༧གོང་ས་མཆོག

ཡེ་ཤེས་ཆོས་སྒྲོན། སུ་ཇཱ་བོད་ཁྱིམ།

འཛམ་གླིང་ཡོངས་ཀྱི་བླ་མ་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ཡིན། ཁོང་ནི་འཛམ་གླིང་འདི་ཡི་ནང་ནས་མི་སེམས་བཟང་པོ་ཞིག་ཡིན་པ་མ་ཟད། གཞན་ལ་རོགས་རམ་གང་ཐུབ་གནང་གི་ཡོད། ཁོང་ནི་ང་ཚོའི་འཛམ་གླིང་འདི་ཡི་དབུ་ཁྲིད་ཡང་ཡིན། ཁོང་གིས་ང་ཚོ་བོད་མིའི་ཆེད་དུ་ཉིན་མཚན་མེད་པར་དཀའ་ལས་རྒྱག་གི་ཡོད། ང་ཚོ་བོད་མི་མང་ཆེ་བས་ཁོང་ལ་དད་པ་བྱེད་ཅིང་ཧ་ཅང་གི་དགའ་བོ་བྱེད་ཀྱི་ཡོད། སྤྱིར་འཛམ་གླིང་འདིའི་ནང་ལ་མི་ཡ་རབས་ཧ་ཅང་གི་ཉུང་ཉུང་ཡོད། གང་ཡིན་ཟེར་ན་འཛམ་གླིང་འདིའི་ནང་མི་མང་ཆེ་བ་འཚོ་བའི་གནས་སྟངས་མི་འདྲ་ཞིང་། ཁ་ཤས་ཧ་ཅང་གི་ཕྱུག་པོ་དང་། ཁ་ཤས་ཧ་ཅང་གི་སྐྱོ་བོ་ཡོད། མི་མང་ཆེ་བ་ཕྱུག་པོར་དགའ་བོ་བྱེད་ཀྱི་ཡོད་ཀྱང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་མི་དབུལ་པོ་དང་ཕྱུག་པོ་ཚང་མར་ཆ་སྙོམས་བྱེད་པ་དང་། ཁོང་གིས་མི་གཞན་ལ་གནོད་པའི་ལས་ཀ་བྱེད་རྒྱུའི་བསམ་བློ་གཅིག་ཀྱང་གཏོང་གི་མེད། རྒྱ་ནག་གིས་ང་ཚོ་བོད་མི་རིགས་ལ་སྡུག་པོ་གཏོང་དུས། ཁོང་གིས་ག་དུས་ཡིན་ཡང་ཁོང་ཁྲོ་ལངས་པ་དང་དགོངས་པ་ཚོམ་ནས་སྡང་སེམས་སྐྱེས་ཀྱི་མེད། དེར་མ་ཟད་རྒྱ་ནག་གིས་ང་ཚོ་བོད་མི་རིགས་ལ་རང་དབང་མ་སྤྲད་ནའང་ཁོང་གིས་བཟོད་བསྲན་བྱེད་པ་རེད། བྱས་ཙང་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནི་འཛམ་གླིང་མི་རིགས་ཡོངས་ཀྱི་མིག་དཔེ་བལྟ་ས་དང་སྨོན་ས་དེ་ཡིན། གལ་སྲིད་འཛམ་གླིང་འདིའི་ནང་ཡོད་པའི་མི་ཚང་མ་ཁོང་དང་གཅིག་པ་ཆགས་ན་ང་ཚོའི་འཛམ་གླིང་འདི་ནང་ཞི་བདེ་ཡོང་སྲིད། ཡིན་ནའང་མི་མང་ཆེ་བ་རང་འདོད་ཆེན་པོ་ཡོད། གང་ཡིན་ཟེར་ན། སོ་སོར་དཔལ་འབྱོར་མེད་ན་གཞན་གྱི་དངུལ་དངོས་ལ་མ་རབས་ཀྱི་བསམ་བློ་འཁོར་གྱི་ཡོད།
འཛམ་གླིང་འདིའི་ནང་གཞན་གྱི་ཆེད་དུ་བསམ་བློ་གཏོང་མཁན་ཧ་ཅང་གི་ཉུང་ཉུང་ཡིན། ཡིན་ན་ཡང་ང་ཚོའི་སྐྱབས་མགོན་རིན་པོ་ཆེ་ནི་མི་གཞན་དང་མི་འདྲ་བར་རང་འདོད་མེད་པ། གཞན་ཕན་སྒྲུབ་པ། ཁོང་ཁྲོ་དང་ང་རྒྱལ་མེད་པའི་མི་ཞིག་ཡིན། ཁོང་དགུང་ལོ་ཆེན་པོ་ཡིན་ན་ཡང་མི་གཅིག་ཡིན་ཡང་བསམ་བློ་འགྱུར་བ་འགྲོ་བར་ཡ་རབས་སྤྱོད་བཟང་གི་བཀའ་སློབ་སྐད་རིགས་མི་འདྲ་བ་མང་པོ་ཐོག་རྒྱུན་དུ་གསུང་གི་ཡོད། མཚམས་རེར་ཕྱིའི་རྒྱལ་ཁབ་འདྲ་མིན་ནང་ལ་ཆོས་གསུང་དུ་ཕེབས་ཀྱི་ཡོད། སྐྱབས་མགོན་རིན་པོ་ཆེ་ནི་ང་ཚོའི་འཛམ་གླིང་འདི་ཡི་ཉི་མ་ཡིན། ཉི་མས་ང་ཚོའི་གཟུགས་པོ་གྲང་དུས་དྲོད་ཁོལ་སྤྲོད་ཀྱི་ཡོད་པ་བཞིན། ཁོང་གིས་མི་སུ་ཞིག་ཡིན་རུང་དཀའ་ངལ་འཕྲད་དུས་རོགས་རམ་གནང་བ་མ་ཟད། ང་ཚོའི་བོད་མིའི་ཆེད་དུ་སྐུ་ལས་ཧུར་ཐག་བསྐྱོན་གི་ཡོད། ད་དུང་བོད་ཕྲུག་གི་ཆེད་དུ་ས་ཆ་ག་ས་ག་ལ་ཕེབས་ནས་རོགས་རམ་གནང་རོགས་ཞུ་ཡི་ཡོད། གཞན་ཡང་སྐྱབས་མགོན་རིན་པོ་ཆེས་འཛམ་གླིང་ཡོངས་ལ་ཕེབས་ནས་ང་ཚོ་བོད་མི་རིགས་ཀྱིས་དཀའ་སྡུག་དེ་གཞན་ལ་བཤད་ཀྱི་ཡོད། ང་ཚོ་བོད་ནས་གསར་དུ་སླེབས་པའི་བོད་མི་རྣམས་ལ་ཁང་པ་དང་། སྡོད་ས། ཁ་ལག་སྤྲོད་པ་སོགས་རོགས་རམ་མང་པོ་བྱེད་