གཟུགས་མཐོང་བརྙན་འཕྲིན་གྱི་ཕན་གནོད།

བསོད་ནམས་རྡོ་རྗེ། མ་སུ་རི་བོད་ཁྱིམ། (ཨང་དང་པོ)

༄༅། །དེ་ཡང་སྔོན་བྱུང་མཁས་པའི་ཞལ་ལས། ཟས་གཅིག་ཞིམ་ཀྱང་མང་ན་རྒྱུ་མ་དཀྲུགས། གཏམ་གཅིག་མཁས་ཀྱང་མང་ན་ཆ་འཇོག་དཀོན། ཞེས་པ་ལྟར་སྤྱིར་གཟུགས་མཐོང་བརྙན་འཕྲིན་ནི་རང་ཅག་འགྲོ་བ་མིའི་རིགས་ལ་བདེ་བ་བསྐྲུན་བྱེད་དང་བསམ་རྒྱ་མཐོང་རྒྱ་ཡོང་ཆེད་བཟོ་བསྐྲུན་བྱས་པ་ཞིག་རེད། དེ་བརྒྱུད་ནས་ས་ཕྱོགས་ཐག་རིང་གི་གནས་ཚུལ་རྣམས་མིག་ལམ་དུ་ཕྲ་ལྷམ་མེར་མངོན་ཐུབ་པ་དང་ཐོས་ཐུབ་པ་མ་ཟད། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ། ཚོང་འབྲེལ་དང་ཁེ་ལས་གནས་སྟངས། དམག་དང་སྲིད་ཇུས་ཀྱི་འཕེལ་རིམ་སོགས་ཐ་ན་མི་རྣམས་ཀྱི་རིག་རྩལ་ལ་བརྟེན་ནས་གནའ་རབས་དཀོན་མཆོག་ལ་རྩིས་ཏེ་མཆོད་པ་བྱ་ཡུལ་ཀྱི་ཟླ་བའི་གོ་ལའི་ནང་ལ་ཡང་མི་རྣམས་ཀྱི་གོམ་པ་ཐོག་མར་སྤོས་པ་སོགས་ཀྱང་མཐོང་ཐོས་ཀྱི་ལམ་དུ་གཉེར་ཐུབ་ཀྱི་ཡོད། དེའི་དབང་གིས་མི་རྣམས་ཕན་ཚུན་ལྟོས་གྲུབ་ཏུ་གནས་ཡོད་པ་གསལ་པོ་མཚོན་ནུས་པ་དང་ཤེས་ཐུབ་པར་མ་ཟད། རང་ཅག་སྐྱེ་བོ་ཆེ་འབྲིང་ཆུང་གསུམ་གྱི་བློ་ལ་འཚམས་པའི་བརྙན་འཕྲིན་གློག་བརྙན་དང་བསླབ་བྱ་དང་འབྲེལ་བའི་སྔ་རབས་ཀྱི་གཏམ་བརྒྱུད་དེ་དང་ཕྱོགས་མཚུངས་ཕྱི་ནང་གི་ཤེས་བྱ་དང་རིག་རྩལ་སྣ་མང་མིག་ལམ་དུ་ཝ་ལེར་འདྲེན་ནུས་པ་སོགས་ཀྱི་ས་བཞི་རིལ་མོ་དེ་ཉིད་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་བཏང་ཡོད་པ་ནི་སྨོས་མི་དགོས་པ་རེད། གཞན་ཡང་དེ་ལ་བརྟེན་ནས་རང་ཅག་མི་རྣམས་ཀྱི་དུས་རྒྱུན་ནས་བྲེལ་འཚུབ་དང་རྙོག་འཛིང་ཆེ་བའི་འཚོ་བ་ནས་ལོགས་སུ་སྣང་སྐྱིད་དང་གུ་ཡངས་བྱེད་ཡུལ་ཆུང་ངུ་ཞིག་ཀྱང་བསྐྲུན་ཡོད་དོ། །
    གཞན་སློབ་གྲྭ་ཞིག་ལ་དཔེ་བཞག་ན་ཡང༌། གཟུགས་མཐོང་བརྙན་འཕྲིན་གྱི་ལམ་ནས་སློབ་སྟོན་བྱེད་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་དང༌། གལ་ཏེ་མེད་ཚེ་དེ་ནི་སློབ་གྲྭ་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་རེད། དེ་ནི། དེང་དུས་ཆེས་འཕྲུལ་ཆས་དང་ཚན་རིག་གི་དུས་སྐབས་དེ་ནས་དུས་ཚོད་ནི་ཤིན་ཏུ་ནས་དཀོན་པོ་ཡོད་པ་ལས་གནའ་སྔ་མོ་ལྟ་བུ་རང་ཉིད་ཀྱི་རིག་གཞུང་འབའ་ཞིག་ལ་གཅེས་འཛིན་དང༌། སྦྱང་བརྩོན་བྱས་ནས་དུས་ཚོད་མི་ཉུང་བ་ཞིག་བཏང་ནས་བསྡད་ན་ནི་རྗེས་ལུས་ཀྱི་རང་བཞིན་དུ་འགྱུར་གྱི་ཡོད་པ་རེད། དེང་དུས་ཀྱི་ཚན་རིག་གམ་རིག་གསར་དང་རང་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་ཕུལ་བྱུང་རྣམས་ལ་སྦྱང་བརྩོན་དང་སློབ་སྦྱོང་བྱེད་ཕྱིར། དེབ་སྟེང་ཁོ་ན་མ་ཡིན་པར་གཟུགས་མཐོང་བརྙན་འཕྲིན་ནས་མཐོང་ཐོས་ཀྱི་སྦྱངས་པ་ནི་ཕན་པ་ཆེ་བ་དང་བག་ཆགས་ཟབ་མོ་འཇོག་ཐུབ་པ། བློ་ལ་ངེས་སླ་བ་ཙམ་མ་ཟད། དུས་ཡུན་ཡང་རིང་པོ་མི་ཐོགས་པ་ནི་ཀུན་གྱི་མཁྱེན་གསལ་ལྟར་ཞུ་མི་དགོས། མདོར་ན་དེ་ཡིས་རང་ཅག་རྐང་གཉིས་ཚོགས་ཀྱི་བསམ་རྒྱ་དང་མཐོང་རྒྱ་གོང་མཐོར་བཏང་བ་དང་ལྷན་དུ་བྲེལ་འཚུབ་དང་རྩོད་ལེན་ཆེ་བའི་མི་ཚེའི་འཕེལ་རིམ་ནང་ནས་རང་ཉིད་ཀྱི་སྐབས་འཕྲལ་ཀྱི་དཀའ་རྙོག་ནས་གཡོལ་བྱེད་ཀྱི་གུ་ཡངས་ཀྱི་ས་གཞི་ཆུང་ངུ་ཞིག་ཀྱང་བསྐྲུན་ནུས་པ་ཡིན། ཡིན་ན་ཡང༌། ངེད་ཅག་གི་ཁ་དཔེར་ཡོད་པ་བཞིན། མང་དྲགས་ན་ཕ་གཏམ་བུ་ལ་གནོད། བཟས་དྲགས་ན་སྦྲང་རྩིས་ཕོ་བར་གནོད། ཅེས་པ་ལྟར། གཟུགས་མཐོང་བརྙན་འཕྲིན་དེ་ལ་ཡང་ཕན་པའི་ཡོན་ཏན་དུ་མ་ཞིག་མཆིས་ཀྱང་གཙོ་བོ་ནི། དོ་བདག་རང་ཉིད་ཀྱི་རྒྱུན་གཏན་འཚོ་བའི་ནང་ལ་ངོས་འཛིན་དང་བེད་སྤྱོད་བྱེད་སྟངས་ལ་རག་ལུས་པ་ཡིན། མདོར་ན་རྒྱུན་སྤྱོད་བྱེད་ཡུལ་ནོར་བ་དང་ཐལ་དྲགས་པ་ཡིན་ན་ཕན་པའི་རང་བཞིན་ལས་གནོད་པའི་རང་བཞིན་དུ་འགྱུར་རྒྱུ་ཡིན་པ་ནི་ཆོས་ཉིད་ཡིན་པ་ལས་གཞན་གང་ཡང་མིན།
    དེ་ཡང་གཟུགས་མཐོང་བརྙན་འཕྲིན་ལ་ཚད་དང་ཚོད་མེད་པར་ནམ་ཉིན་མཚན་མེད་པར་ལྟ་དྲགས་པ་ཡིན་ན་རང་ཉིད་སྒེར་གྱི་ཉིན་རེའི་བྱ་གཞག་དང་ལས་ཀ་ལ་འཐུས་ཤོར་འགྲོ་རྒྱུ་སྨྲོས་ཅི། རང་ཉིད་ལ་ཤིན་ཏུ་རྩ་ཆེ་བའི་མིག་གི་དབང་རྩ་དང་གཞན་འབྱུང་བཞིས་གྲུབ་པའི་ལུས་ཁམས་ལ་གནོད་རྒྱུ་ཡིན་པ་ནི་གདོན་མི་ཟ་བ་ཡིན། དེ་དང་ཕྱོགས་མཚུངས་ཆགས་སྲེད་དང་དམར་འཛིངས་སོགས་ཀྱི་ཚུལ་མིན་གྱི་གློག་བརྙན་ནམ་བརྙན་འཕྲིན་ལ་བག་མེད་ཀྱིས་ལོངས་སུ་སྤྱད་ན་མི་རིགས་ཀྱི་སྤྱི་ཚོགས་ཆེན་པོ་དེའི་ནང་གི་ཞི་བདེ་དང་བག་ཕེབས་གྱི་ཁོར་ཡུག་ལ་གཏོར་སྐྱོན་འབྱུང་རྒྱུ་དང༌། དམིགས་བཀར་བློ་གསར་གཞོན་སྐྱེས་རྣམས་ལ་མིག་དཔེ་མ་ལེགས་པ་ཞིག་དང་དྲག་སྤྱོད་གཞན་ཡང་ཆགས་སྲེད་སོགས་མ་རུང་བའི་བྱ་བ་ལ་འཇུག་རྒྱུའི་སྐུལ་མ་ཞིག་ཏུ་འགྱུར་ངེས་པས་སྤྱི་ཚོགས་ཁྱོན་ཡོངས་ནས་དེ་མི་ཡོང་ཆེད་གོང་བུ་གཅིག་གྱུར་ཐོག་ནས་ཕྱ་གྲུ་མཉམ་འདེགས་ཀྱིས་འབུངས་དགོས་པ་དང༌། ཟས་ནོར་སྤྱོད་གསུམ་ལའང་ལེགས་པར་བསླབ་རྒྱུ་ནི་རང་གཞན་ཀུན་གྱི་བདེ་རྩ་འབྱུང་གནས་ཡིན་པས་མནོ་བསམ་ལེགས་པར་གཏོང་རྒྱུ་ནི་གལ་ཆེའོ།། །།

ཞན་ཆ།
    འཚོང་(ཚོང)འབྲེལ།  སྒོ་(གོ)ལ།  མཐོང་མཐོས་(ཐོས) ལྟོས་སྒྲུབ་སུ་(ཏུ) ཆེ་ཕྲ་(འབྲིང)ཆུང་གསུམ། བློ་ལ་མཚམས་(འཚམས)པའི། ས་གཞི་རི་(རིལ)མོ། གུ་ཡང་(ཡངས) དུས་སྐབས་དེས་(དེ)ནས། ཇི་(རྗེས)ལུས། ཚན་རིག་འམ་(གམ) མདོར་ན་དེ་ཡི་(ཡིས) གོང་ཐོར་(མཐོར) མི་ཚེ་(ཚེའི)འཕེལ་རིམ། བྱེད་བཏང་(སྟངས) ཐད་(ཐལ)དྲགས་པ་ཡིན། ཉིན་རེར་(རེའི)བྱ་གཞག  འབྱུང་བཞིས་སྒྲུབ་(གྲུབ)པའི། འདོན་(གདོན)མི་ཟ། གློག་བརྙན་འམ་(ནམ) དམིགས་ཀར་(བཀར) ཕྱག་(ཕྱར)གྲུ་མཉམ་འདེགས།

གཟུགས་མཐོང་བརྙན་འཕྲིན་གྱི་ཕན་གནོད།

བསྟན་འཛིན་སྒྲོལ་དཀར། མོན་གྷོ་གཏན་སློབ། (ཨང་གཉིས་པ)

༄༅། །འགྲན་ཟླ་བྲལ་བའི་འཛམ་གླིང་འདིའི་ནང་ལ་སྔོན་བྱོན་ཚན་རིག་པ་རྣམས་ཀྱིས་སྐུ་ངལ་ཉིན་མཚན་མེད་པར་རྒྱབ་པའི་འབྲས་བུ་ལ། ད་ཆ་འདོད་རྔམས་ཅན་གྱི་མི་རྣམས་ལ་གང་དགོས་པ་དེ་རག་པ་བྱུང་ཡོད་ལ། ད་དུང་ཡང་འདོད་པ་དེ་རྫོགས་རྒྱུ་མེད། ཉིན་རེ་ཟླ་རེ་བཞིན་འཕེལ་བཞིན་ཡོད། ཚན་རིག་པས་ད་བར་འཕྲུལ་ཆས་འདྲ་མིན་བཟོས་པ་རྣམས་ནས་གཟུགས་མཐོང་བརྙན་འཕྲིན་ནི་ཕན་ཡོན་ཆེ་ཁག་ནང་ལ་བརྩི་ཡི་ཡོད་པ་རེད། སྤྱིར་བཏང་དངོས་པོ་གང་འདྲ་ཞིག་ཡིན་རུང་ཕན་པ་ཞིག་ཡོད་ལ། གནོད་པ་ཡང་ཡོད།
