབ་ཕན་ཚུན་དབར་གྱི་དམག་འཁྲུག་མཚམས་བཞག་པ་བྱུང་མ་མྱོང་ལ། འཛམ་གླིང་དམག་འཁྲུག་བྱུང་བ་ལ་བརྟེན་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་མཚམས་བཞག་པའི་གནས་ཚུལ་ཡང་བྱུང་མྱོང༌། ང་ཚོས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང་གཉིས་ལས་གང་ཞིག་གཙིགས་ཆེན་དུ་འཛིན་རྒྱུ་ཡིན་ནམ། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པ་ཡིན་ན་འདི་རྒྱལ་ཁ་ཞིག་ཏུ་བརྩི་ཆོག་གམ།
ངས་བསམ་ན། འགྲོ་བ་མིའི་ཐོབ་ཐང་གཞི་རྩའི་དགོས་མཁོ་དང༌། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནི་རྗེས་མཐུད་ཀྱི་རྒྱས་སྤྲོས་ལས་དགོས་མཁོ་མིན། དེ་བས། ཐོག་མར་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱེད་དགོས་པ་ཡིན།
དྲུག་པ། མཐའ་མའི་མཇུག་སྡོམ།
ང་ཚོ་རྒོད་དྲགས་པས་རང་ཉིད་ཀྱི་རང་བཞིན་ཤེས་ཀྱི་མེད། བསམ་བློ་ཞིབ་མོ་ཞིག་བཏང་བ་ཡིན་ན། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་མགྲོན་བདག་བྱེད་རྒྱུ་ནི་གཟི་བརྗིད་དང་སྙན་གྲགས་ཡིན་པར་འདོད་ན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་པ་ནི་མིའི་སྤྱི་ཚོགས་ལ་མཁོ་བའི་སྨྲ་བསམ་བརྗོད་འདས་ཀྱི་རིན་ཆེན་དང་འགྲོ་བ་མིའི་རང་གཤིས་སུ་གྲུབ་པའི་ཀུན་སྤྱོད་ཀྱི་དྭངས་མ་ཡང་ཡིན་ནོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་རྩེད་འགྲན་གྱི་དམིགས་ཡུལ་དང༌། འགྲོ་བ་མིའི་ཐོབ་ཐང་གི་དགོས་མཁོ་གླེང་སྟེ། ༢༠༠༨ ལོའི་རྒྱ་ནག་གི་རྩེད་འགྲན་སྐབས་བྱུང་བའི་དོན་རྐྱེན་རྣམས་འགྲོ་བ་མིའི་ཐོབ་ཐང་མེད་པར་བརྟེན་ནས་བྱུང་བ་གསལ་འདོན་བྱས་ཏེ། རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང་གཉིས་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་ཞིབ་འབྲི་བྱས་འདུག སྒྲིག་གཞི་བཀོད་སྒྲིག་ཞིབ་ཚགས་ལྡན་ཞིང༌། ཚིག་སྦྱོར་མཛེས་ལ་སྙན་ཆ་ལྡན། ཡར་རྒྱས་ལ་མཐའ་མེད་སྟབས་ཤེས་ཡོན་ལ་ཆོག་ཤེས་མེད་པར་མུ་མཐུད་དེ་འབད་པར་འཚལ།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང༌།(ཨང་གཉིས་པ)
གོ་པལ་པུར་བོད་ཁྱིམ། བསོད་ནམས་རྡོ་རྗེ།