པ་རེད། ཁོང་གི་བཀའ་དྲིན་ནི་ང་ཚོ་བོད་མི་ཡོངས་ཀྱི་སེམས་པའི་གཏིང་དུ་དུས་རྟག་ཏུ་གནས་ཤིང་། ཁོང་ང་ཚོའི་བོད་དུ་འཁྲུངས་པ་དེ་བོད་མི་རིགས་ཀྱི་བསོད་ནམས་ཡིན། ང་ཚོ་བོད་མིའི་ཆེད་དུ་ལས་ཀ་བྱེད་མཁན་ཁོང་ལས་ལྷག་པའི་མི་ཞིག་བྱུང་མྱོང་མེད། གང་ཡིན་ཟེར་ན་ཁོང་གིས་ང་ཚོ་བོད་མིའི་ཆེད་དུ་མ་ཟད་གཞན་གྱི་ཆེད་དུ་ཕྱག་ལས་གནང་གི་ཡོད། གལ་སྲིད་མི་གཞན་ཞིག་ཡིན་ན། སོ་སོ་ལ་དཀའ་ངལ་མེད་སྐབས་གཞན་ལ་དཀའ་ངལ་གང་འདྲ་ཡོད་ན་ཡང་རོགས་རམ་གནང་མཁན་ཧ་ཅང་ཉུང་ཉུང་ཡིན།
མི་ཚང་མས་སོ་སོའི་ལས་དོན་བསྒྲུབ་རྒྱུ་དེ་གལ་ཆེན་པོར་བརྩི་གི་ཡོད་ཀྱང་། ང་ཚོའི་སྐྱབས་མགོན་རིན་པོ་ཆེས་རང་ལས་གཞན་གཅེས་པའི་བསམ་བློ་ཐོག་ནས་ལས་ཀ་ག་རེ་བྱས་ཀྱང་གཞན་གྱི་ལས་ཀ་དེ་གལ་ཆེར་བརྩིས་ནས་རོགས་རམ་གནང་གི་ཡོད། མ་ཟད་ས་ཆ་གང་ལ་ཕེབས་ནའང་ཡ་རབས་བཟང་སྤྱོད་ཀྱི་བཀའ་སློབ་གནང་ནས་མི་གཞན་གྱི་བསམ་བློ་དེ་མ་རབས་ནས་ཡ་རབས་སུ་བསྒྱུར་ཐུབ་ཀྱི་རེད་བསམ་ནས་བཀའ་སློབ་གནང་གི་ཡོད་ནའང་མི་འགའ་ཤས་ཀྱིས་མ་རབས་དེ་ཡང་ཡ་རབས་རེད་བསམ་པ་དང་། ཡང་ཁ་ཤས་ཀྱིས་ཡ་རབས་དེ་ཡང་མ་རབས་བསམ་ནས་དེ་གཉིས་དབར་དབྱེ་བ་ཕྱེ་མ་ཐུབ་པར་བསྡད་ཡོད། ཡིན་ན་ཡང་ང་ཚོ་བོད་མི་མང་ཆེ་བ་ཡ་རབས་བཟང་སྤྱོད་ལ་དགའ་བ་ནི་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཤེས་པ་རེད། བྱས་ཙང་ང་ཚོའི་ག་དུས་ཡིན་ན་ཡང་ཁོང་བརྗེད་མི་སྲིད་ལ་ཁོང་གི་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཡང་ཡང་འདེབས་ཀྱི་ཡོད།