    ཡིན་ཡང་གུས་མོའི་བསམ་བློའི་ནང་དུས་རྒྱུན་དུ་གཟུགས་མཐོང་བརྙན་འཕྲིན་དེ་གནོད་པ་ལས་ཕན་ཡོན་མང་བ་ཞིག་ལ་ངོས་འཛིན་གྱི་ཡོད། འཕྲུལ་ཆས་འདི་ནི་འཛམ་བུ་གླིང་དང༌། དེའི་མཐའ་འཁོར། གཞན་འཇིག་རྟེན་སྟོང་པ་ལ་ཡང་མིག་གིས་བལྟ་ཐུབ་པ། རྣ་བས་ཉན་ཐུབ་པ་སོགས་མི་རྣམས་ལ་ཤེས་ཡོན་དཔག་མེད་རག་གི་ཡོད། རང་ཉིད་སྡོད་སའི་ཁྲོན་པ་གཅིག་པུ་མིན་པ་གཞན་རྒྱལ་ཁབ་ཁག་ནང་གང་བྱུང་གི་ཡོད་མེད། གནམ་གཤིས་གང་འདྲར་འགྱུར་གྱི་ཡོད་མེད། མི་མང་གི་ཉིན་རེའི་ལས་ཀ་སྒྲུབ་སྟངས་སོགས་གནས་ཚུལ་མང་པོ་རྟོགས་ཐུབ་སྟེ། གང་ཟག་གི་ཐོས་རྒྱ་དང༌། མཐོང་རྒྱ་ཇེ་ཆེར་འགྲོ་ཡི་ཡོད།
    ཡིན་ཡང་ང་ཚོའི་སྤྱི་ཚོགས་ནང་ལ་གཟུགས་མཐོང་བརྙན་འཕྲིན་གྱི་ཕྲུ་གུའི་སློབ་སྦྱོང་སོགས་ལ་གནོད་སྐྱེལ་གྱི་ཡོད་པའི་བསམ་ཚུལ་ལོག་པ་དེ་ཡོད། དེ་འདྲ་རྩ་བ་ནས་མ་རེད། སློབ་སྦྱོང་ཆེད་དུས་ཚོད་བཟོས་པ་དང༌། ཞོར་ལ་ལྟད་མོ་ལ་ཡང་དུས་ཚོད་དགོས། ཆོས་རྭ་ལ་ཆོས། གཞས་རྭ་ལ་གཞས། བཤད་པ་བཞིན་རང་སྦྱོང་བྱེད་པའི་སྐབས་རང་ཉིད་བློ་རྩེ་གཅིག་ཏུ་སྒྲིམ་ནས་བྱེད་དགོས་པ་དང༌། ལྟད་མོ་བལྟ་སྐབས་ལྷོད་ལྷོད་བྱས་ནས་གཟིགས་དགོས། སློབ་ཕྲུག་ལ་ཡང་སློབ་ཚན་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་བསླབ་པ། རྒྱ་མཚོ་ཆེན་པོའི་ནང་གི་སེམས་ཅན་རྣམས་དངོས་སུ་རང་ཕྱིན་ནས་བལྟ་མི་དགོས་པར་གཟུགས་མཐོང་བརྙན་འཕྲིན་བརྒྱུད་གསལ་པོ་སྟོན་གྱི་ཡོད་མ་ཟད། སེམས་ཅན་གལ་ཆེ་རྣམས་ཀྱི་འགྲེལ་བཤད་རྒྱག་པ་སོགས་གནས་ཚུལ་གསར་པ་འདི་འདྲ་སློབ་གྲྭའི་དེབ་ནང་སྦྱོང་རྒྱུ་མེད།
    གང་གི་ལྡོག་ཕྱོགས་གནོད་བྱེད་ཚུལ་སྐོར་བཤད་ན། ཚང་མས་མཁྱེན་གསལ་ལྟར། དུས་ཚོད་འཕྲོ་བརླག་གཏོང་གི་ཡོད། དེ་བཞིན་ལས་ཀ་གཞན་ལ་འཐུས་ཤོར་མང་པོ་འགྲོ་ཡི་ཡོད། ཡིན་ཡང༌། རང་ཉིད་ཀྱིས་དུས་ཚོད་ཀྱི་རིམ་པ་ལེགས་པོ་ཡོད་ན་གཟུགས་མཐོང་བརྙན་འཕྲིན་འདིས་ཏོག་ཙམ་གནོད་པ་མ་གཏོགས། ཕན་ཡོན་ཀྱི་ནུས་པ་ཆེན་པོ་ཡོད་རེད། བདག་ཉིད་བདག་གི་མགོན་ཡིན་པ་བཞིན་རང་ཉིད་ཀྱིས་དུས་ཚོད་དེ་བེད་སྤྱོད་བྱེད་ཤེས་པ་བྱེད་དགོས་རྒྱུ་གལ་ཆེ། འདས་པའི་ང་ཚོའི་བོད་ཀྱི་ལོ་རྒྱུས་དེ་དེབ་ནང་ལ་སྦྱང་བའི་སྐབས