ཁ་བྱང་གི་འགྲེལ།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནི་ཐེངས་འདིར་སའི་གོ་ལའི་ངོགས་སུ་མི་རིགས་དཀར་ནག་ཀུན་གྱིས་དགའ་མོས་བྱེད་སའི་ཕུལ་བྱུང་གི་རྩེད་འགྲན་རྣལ་མ་ཞིག་ལ་ངོས་འཛིན་བྱེད་ཅིང་རྩེད་འགྲན་འདིའི་བརྒྱུད་རིམ་ཁྲོད་ནས་སྐྱེས་ཁུངས་མི་གཅིག་པའི་མི་རིགས་སྣ་ཚོགས་འཆམ་མཐུན་དུ་འགྱུར་ཐུབ་ལ་རང་སོ་སོས་རྒྱལ་ཁའི་རྟགས་མ་ཡང་ངོམ་ཐུབ། འགྲོ་བ་མིའི་ཐོབ་ཐང་ནི་མིའི་རིགས་སུ་གྱུར་བའི་གང་ཟག་སྤྱི་ལ་མཁོ་བའི་གཞི་རྩའི་ཐོབ་ཐང་དུ་གོ་དགོས།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འཚོག་རྒྱུའི་བརྒྱུད་རིམ་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་སྐད་ཆ་ཐོར་བུ་གླེང་བ།
རྒྱལ་ཁབ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ཆེས་དགའ་མོས་བྱེད་སའི་རྩེད་འགྲན་འདི་རང་ཡུལ་དུ་ཚུགས་ཐུབ་པར་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཆམ་མཐུན་གྱི་ཀ་བ་བསླངས་ཐུབ་དགོས་ལ། རྒྱལ་ཁབ་དེའི་མི་མང་ལ་གོ་ལ་གཅིག་གྱུར་གྱི་བསམ་བློའི་དཔལ་ཡོན་ལྡན་དགོས། རྒྱལ་ཁབ་དེའི་ལོ་རྒྱུས་ཁྲོད་དུ་དམར་འཛིང་དང་མི་གསོད་ཁྲག་སྦྱོར་གྱི་ནག་ཐིག་ཀྱང་ཡོད་མི་རུང༌། སྤྱིར་བཏང་ཐེངས་འདིའི་གོ་ལ་རིལ་བོ་འདི་ཆེས་ཕུལ་བྱུང་དང་འཕེལ་རྒྱས་སུ་འགྲོ་བར་འདིའི་ངོགས་སུ་འཚོ་བཞིན་པའི་མི་རིགས་ཀུན་ལ་འགྲོ་བ་མིའི་ཐོབ་ཐང་རེག་ཐུབ་དགོས་ལ། ཐོབ་ཐང་འདིའི་ལོངས་སྤྱོད་ཁྲོད་ནས་གང་ཟག་སྒེར་སོ་སོར་དཀར་ནག་དབྱེ་འབྱེད་བགྱིད་བྱེད་དང་གཞན་ཕན་གྱི་བློ་སྟོབས་རྒྱས་ཐུབ། བློ་སྟོབས་འདིའི་ཁྲོད་ནས་རང་ཉིད་སྒེར་སོ་སོས་འགྲོ་བ་མིའི་ཐོབ་ཐང་གི་དགེ་ཕན་དང་འཕྲལ་ཕུགས་ཀྱི་དགོས་མཁོ་རྟོགས་ཐུབ། མདོར་བསྡུས་ན་རྒྱལ་སྤྱིའི་རྩེད་འགྲན་འདི་འཚོགས་སའི་གནས་དེ་རུ་འཁོར་བའི་མི་རིགས་ཚང་མར་འགྲོ་བ་མིའི་ཐོབ་ཐང་གཅིག་མཚུངས་སུ་རེག་ཐུབ་དགོས།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་གླེང་བ།