༧གོང་ས་མཆོག

བསྟན་འཛིན་རིག་སྒྲོལ། དཔེ་སྟོན་སློབ་གྲྭ།

༸གོང་ས་མཆོག་ནི་ཕྱི་ལོ་༡༩༣༥ ཟླ་༧ ཚེས་༦ ཉིན་ཨ་མདོའི་གྲོང་གསེབ་སྟག་འཚེར་ཞེས་པ་དེར་སྐུ་འཁྲུངས། ཁོང་གི་ཡབ་ཀྱི་མཚན་ལ་ཆོས་སྐྱོང་ཚེ་རིང་ཞུ་བ་དང་ཡུམ་གྱི་མཚན་ལ་བསོད་ནམས་འཚོ་ཞུ་བ་རེད། ཁོང་ཆུང་དུས་ཀྱི་མཚན་ལ་ལྷ་མོ་དོན་གྲུབ་ཞུ་བ་རེད།
ལྷ་མོ་དོན་གྲུབ་ནི་ཆུང་བྱིས་པའི་དུས་ནས་འཁྲུག་འཛིང་ལ་མི་དགའ་བར་མི་ལ་ཕན་ཐོགས་པའི་བྱ་བ་བྱེད་མཁན་གྱི་ཕྲུ་གུ་བཟང་པོ་ཞིག་ཡིན། ཡིན་ན་ཡང་ཕྱི་ལོ་༡༩༥༩ལོར་རྒྱ་དམར་གྱིས་བོད་དེ་བཙན་བཟུང་བྱས་སྟབས་༸གོང་ས་མཆོག་རྒྱ་གར་དུ་བཙན་འབྱོལ་དུ་ཕེབས། དེ་རྗེས་ཁོང་རྒྱ་གར་གྱི་སྲིད་འཛིན་དང་ཐུག་འཕྲད་གནང་ནས་བོད་པའི་སློབ་གྲྭ་འཛུགས་རྒྱུའི་ཞལ་བཞེས་གནང་། དེ་ནས་རྒྱ་གར་ནང་སློབ་གྲྭ་དང་ཤོས་དེ་མ་སུ་རི་ལ་བཙུགས་གནང་བ་རེད། དེ་ནས་བཟུང་རྒྱ་གར་ནང་བོད་པའི་སློབ་གྲྭ་མང་དུ་ཕྱིན་ནས་ད་ཆ་བོད་པའི་སློབ་གྲྭ་མང་པོ་ཞེ་དྲག་ཡོད།
ཁོང་གིས་སེམས་ཅན་ལ་ཕན་ཐོགས་པའི་བྱ་བ་མང་པོ་བྱས་སྟབས་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། ཁོང་གིས་སྤོབས་པ་བྱས་ནས་མ་བཞུགས་པར་ད་དུང་སེམས་ཅན་རྣམས་ལ་ཕན་ཐོགས་པའི་བྱ་བ་ཤུགས་ཆེར་བྱས་སྟབས་ད་ལྟ་འཛམ་གླིང་གི་ས་ཆ་གང་སར་ཁོང་གི་མཚན་ཐོས་རྒྱུ་ཡོད། ང་ཚོས་ནམ་རྒྱུན་ཁོང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལ་ངོས་འཛིན་བྱས་ནས་མཆོད་པ་འབུལ་བ་དང་། ཁོང་ནི་བོད་མི་རིགས་ཀྱི་རྩ་བའི་བླ་མ་ཡིན་ལ་བོད་མི་རིགས་ཀྱི་ཆེད་དུ་བྱ་བ་ཚད་མེད་གནང་ཡོད་། ཁོང་གིས་དུས་རྒྱུན་དུ་སེམས་ནང་ང་ཚོ་ནར་སོན་སྐབས་བོད་མི་རིགས་ཀྱི་སོན་རྩ་ཞིག་བྱེད་རྒྱུའི་རེ་བ་དང་སྨོན་ལམ་རྒྱག་གི་ཡོད་པ་མ་ཟད། བོད་མི་བཟང་པོ་ཞིག་ཆགས་པའི་རེ་བ་བྱེད་ཀྱི་ཡོད། ཁོང་ནི་བོད་མི་རིགས་ཙམ་མ་ཟད་འཛམ་གླིང་ཡོངས་ལ་སྙན་གྲགས་ཡོད་པའི་མི་སྣ་ཞིག་ཡིན། ༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལས་ལྷག་པའི་མི་སྣ་ཞིག་ད་བར་བྱུང་མྱོང་མེད། ཁོང་གིས་ད་བར་རྒྱ་གར་དང་། རྡོ་རྗེ་གདན། ལ་དྭགས་སོགས་ས་ཆ་མི་འདྲ་བ་མང་པོ་ཞིག་ལ་གསུང་ཆོས་གནང་མྱོང་ཡོད། ང་འཛིན་རིམ་གསུམ་པའི་སྐབས་རྡོ་རྗེ་གདན་ལ་༸གོང་ས་མཆོག་གི་གསུང་ཆོས་ཉན་པར་འགྲོ་མྱོང་ཡོད།
༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་གསུང་ཆོས་ཉན་མཁན་གྱི་བོད་པ་མང་ཆེ་བ་དེང་སང་སེམས་ལ་འགྱུར་བ་ཐེབས་ནས་༸གོང་ལ་མཆོག་ལ་དད་པ་སྐྱེས་ཀྱི་ཡོད། དེ་དང་ཆབས་ཅིག་ཁོ་ཚོས་མི་དགེ་བ་བཅུ་སྤོང་བ་སོགས་བྱ་བ་མང་པོ་ཞིག་ལ་མཉམ་ཞུགས་བྱས་ནས་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་བཞིན་ཡོད་པ་ང་རང་གི་མིག་གིས་དངོས་སུ་མཐོང་བྱུང་བས་ད་ཆ་ང་རང་ལ་ཡང་དེ་འདྲ་བྱེད་རྒྱུའི་སེམས་ཤུགས་བསྐྱེད་དེ་ཁོ་ཚོ་ལས་ལྷག་པའི་མི་ཞིག་བྱེད་རྒྱུའི་འདུན་པ་ཡོད། ང་ནར་གསོན་སྐབས་༸གོང་ས་མཆོག་དང་འདྲ་བའི་མི་ཞིག་ཆགས་རྒྱུའི་རེ་བ་བྱས་ཀྱང་བྱེད་ཐུབ་ས་མ་རེད། གང་ཡིན་ཟེར་ན་ངས་ང་རང་ལས་ཆུང་བའི་སློབ་ཕྲུག་ཚོར་བརྙས་བཅོས་བྱེད་པ་དང་ཁོང་ཚོར་སེམས་གནག་བྱེད་ཀྱི་ཡོད། ངས་བྱ་བ་ངན་པ་དེ་ཚོ་སྤོང་རྒྱུའི་འདུན་པ་ཆེ་ནའང་འགྲུབ་ཐུབ་ཀྱི་མི་འདུག རྗེས་མ་ང་མི་ཡག་པོ་ཞིག་བྱེད་མ་ཐུབ་ཀྱང་ང་རང་ལས་ཆུང་བའི་སློབ་ཕྲུག་རྣམས་མི་ཡག་པོ་ཞིག་ཆགས་རྒྱུའི་རེ་བ་དང་སྨོན་ལམ་རྒྱག་བཞིན་གནས།