་དེ་ཙམ་གྱི་ཚོར་བ་ཡོང་གི་མེད་པ། དངོས་སུ་སྡུག་པོ་གཏོང་བའི་གཟུགས་མཐོང་བརྙན་འཕྲིན་ལ་ལྟ་སྐབས་སེམས་ནང་ཚོར་སྣང་མི་འདྲ་བ། རང་གི་རྒྱལ་ཁབ་ལ་བརྙས་བཅོས་བཏང་བ་རྣམས་སེམས་ནང་མ་བཟོད་པར། རྒྱལ་ཁབ་ལ་ཡང་ཤ་ཚ་གསར་པ་སྐྱེས་པ་སོགས་མི་མང་ལ་ཡང་ཏན་ཏན་འགྱུར་བ་འགྲོ་ཡི་ཡོད་རེད།
    དེང་དུས་ཀྱི་གནས་སྟངས་བཤད་པ་ཡིན་ན། རེ་ཞིག་སེམས་ནང་སྡུག་བསྔལ་ཤིན་ཏུ་ལྕི་བོ་ཡོད་སྲིད། དེ་རྣམས་ཀྱི་སྡུག་བསྔལ་ཁ་ཤས་དུས་ཚོད་ཆུང་ངུ་རིང་བསལ་ཐུབ་ཀྱི་ཡོད། ཚན་རིག་ཡར་རྒྱས་འགྲོ་ཐུབ་པའི་རྐྱེན་གྱིས་ད་བར་ཕྱིའི་སྡུག་བསྔལ་མང་པོ་ཞིག་བསལ་ཐུབ་པ་བྱུང༌། འཕྲོད་བསྟེན་ཐོག་ལ་ཡང་གནས་ཚུལ་གསར་པ་དང༌། གཞན་ན་ཚ་གསར་པ། རྟགས་མཚན་རྣམས་གསལ་པོར་སྟོན་པ་དང༌། དེའི་སྨན་བཅོས་ཡོད་མེད་སྐོར་ལ་མང་པོ་སློབ་སྟོན་བྱེད་ཀྱི་ཡོད། ཛ་དྲག་གི་གནས་ཚུལ་ལ་སོགས་གཞན་གཏོར་སྐྱོན་བྱུང་བ་རྣམས་མིག་གི་བལྟ་རྒྱུ་དང་རྣ་བས་ཐོས་རྒྱུ་གཉིས་མཉམ་དུ་ཡོད་པས། གུས་མོས་གཟུགས་མཐོང་བརྙན་འཕྲིན་དེ་ཚན་རིག་པས་འཕྲུལ་ཆས་མང་པོ་བཟོས་པའི་ནང་ནས་ཡག་ཤོས་སུ་བརྩི་བཞིན་ཡོད། མཐའ་དོན་ྋགོང་ས་ྋསྐྱབས་མགོན་གཟིགས་པ་ཆེན་པོའི་ཐུགས་དགོངས་མཐའ་དག་འགྲུབ་པ་དང༌། བོད་ལ་སྐྱིད་པའི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་དང་བཅས། བཀྲ་ཤིས་བདེ་ལེགས།
བོད་རྒྱལ་ལོ།། །།

ཞན་ཆ།
    འཛམ་བུ་གླིང་འདི་(འདིའི)ནང་ལ། ཚན་རིག་པ་རྣམས་ཀྱི་(ཀྱིས)སྐུ་བསྔལ་(ངལ) ཚན་རིག་པའི་(པས)འཕྲུལ་ཆས་འདྲ་མིན་བཟོས་པ། བསམ་བློ་(བློའི)ནང༌། པག་(དཔག)མེད། གཅིག་པོར་(པུ)མིན་པ། མི་མང་གི་ཉིན་རེ་(རེའི)ལས་ཀ།  གནས་ཚུལ་མང་པོ་གཏོགས་(རྟོགས)ཐུབ། ཕྲུ་གུ་(གུའི)སློབ་སྦྱོང་སོགས་པ་ལ་གནོད་སྐྱེས་(སྐྱེལ)ཀྱི་ཡོད།  གཞོར་(ཞོར)ལ། རྒྱ་ཚོའི་(མཚོ)ཆེན་པོ་(པོའི)ནང་གི  བརྙན་འཕྲིན་རྒྱུད་(བརྒྱུད)བསལ་)གསལ)པོ་སྟོན་གྱི་ཡོད། ཚང་མའི་(མས)མཁྱེན་གསལ་ལྟར།  བརྙན་འཕྲིན་འདི་(འདིས)རྟོག་(ཏོག)ཙམ་གནོད་པ་མ་གཏོགས། ལོ་བརྒྱུད་(རྒྱུས) བརྙེད་གཅོས་གཏང༌(བརྙས་བཅོས་བཏང) གཏན་གཏན་བསྒྱུར་བ་འགྲོ་ཡི་རེད།(ཏན་ཏན་འགྱུར་བ་འགྲོ་ཡི་རེད།) ན་ཚ་(ཚའི)རྟགས་མཚན་རྣམས་གསལ་པོར་སྟོན་པ་དང༌། རྫ་(ཛ)དྲག ཚན་རིག་པའི་(པས)འཕྲུལ་ཆས་མང་པོ་བཟོས་པ་(པའི)ནང་ནས། དགོངས་འཁྱལ་(འགལ)མེད་པ་ཞུ། རྣ་བའི་(བས)ཉན་ཐུབ། སྡད་(སྡོད)སའི་ཁྲོད། གུས་མོའི་(མོས)གཟུགས་མཐོང།

གཟུགས་མཐོང་བརྙན་འཕྲིན་གྱི་ཕན་གནོད།

པ་སངས་དོན་གྲུབ། བལ་ཡུལ་རྣམ་རྒྱལ་མཐོ་སློབ། (ཨང་གསུམ་པ)

༄༅། །འཛམ་གླིང་ས་ཡི་གོ་ལ་འདིར་འགྲོ་བ་མི་རིགས་བྱུང་ནས་ལོ་ངོ་སྟོང་ཕྲག་མང་པོའི་ནང་ནས་འདས་པའི་དུས་རབས་ཉི་ཤུ་པ་རྫས་མཚོན་གྱི་བསྐལ་བའི་དུས་འདིར་ཕྱི་དངོས་པོའི་རིགས་འཕེལ་རྒྱས་བྱུང་ཡོད་པའི་ནང་ནས་ཀྱང་ཚན་རིག་གི་ཡར་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་དགོས་མཁོ་མང་པོ་ཞིག་འཛུགས་སྐྲུན་བྱུང་ཡོད། དུས་རབས་ཉི་ཤུ་པ་དེ་ནི་ཚན་རིག་འཕེལ་རྒྱས་ཀྱི་དུས་ཤིག་ཡིན་པ་མ་ཟད། ཚན་རིག་ལ་བརྟེན་ནས་འཛམ་གླིང་འདི་ཡར་རྒྱས་ཆེན་པོ་བྱུང་བ་དང༌། འགྲོ་བ་མི་ལ་ཅ་ལག་མང་པོ་ཞིག་བསྐྲུན་ཡོད་པ་ནི་བཤད་མི་དགོས་པ་ཡིན། ཟླ་བའི་གྲོང་ཁྱེར་ལ་འགྲོ་ཐུབ་པ་དང་གནམ་གྲུ་ལྟ་བུ་འཛམ་གླིང་ནང་ཡོད་པའི་ལུང་པ་གཅིག་ནས་གཅིག་ལ་དུས་ཚོད་ཐུང་ཐུང་ནང་འགྲོ་ཐུབ་པའི་བསྐལ་བ་འདིར། ང་ཚོ་མི་རྣམས་ནས་དཀའ་ངལ་སྤུ་ཙམ་མེད་པར་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱུང་བ་ནི་བདག་ཅག་གི་ཚན་རིག་དང་དེ་དང་འབྲེལ་བའི་རིག་གནས་རྣམས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པ་ནི་ཚང་མས་མཁྱེན་གསལ་རེད།
    དེ་མིན་གཞན་ཡང་འཛམ་གླིང་འདིར་གློག་གི་འཕྲུལ་ཆས་དཔེར་ན་ཀམ་པུ་ཊར་ལྟ་བུ་ང་ཚོའི་འཚོ་བའི་ནང་ཤིན་ཏུ་ཕན་ནུས་ཆེན་པོ་ཡོད་པ། དེ་བས་ཚན་རིག་ནི་ཤིན་ཏུ་གལ་ཆེ་བའི་རིག་གནས་ཤིག་ཡིན། ད་ལམ་རྩོམ་འགྲན་བསྡུར་གྱི་བརྗོད་གཞིའི་ནང་འཁོད་པའི་གཟུགས་མཐོང་བརྙན་འཕྲིན་དེ་ཡང་གོང་དུ་ཞུས་པའི་ཚན་རིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ནི་ཚན་རིག་མཁས་དབང་ཞིག་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན།