གདོད་མའི་སྤྱི་ཚོགས་ཁྲོད་དུ་ཕྱིར་མིག་ཅིག་བལྟས་ཚེ། སྔོན་མར་ཨ་རི་དང་ཨུ་རུ་སུའི་དཔུང་ཚོགས་གཉིས་ཀྱི་བར་གྲང་དམག་འཁོན་བཞིན་པའི་སྐབས་རྒྱལ་སྤྱིའི་རྩེད་འགྲན་ཨུ་རུ་སུ་ལ་འཚོག་རྒྱུ་ཐག་བཅད་ཀྱང་ཨུ་རུ་སུ་ལ་འགྲོ་བ་མིའི་ཐོབ་ཐང་མི་ལྡན་པའི་སྐྱོན་འཛུགས་ཁྲོད་ནས་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་སྐབས་དེའི་རྩེད་འགྲན་ལ་ཞུགས་མེད་པ་མ་ཟད། ངོ་ལོག་གི་སྐད་ངན་ཐེངས་མང་གྱེར། ད་དུང་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་རྒྱ་ནག་ཨོ་ལིམ་པིག་གི་ལོ་རྒྱུས་ཁྲོད་ནས་ཀྱང་ང་ཚོར་གོ་རྟོགས་གསལ་བོ་ཞིག་བྱིན་ཡོད། དཔེར་ན། འཛམ་གླིང་གི་ཕུལ་བྱུང་མི་སྣ་གལ་ཆེན་མང་པོ་ཐེངས་འདིའིརྩེད་འགྲན་ནང་མི་ཞུགས་རྒྱུའི་རང་ཐག་བཅད་པ་དང༌། རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་སྐབས་རྒྱལ་ཁབ་དུ་མའི་མི་མང་གིས་ངོ་རྒོལ་དང་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་ཚུགས་མི་ཆོག་པའི་སྐད་འབོད་རྒྱ་མཚོ་ལས་གཏིང་ཟབ་པ་རི་རབ་ལས་གཟེངས་མཐོ་བ་ཞིག་བགྱིས་ཟིན། རྒྱུ་མཚན་ནི། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་གར་སྟེགས་སྟེང་དུ་སྤྱི་ཕན་ཞི་བདེ་ལ་དུང་བའི་བོད་མི་ས་ཡ་དྲུག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གིས་དམག་ཤུགས་སྤྱད་ནས་རྡོག་རོལ་ཏུ་བཏང་བ་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་ཆེ་མཐོང་མ་སྤྲད་པའི་རྒྱུ་མཚན་ཁོ་ནའོ། །
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་ནས་འགྲོ་བ་མིའི་ཐོབ་ཐང་ལ་གཅེས་སྤྲས་དང་ཕན་རླབས་འབུར་དུ་ཐོན་པ་ཞིག་བསྐྲུན་ཡོད།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང་གི་ཕན་རླབས་ཐོག་སྐད་ཆ་ཐོར་བུ།
གོ་ལ་ཧྲིལ་པོ་འདིའི་སྒང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལེགས་པོ་ཞིག་བསྐོངས་ཐུབ་པ་འདིས་བསམ་བློ་དང་ལྟ་བ་མི་མཚུངས་པའི་མི་རིགས་མང་པོ་ཞིག་ཕན་ཚུན་ངོ་ཤེས་སུ་གྱུར་ཡོད་ལ། ངོ་ཤེས་ཀྱི་བརྒྱུད་རིམ་ཁྲོད་ནས་ཆེས་ཁ་ཐག་ཉེ་བའི་གྲོགས་པོ་ཆགས་ཏེ་མཛའ་གྲོགས་ཀྱི་མི་ཚེའི་ཐོག་ནས་ཕན་ཚུན་རོགས་རམ་དང་ཧ་ཅང་ལྕི་བའི་རྡོག་ཁྲེས་མང་པོ་སེལ་ཐུབ་ལ་འཛམ་གླིང་དུ་ཞི་བདེའི་དཔལ་ཡོན་རྒྱས་ཐུབ། ད་དུང་ཕྱོགས་བཞི་མཚམས་བརྒྱད་ནས་འདུས་འོངས་པའི་ཁ་སང་སྤྱན་ལམ་དུ་ཟིན་མ་མྱོང་བའི་གྲོགས་པོ་གསར་པ་མང་པོ་ཞིག་དེ་རིང་རང་སོ་སོའི་འདུག་རོགས་དང་དགོད་གྲོགས་སུ་གྱུར། འགྲོ་བ་མིའི་ཐོབ་ཐང་ལག་བསྟར་ཁྲོད་བཙན་པོས་གཉའ་གནོན་དང་མཐོ་བོས་བཀོལ་སྤྱོད་བགྱིད་སའི་ཉམ་ཆུང་བ་མང་པོ་ཞིག་ལ་བདེ་སྐྱིད་ཀྱི་བྲོ་ཁ་ཞིམ་པོ་ཞིག་སྦྱིན་ཡོད། ད་དུང་རང་ཉིད་ནར་སོན་མ་ཐུབ་པའི་རྗེས་ལུས་པ་མང་པོ་ཞིག་ལ་བསམ་བློ་དང་ལྟ་བ་གསར་པ་ཞིག་གི་ཁ་ཕྱོགས་ཀྱང་རེག་ཐུབ་ཡོད། མདོར་བསྡུས་ན་འགྲོ་བ་མིའི་ཐོབ་ཐང་གིས་ང་ཚོར་རང་ཉིད་ཀྱི་ཡོད་ཚད་རང་ཉིད་ལ་དབང་ཡོད་པའི་སྐལ་བ་སྦྱིན།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བྱའི་ཁྲོད་སྐད་ཆ་ཐོར་བུ།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་ཆེས་ཐོག་མའི་དམིགས་བྱ་ནི་ང་ཚོ་འཚོ་སྡོད་བྱེད་སའི་གོ་ལ་ཧྲིལ་པོའི་ཁྱིམ་གཞི་དྲོན་མོ་འདིར་སྐྱེས་ཁུངས་མི་གཅིག་པའི་མི་རིགས་དག་ལ་ཆིག་སྒྲིལ་གྱི་ཐག་པ་འཐེན་ཐུབ་པ་དང་འབྱུང་འགྱུར་རི་ཀླུང་ཁྲོད་ཞི་བདེ་ཡི་ཁ་བ་འབབ་ཐུབ་པའི་རེ་སྙེག་འབའ་ཞིག་རེད། འགྲོ་བ་མིའི་ཐོབ་ཐང་གིས་ང་ཚོར་སྦྱིན་འདོད་པ་ནི་རང་གི་བསམ་གཞིགས་ཀྱི་གོ་རིམ་ཁྲོད་ནས་རང་དབང་གི་གླུ་ངག་གྱེར་ཐུབ་ལ་བདེ་སྐྱིད་ཀྱི་ཞབས་བྲོ་འཁྲབ་ཐུབ། “ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད།” ཅེས་པའི་དཔེ་བཞིན་དུ་ང་ཚོས་རང་ཉིད་ཀྱི་དམིགས་བྱ་རེའི་སླད་དུ་སྒྲུབ་འདོད་པའི་བྱ་བ་སྒྲུབ་ཐུབ་ལ་བཤད་འདོད་པའི་གསུང་སྐད་འབྱོན་ཐུབ། སྐབས་དེར་ང་ཚོས་ཕོད་པ་གསུམ་གྱི་བརྒྱུད་རིམ་ཁྲོད་མི་ཚོའེི་བྲོ་བ་ངོ་མ་དེ་རོལ་ཐུབ།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང་གི་མཇུག་འབྲས་ཐོག་སྐད་ཆ་ཐོར་བུ།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འཚོག་སའི་རྒྱལ་ཁབ་དེར་བདེ་སྐྱིད་དང༌། འཕེལ་རྒྱས་ཀྱི་སྒྲོན་མེ་འབར་བཞིན་པའི་དཔང་རྟགས་དང་དཔལ་འབྱོར་གྱི་རྟ་ཕོར་བཞོན་ནས། རྒྱལ་ཁབ་དེའི་མི་མང་ལ་འཛམ་གླིང་གི་གོ་རྟོགས་གོང་འཕེལ་དུ་གཏོང་ཐུབ་ལ། མེས་པོ་ཚོས་རེ་བ་ཁྲི་ཕྲག་བྱེད་སའི་མི་རབས་གསར་པ་ཚོའང་རང་སོ་སོའི་རྒྱལ་ཁབ་ལ་དུང་སེམས་དང་ལ་རྒྱ་འཕེལ་ཐུབ།