སྤྱན་རས་གཟིགས་དེ་མི་ཡི་རྣམ་རོལ་བ། །
ཁྱོད་ནི་ང་ཚོའི་ཉི་མའི་འོད་ཟེར་འདྲ། །
རྒྱུན་དུ་བོད་པའི་དོན་དུ་བྱ་མང་བསྒྲུབས། །
བུ་ཆུང་ང་ཡིས་ཐུགས་རྗེ་ལེགས་འབུལ་ཞུ། །

༧གོང་ས་མཆོག

བློ་བཟང་རབ་རྒྱས། སེར་བྱེས་འབྲིང་རིམ་སློབ་གྲྭ།

བདག་གི་རྩ་བའི་བླ་མ། །
མི་དམངས་ཡོངས་ཀྱི་རྒྱལ་པོ། །
སྐྱབས་མགོན་ཏཱ་ལའི་བླ་མ། །
འཛམ་གླིང་འདི་ཡི་རྒྱན་ཆ།།

གུས་པས་གོ་སྐབས་བཟང་པོ་དེ་འཆོལ་བའི་ཚིག་གི་བསུས་དགོས་པ་ཡིད་ཤིན་ཏུ་སྐྱོ་ཡང་བྱ་ཐབས་བྲལ། གུས་པ་སྙན་རྩོམ་ལ་དེ་ཙམ་གོ་རྟོགས་མེད་པས་གལ་ཏེ་ནོར་ཡོད་ན། ཁྱེད་ཀློག་པ་པོ་རྣམས་ལ་དགོངས་སེལ་ཞུ། དེ་ཡང་རང་ཅག་རྣམས་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གུས་པ་ཆེན་པོ་སྔོན་དུ་བཏང་ནས་གུས་པས་དེ་རིང་གི་གོ་སྐབས་བཟང་པོ་གསེར་ལས་དཀོན་པ་ཞིག་ཐོབ་པ་འདི་དོན་མེད་དུ་མི་འགྱུར་བའི་ཆེད། ཞི་བདེའིི་འོ་མཚོ་ལྟ་བུར་ཕྱུག་པའི་ངའི་རྩ་བའི་བླ་མས་སྐོར་སྙིང་བསྡུས་ཤིག་འབྲི་འདོད་བྱུང་། གུས་པ་རྩོམ་ཡིག་འབྲི་བ་འདི་ཐོག་མ་ཡིན་པས ་གུས་པའི་སྨྱུག་རྩེ་འདི་ཤོག་གུའི་སྟེང་དུ་བཞག་པ་དང་གུས་པའི་སྨྱུ་གུ་ནི་མྱ་ངན་དུ་གྱུར་ནས་འབྲི་རྒྱུ་ཅི་ཡང་མེད་པ་ཆགས། ཡིན་ན་ཡང་གུས་པའི་འབད་བརྩོན་དང་ལྡན་པའི་ངང་ནས་འབྲི་དུས། འཆལ་འཆོལ་གྱི་རྩོམ་ཐུང་འདི་འབྲི་ཐུབ་པ་བྱུང་།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། བོད་མི་ས་ཡ་དྲུག་གི་དབུ་ཁྲིད་དང་། བོད་མི་ཡོངས་ཀྱི་རྒྱལ་པོའམ། ཆོས་བྱེད་དགེ་འདུན་པ་ཡོངས་ཀྱི་རྩ་བའི་བླ་མ་ཡིན། ཁོང་ནི་ཞི་འཇམ་དང་ལྡན་ཞིང་བྱམས་བརྩེའི་འོ་མཚོ་ལྟ་བུར་ཟབ་པའི་མི་ཞིག་ཡིན་པ་མ་ཟད། འཛམ་གླིང་འདིའི་རྒྱན་ཡང་ཡིན། ཁོང་ནི་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་གཏོང་མཁན་ཞིག་དང་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་དབུ་ཁྲིད་ཀྱང་ཡིན།
ཁོང་གིས་ཉིན་མཚན་གཡེལ་བ་མེད་པར་སེམས་ཅན་གྱི་དོན་ཁོ་ནའི་ཆེད་ཏུ་རྟག་ཏུ་ཆོས་གསུང་སྟེ། ང་ཚོ་སྡུག་བསྔལ་གྱི་མནར་བ་ཚོར་མ་རིག་པའི་གཉིད་ལས་སད་ཆེད་བཀའ་སློབ་ཡང་ཡང་སྩལ་ནས་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ཁོང་གི་མིང་དངོས་སུ་སྨོས་ན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡིན། ཁོང་ནི་གངས་རིའི་ར་བའི་སྐོར་བའི་ཞིང་ཁམས་སུ་སྐུ་འཁྲུངས་བ་དང་། ལོ་ངོ་དྲུག་ཏུ་སོན་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ལྷ་ས་རུ་གདན་དྲངས།
དེ་ཡང་ཤིན་ཏུ་སྐྱིད་པའི་ངང་ནས་འཚོ་སྡོད་བྱེད་བཞིན་པའི་སྐབས་རྒྱ་ནག་དམར་པོའི་ཧམ་སེམས་ཆེན་པོས་བོད་དེ་བཙན་འཕྲོག་བྱས། བོད་མི་སྟོང་ཕྲག་ལྷག་ཙམ་མནར་གཅོད་བཏང་བ་མ་ཟད། རྩ་ཆེའི་དགོན་པ་ཡང་གཏོར་བཤིག་བཏང་ནས་རྩ་མེད་བཟོས་ཡོད། རྒྱུ་རྐྱེན་དེ་ལ་བརྟེན་ནས་ལོ་ངོ་ཉི་ཤུ་རྩ་བཞི་ཙམ་ལས་མ་སོན་པའི་བོད་མིའི་དབུ་ཁྲིད་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་བོད་ནས་བྲལ་དགོས་བྱུང་བ་རེད། དེ་ནི་ཁོང་རང་གི་ཆེད་དུ་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པ་འཛིན་ཐུབ་པའི་ཆེད་དུ་ཡིན་ནོ། །

མདུན་ཤོག

Menu