    གནའ་སྔ་མོའི་དུས་སུ་འཛམ་གླིང་འདིར་ལུང་པ་ཕན་ཚུན་གྱི་གནས་ཚུལ་རྣམས་ཤིན་ཏུ་རྟོགས་དཀའ་བས་ག་ལེར་མི་རྣམས་ནས་འཛམ་གླིང་གསར་འགྱུར་དང་དེང་དུས་འཛམ་གླིང་ནང་ལུང་པ་ཕན་ཚུན་བར་གྱི་གནས་ཚུལ་གསལ་རྟོགས་ཡོང་ཕྱིར་གཟུགས་མཐོང་བརྙན་འཕྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། གཟུགས་མཐོང་བརྙན་འཕྲིན་ཞེས་པ་དེ་ནི་བརྙན་འཕྲིན་ལ་བརྟེན་ནས་བྱུང་བ་ཡིན། གང་ལགས་ཤེ་ན། བརྙན་འཕྲིན་ནས་ང་ཚོའི་གནས་ཚུལ་རྣམས་གསལ་པོར་རྟོགས་མི་ཐུབ་པ་ཚང་མས་མཁྱེན་གསལ་རེད། གང་ཡིན་ཞེ་ན་བརྙན་འཕྲིན་ནས་ཁ་ནས་བཤད་པ་ཙམ་མ་གཏོགས་དངོས་ཡོད་ཀྱི་གནས་ཚུལ་དེ་མཐོང་ཐུབ་ཀྱི་མེད། དེ་བས་འགྲོ་བ་མི་རྣམས་ནས་དངོས་ཡོད་ཀྱི་གནས་ཚུལ་དེ་རྣམས་རང་ཉིད་དངོས་སུ་ཁྱིམ་ལ་སྡོད་བཞིན་ལྟ་རྒྱུ་ཡོད་པ་ནི་གཟུགས་མཐོང་བརྙན་འཕྲིན་གྱི་ཕན་ནུས་ཤིན་ཏུ་ཆེན་པོ་ཞིག་ཡིན།
    སྐབས་འདིར་གཟུགས་མཐོང་བརྙན་འཕྲིན་གྱི་ཕན་ནུས་རྣམས་བཤད་པ་ཡིན་ན་གཟུགས་མཐོང་བརྙན་འཕྲིན་ནི་གློག་གི་ལམ་ནས་གཏོང་ཐུབ་པ་དང༌། དེ་ལ་བརྟེན་ནས་མི་རྣམས་ནས་རང་གི་ནང་ལ་བསྡད་ནས་དེ་རིང་གི་འཛམ་གླིང་ནང་གི་གནས་ཚུལ་རྣམས་གསལ་པོར་ཤེས་ཐུབ་པ་དང༌། དེ་མིན་གཞན་ཡང་དེ་ལ་བརྟེན་ནས་ཡིད་ཀྱི་བདེ་བ་གང་མང་ཞིག་རག་ཐུབ། དཔེར་ན། ང་ཚོས་གཟུགས་མཐོང་བརྙན་འཕྲིན་ལ་བརྟེན་ནས་གློག་བརྙན་ལྟ་ཐུབ་པ་དང་གཞན་རྒྱལ་རབས་ལོ་རྒྱུས་ལས་བཟོས་པའི་གློག་བརྙན་རྣམས་དེ་ལ་བརྟེན་ནས་མཐོང་ཐུབ། དེ་མིན་གཞན་ཡང་གཟུགས་མཐོང་བརྙན་འཕྲིན་ནི་ཚོང་འབྲེལ་གྱི་བྱ་སྤྱོད་ལ་ཤིན་ཏུ་ཕན་ཐོགས་ཆེན་པོ་ཡོད། ཚོང་དང་འབྲེལ་བའི་ཅ་ལག་རྣམས་ཁྱབ་བསྒྲགས་ཀྱང་དེ་ལ་བརྟེན་ནས་བྱེད་ཀྱི་ཡོད། དེར་བརྟེན་མི་རྣམས་ནས་ཁྲོམ་ལ་ཅ་ལག་གསར་པ་ག་རེ་ཐོན་པ་རྣམས་གསལ་པོར་ཤེས་ཐུབ། མི་ལ་སྣང་བ་སྐྱིད་པོ་ཡོང་ཕྱིར་གཞས་དང་གླུ་རྣམས་ལོངས་སུ་སྤྱོད་པ་དང་དེང་དུས་ཀྱི་ཚོང་པ་དང་བཟོ་གྲྭ་ཁག་ལ་རང་གི་བཟོ་གྲྭ་ནས་བསྐྲུན་པའི་ཅ་ལག་རྣམས་མིའི་མིག་ལ་ཟུག་ཕྱིར་ཁྱབ་བསྒྲགས་བྱེད་ཐུབ།