འགྲོ་བ་མིའི་ཐོབ་ཐང་གིས་བདེ་སྐྱིད་སྤྱིལ་བུར་ཀེར་ཐུབ་ལ། ང་ཚོས་ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་ཕོངས་ལ་སྦྱིན་གཏོང་བྱེད་ཐུབ། ལྟ་བ་གསར་པ་དང་བསམ་བློ་གསར་པ་ཡང་རྙེད་ཐུབ་ངེས།
མཇུག་གི་སྐད་ཆ་ཐོར་བུ།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་ཁྲོད་ནས་ང་ཚོས་དགའ་བ་གསུམ་གྱི་གླུ་དབྱངས་གྱེར་ཐུབ་ལ་ངེད་ཚང་གི་ཁྱིམ་ཚང་ལ་ཆེས་དགའ་མྱོང་བའི་སྟོན་མོ་ཆེན་པོ་མཆིས་པ་ཡང་དེ་རེད། རྩེད་འགྲན་དེས་ངེད་ཅག་གི་ནང་མི་དག་འཆམ་མཐུན་བསྐྲུན་ཐུབ་ལ་ཆིག་སྒྲིལ་གྱི་ཁ་བཏགས་ཀྱང་འདེགས་ངེས།
འགྲོ་བ་མིའི་ཐོབ་ཐང་གི་ཕན་རླབས་ཁྲོད་ནས་ང་ཚོས་མགོ་བོ་འགྱོག་ཐུབ་ལ་རང་བསམ་གྱི་གོམ་པའི་འདེགས་འཇོག་ཇེ་མྱུར་དུ་གཏོང་ཐུབ།
རང་དབང་གི་གར་སྟབས་ངོམ་ནས་ཕོ་རྩལ་སྣ་དགུ་སྟོན་ཐུབ་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ཡང་སྒྲོག་ཐུབ།
རྩོམ་ཡིག་གི་དཔྱད་མཆན།
རྩོམ་ཡིག་འདིའི་ནང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་གི་རྩེད་འགྲན་གྱི་མགྲོན་བདག་བྱེད་པའི་ཆ་རྐྱེན་དང༌། ཆ་རྐྱེན་དེ་མ་ཚང་བའི་འགལ་འདུ། དེའི་ཕན་འབྲས་དང་དམིགས་བྱ་རྣམས་འབྲི་འགོད་བྱས་འདུག ཚིག་སྦྱོར་གྱི་ལྷུ་རྐང་འགྲིག་པས་སྙན་ཆ་ལྡན། ཡིན་ནའང༌། སྒྲིག་གཞི་བཀོད་སྟངས་ཅུང་ཟད་མ་འཚམ་པ་དང༌། ཡིག་ནོར་ཤོར་བ་ཏོག་ཙམ་འདུག་པས་དེའི་ཕྱོགས་ལ་གཟབ་ཙམ་གནང་བ་དང༌། མཚོན་ཐབས་ལ་ད་དུང་མི་འདང་བའི་ཆ་འདུག་སྟབས། སྣང་ཆུང་དུ་མི་གཏོང་བར་རྩོམ་ཡིག་གང་མང་ཀློག་པ་དང༌། འབད་པར་ཆེར་བསྐྱེད་ཀྱིས་མུ་མཐུད་དེ་སྦྱང་བརྩོན་བྱས་ན་ཚད་ལྡན་གྱི་རྩོམ་པ་པོ་ཞིག་ཆགས་ངེས།
རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང༌།(ཨང་གསུམ་པ)
མོན་གྷོ་གཏན་སློབ། བསྟན་འཛིན་གསལ་སྒྲོན།
འཛམ་གླིང་ཞིང་འདིར་བསྟན་སྲིད་ལམ་སྟོན་ལ། །བྱུང་དང་འབྱུང་འགྱུར་ཀུན་གྱི་རབ་དང་ཕུལ། །
ཞི་བའི་དེད་དཔོན་བསྟན་འཛིན་རྒྱ་མཚོ་ཁྱེད། །གངས་ཅན་བསྟན་འགྲོའི་མགོན་དུ་བྱོན་པ་ལེགས། །
ཞེས་ཐོག་མར་རྩོམ་ཡིག་མ་བྲིས་སྔོན་ལ་འཛམ་གླིང་ཞི་བདེའི་དེད་དཔོན་ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་ལ་གུས་མོས་ཡན་ལག་ས་ལ་ཕབ་ནས་གུས་ཕྱག་དང་བཅས་རྩོམ་གྱི་བརྗོད་བྱ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དང༌། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་མདོར་ཙམ་ཞིག་བྲི་རྒྱུ་ཡིན།
སྤྱིར་མིའི་མི་ཚེ་ནང་ལ་རྩེད་མོ་ནི་མེད་དུ་མི་རུང་བ་ཞིག་ཡིན། རྩེད་མོའི་ཐོག་ལ་འགྲན་སྡུར་མང་ཞིང༌། དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དེ་འཛམ་གླིང་སྤྱི་ལ་ཡོངས་ཁྱབ་ཏུ་དར་བའི་རྩེད་འགྲན་ཆེ་ཤོས་དེ་ཡིན། དེ་ཡི་ནང་ལ་རྩེད་མོ་རྩེད་མཁན་དང་འཛུལ་ཞུགས་བྱེད་མཁན་ཧ་ཅང་མང་པོ་ཞིག་སླེབས། རྩེད་མོ་དེ་ཐོག་མ་གྷི་རི་སི(Greece mt. olympus) ཞེས་པའི་ལུང་པ་དེར་དབུ་ཚུགས་ཤིང༌། རྩེད་འགྲན་དེའི་དར་ཆའི་མཚོན་རྟགས་ནི་སྒོར་སྒོར་ལྔ་()ཡོད་ལ། དེ་རྣམས་ཀྱིས་རྒྱལ་ཁབ་ལྔ་མཚོན། རྩེད་འགྲན་དེ་ལོ་བཞི་ལ་ཐེངས་གཅིག་གོ་སྒྲིག་བྱེད་ཅིང༌། ཨོ་ལིམ་པིག་དེ་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི། རྒྱལ་ཁབ་ཚང་མ་ཆིག་སྒྲིལ་ཡོང་བ་དང༌། ཕན་ཚུན་བར་ལ་མཐུན་འབྲེལ་ཡག་པོ་ཡོང་བའི་ཆེད་དུ་ཡིན། རྩེད་འགྲན་དེ་ཡི་ནང་ལ་འཛུལ་ཞུགས་བྱེད་མཁན་གྱི་རྒྱལ་ཁབ་རྣམས་རང་བཙན་ཅན་དང་རང་དབང་ལྡན་པ་ཡིན། དེར་བརྟེན། ང་ཚོ་བོད་ཀྱི་རྒྱལ་ཁབ་དེ་འཛུལ་ཞུགས་བྱེད་མི་ཆོག
རྩེད་འགྲན་དེ་ཚུགས་པའི་གོ་སྐབས་ཡོང་བ་ལ། རྒྱལ་ཁབ་དེ་བདེ་འཇགས་དང་འགྲོ་བ་མིའི་ཐོབ་ཐང་དང་ལྡན་པའི་རྒྱལ་ཁབ་ཅིག་དགོས། ཨོ་ལིམ་པིག་རྩེད་འགྲན་དང་འགྲོ་བ་མིའི་ཐོབ་ཐང་བར་ལ་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་སྟབས། ཉེ་ཆར་༢༠༠༨ ལོར་ཨོ་ལིམ་པིག་དེ་རྒྱ་ནག་ལ་ཚུགས་སྐབས། རྒྱ་ནག་ནང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་ཚུལ་གྱི་རྐྱེན་པས་དཀའ་ངལ་མང་པོ་བྱུང་ཡོད། ཡིན་ན་ཡང༌། དེ་རྒྱ་ནག་ལ་ཚུགས་པ་རེད།
ཨོ་ལིམ་པིག་དེའི་ཐོག་ནས་བོད་ནང་དུ་ཡོད་པའི་ཤ་ཁྲག་གཅིག་པའི་བོད་མི་ཚོའི་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་པ་དང༌། མ་ཟད། འགྲོ་བ་མིའི་གནས་ཚད་གང་འདྲ་ཡོད་པ་རྣམས་འཛམ་གླིང་རྒྱལ་ཁབ་སྤྱི་ལ་ཁྱབ། སྔར་རྒྱལ་ཁབ་གཞན་ཚོས་བོད་མིའི་གནས་སྟངས་སྐོར་ཞེ་དྲག་མཁྱེན་གྱི་མེད། ཡིན་ན་ཡང༌། ད་ལོ་ང་བོད་ནང་སྤྱི་ཟླ་གསུམ་པ་ནས་བཟུང་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་གྱི་ངོ་རྒོལ་བྱེད་པ་དང༌། རྒྱལ་ཁབ་གཞན་པ། རྒྱ་གར་དང༌། ཨ་རི་ལ་སོགས་པའི་ནང་ཡོད་པའི་བོད་མི་རྣམས་ཀྱིསཀྱང་ངོ་རྒོལ་བྱས་པ། ད་ལྟ་རྒྱལ་ཁབ་མང་ཆེ་བའི་རྒྱ་ནག་ལ་དོ་སྣང་ཡོད་སྟབས་ང་ཚོ་བོད་པའི་གནས་ཚུལ་དེ་རྒྱལ་ཁབ་གཞན་ལ་ཡག་པོ་ཁྱབ་པ་ཡིན།
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ནས་བལྟས་ན། བོད་མི་རྣམས་ཀྱིས་ཆོས་བྱེད་པའི་རང་དབང་མེད་པ་དང༌། སློབ་སྦྱོང་བྱེད་སྐབས་བོད་ཡིག་ཐོག་ལ་སྦྱང་མི་ཆོག་པ་རྒྱ་སྐད་ངེས་པར་དུ་སྦྱོང་དགོས་པ། བོད་མི་ན་གཞོན་མང་པོ་ཞིག་ཕ་མ་སྤུན་མཆེད་རྣམས་དང་ཕྲལ་ཏེ་རྒྱ་ནག་ཏུ་ཁྲིད་པ་དང༌། ཆང་རག་ལ་སོགས་པའི་བཟི་སྨན་རྣམས་རིན་གོང་ཆུང་ཆུང་དུ་བཙོང་ནས་བོད་མིའི་རིགས་རྒྱུད། མ་འོངས་པའི་སོན་རྩ་རྣམས་རྩ་བརླག་ཏུ་གཏོང་གི་ཡོད་སྟབས། དེ་རྒྱལ་ཁབ་གཞན་གྱིས་གོ་རྟོགས་ཐུབ་པ་བྱ་རྒྱུ་ནི་གལ་ཆེན་པོ་ཡིན། གནས་ཚུལ་དེ་རྣམས་རྟོགས་པར་ཨོ་ལིམ་པིག་རྩེད་འགྲན་དེ་རོགས་རམ་བྱེད་ཀྱི་ཡོད། དེ་ལྟར་རྟོགས་ནས་རྒྱལ་ཁབ་ཁ་ཤས་ཀྱི་མི་སྣ་སྙན་གྲགས་ཅན་ཁ་ཤས་ང་ཚོར་རྒྱབ་སྐྱོར་བྱེད་པ་དང༌། རྩེད་འགྲན་གྱི་མཛད་སྒོའི་ནང་འཛུལ་ཞུགས་བྱས་མེད།
ཨོ་ལིམ་པིག་གི་དཔལ་འབར་དེ་རྒྱལ་ཁབ་འདྲ་མིན་ལ་སྐོར་བསྐྱོད་སྐབས་དཀའ་ངལ་མང་པོ་འཕྲད་ཅིང༌། ལས་འབྲས་ཀྱི་དབང་གིས་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་འགྲོ་བཞིན་པའི་སྐབས་དཀའ་ངལ་མང་པོ་བྱུང༌། དཔེར་ན། གསེར་གྱི་རྟགས་མ་ནང་སླད་བསྲེས་པ་སོགས་དཀའ་ངལ་ཁ་ཤས་འཕྲད་ཡོད།
ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་ཨོ་ལིམ་པིག་རྩེད་འགྲན་དེ་གལ་ཆེན་པོ་ཞིག་ཡིན་པ་དང༌། དམིགས་བསལ་རྒྱ་ནག་གི་ཨོ་ལིམ་པིག་དེ་བོད་ཀྱི་རྒྱལ་རབས་ནང་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན། དེ་ཡིས་ང་ཚོ་བོད་མིའི་གནད་དོན་མང་པོ་རྒྱལ་ཁབ་ཡོངས་ལ་སྤེལ་བའི་རོགས་རམ་བྱས་ཡོད། ཨོ་ལིམ་པིག་རྩེད་འགྲན་དེ་རྩེད་མོ་གཅིག་པུ་མིན་པར་འགྲོ་བ་མིའི་ཐོབ་ཐང་ལ་ཡང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། རྗེས་མ་ཨོ་ལིམ་པིག་གི་རྩེད་འགྲན་དེ་དབྱིན་ལན་དུ་ཡིན་སྟབས། དེ་ཡི་ནང་ལ་ང་ཚོ་བོད་རྒྱལ་ཁབ་དེ་འཛུལ་ཞུགས་བྱེད་པ་དང༌། བོད་ཀྱི་རྒྱལ་དར་དེ་ཡང་རྒྱལ་ཁབ་གཞན་གྱི་དར་ཆ་མཉམ་དུ་སྒྲེང་འཛུགས་དང༌། བོད་པའི་རྒྱལ་གླུ་དེ་ཡང་ཨོ་ལིམ་པིག་གི་སྡིངས་ཆའི་སྟེང་གཏོང་ཐུབ་པའི་རེ་སྨོན་ཡོད།
རྒྱལ་སྤྱིའི་ཨོ་ལིམ་པིག་དེ། །རྩེད་འགྲན་ནང་གི་མཆོག་ཡིན། །འཛམ་གླིང་རྒྱལ་ཁབ་ཚང་མས། །འཛུལ་ཞུགས་བྱེད་ཀྱིན་ཡོད་དོ། །
རང་བཙན་ཡོད་པའི་རྒྱལ་ཁབ། །དེའི་ནང་འཛུལ་ཞུགས་བྱེད་ཆོག །སྟོབས་ཆེན་རྒྱལ་ཁབ་དག་གིས། །རྩེད་འགྲན་མགྲོན་བདག་བྱེད་ཆོག །
རང་དབང་མེད་པའི་བོད་དེ། །འཛུལ་ཞུགས་བྱེད་ས་མི་འདུག །ང་ཚོ་བོད་མི་རྣམས་ཀྱི། །གནས་སྟངས་ཐབས་རྡུགས་ཆགས་ཡོད། །
ཡིན་ཡང་ལས་འབྲས་དབང་གིས། །ཉིན་ཞིག་རང་དབང་ཐོབ་ནས། །དེའི་ནང་འཛུལ་ཞུགས་ཡོང་བའི། །རེ་སྨོན་ཉིན་ལྟར་ཡོད་དོ། །
ང་ཚོ་བོད་ཀྱི་ན་གཞོན། །སློབ་སྦྱོང་འབད་བརྩོན་བྱས་ནས། །རང་བཙན་མྱུར་དུ་ཐོབ་པའི། །སྨོན་འདུན་སླར་ཡང་ཡོད་དོ། །
མཐའ་དོན་ྋསྤྱི་ནོར་ྋགོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང༌། བོད་ནང་སྐྱིད་པའི་ཉི་མ་མྱུར་དུ་ཤར་བ། པོ་ཏཱ་ལའི་མདུན་དུ་བོད་ཀྱི་རྒྱལ་དར་དེ་བསྒྲེངས་ཐུབ་པའི་རེ་སྨོན་བཅས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་རྩེད་འགྲན་དར་སྟངས་ཀྱི་ལོ་རྒྱུས་དང་འབྲེལ་ཏེ། རྩེད་འགྲན་གྱི་དམིགས་ཡུལ་ངོ་སྤྲོད་དང་རྒྱ་ནག་ཏུ་འཚོག་སྐབས་ངོ་རྒོལ་བྱུང་བའི་རྒྱུ་རྐྱེན། ལྷག་པར་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཏུ་བཏང་བའི་སྐོར་བཅས་གནས་ཚུལ་གསལ་འདོན་བྱས་འདུག སྒྲིག་གཞི་བཀོད་སྒྲིག་འོས་འཚམ་བྱུང་ཡོད་ནའང༌། ཡིག་ནོར་ཅུང་ཟད་ཡོད་པ་དང༌། ཚིག་ལ་ཟློས་སྐྱོན་དང་ཚིག་བརྗོད་སྤེལ་སྟངས་ལ་བྱང་ཆ་དེ་ཙམ་མི་འདུག་པས། དེའི་ཕྱོགས་ལ་དོ་སྣང་མང་ཙམ་སྤྲད་དེ་ད་དུང་རྩོམ་ཡིག་འབྲི་རྩོམ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ན་ཡར་རྒྱས་ཀྱི་ལམ་བུ་ལྡན་ངེས།