    ཚོང་གི་ལམ་འགྲོར་ཤིན་ཏུ་ཕན་ནུས་ཆེན་པོ་ཡོད། དེང་དུས་ཀྱི་གནས་ཚུལ་ལ་དཔེ་བཞག་ན་ལུང་པའི་ནང་གཟུགས་མཐོང་བརྙན་འཕྲིན་གྱི་སྒོ་ནས་མི་རྣམས་ཀྱི་ཤེས་རིག་ལ་ཡར་རྒྱས་དང་འགྱུར་བ་གཏོང་ཕྱིར་ནམ་མཁར་བཏང་བཞག་པའི་མིས་བཟོས་སྲུང་སྐར་ཀྱི་ལྟད་མོ་འདྲ་མིན་ལ་བལྟ་ཐུབ་པ། དཔེར་ན། འཛམ་གླིང་ས་གཞི་དང་དེར་འབྲེལ་བའི་རི་དྭགས་གཅན་གཟན་འདྲ་མིན། བྱ་བྱིའུ་རྣམས་ཀྱི་འཚོ་བ་སྐྱེལ་ཚུལ། དེ་རྣམས་ཀྱི་སྡོད་གནས་དང་འཚོ་བ་གཤིས་ཀ་བཅས་ང་ཚོར་སེམས་ཅན་དང་འདབས་ཆག་འདྲ་མིན་གྱི་ཤེས་བྱ་གསར་པ་རག་ཐུབ་པ་དང༌། དེ་ལ་བརྟེན་ནས་འཛམ་གླིང་གི་མི་མང་པོ་ཞིག་ནས་རང་གི་འཚོ་བ་སྐྱེལ་ཕྱིར་ལས་ཀ་འདྲ་མིན་རག་ཐུབ་པ། གཞན་ཡང་དེ་དང་འབྲེལ་བའི་ལས་ཀ་རྣམས་མིས་བྱེད་ཀྱི་ཡོད། དཔེར་ན། གསར་འགྱུར་ཤོད་མཁན། གཞས་འཁྲབ་མཁན། ཁྱབ་བསྒྲགས་གནང་མཁན། དེ་མིན་གཞན་ལས་ཀ་མང་པོ་ཞིག་མི་རྣམས་ལ་རག་གི་ཡོད་པ་དང༌། རང་གི་འཚོ་བ་ཡར་རྒྱས་གཏོང་ཐབས་ལ་རོགས་རམ་ཡོང་གི་ཡོད།
    གཟུགས་མཐོང་བརྙན་འཕྲིན་གྱི་ཕན་ནུས་མང་པོ་ཡོད་པ་ལ་བརྟེན་མི་རྣམས་ནས་རང་གི་འཚོ་བ་ཇི་ཙམ་ཐབས་རྡུག་ཡོད་ཀྱང་དེ་ཉོ་ཡི་ཡོད། དེ་ལ་བརྟེན་ནས་ཚོང་གི་ཡར་རྒྱས་དེ་དང་འབྲེལ་བའི་བཟོ་གྲྭ་མང་པོ་འཛུགས་ཐུབ་པ་དང་བཟོ་གྲྭ་དེའི་ནང་མི་མང་པོར་ལས་ཀ་སྤྲོད་ཐུབ་པའི་ཕན་ནུས་དེ་བས་ཀྱང་ཆེན་པོ་ཞིག་ཡོད་པ་གསལ་གྱི་འདུག སྐབས་འདིར་འདི་ལྟ་བུའི་ཅ་ལག་ནི་ཤིན་ཏུ་ཕན་ཐོགས་ཆེན་པོ་ཡོད་པ་ང་ཚོས་ཤེས་ཐུབ་པ་དང༌། མདོར་ན་དེ་ཡི་ཕན་ཡོན་ནི་རྒྱ་མཚོ་ལས་ཟབ་པ་ངས་མཐོང་གི་འདུག ང་ཚོས་རྒྱུན་གཏན་ནས་འཚོ་བའི་ནང་གསལ་པོར་ཤེས་ཐུབ་པ་དང་རྟོགས་ཐུབ་པ་ནི་ཅ་ལག་ཅིག་ལ་ཕན་ཐོགས་ཡོད་པ་དེ་ཙམ་གྱིས་གནོད་སྐྱོན་ཡང་ཡོད་པ་ནི་བརྗོད་མི་དགོས། དཔེར་ན། ང་ཚོས་དེ་ལ་བལྟ་འདོད་ལ་བརྟེན་རང་གི་ལུས་ལ་མེད་ཐབས་མེད་པའི་དབང་པོ་མིག་ལྟ་བུ་ལོང་བར་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད་པར་མ་ཟད། མིག་གི་དཀའ་ངལ་ལ་བརྟེན་ཐག་རིང་གི་དངོས་པོ་རྣམས་མཐོང་མི་ཐུབ་པ་དང་དེ་ལ་བརྟེན་ནས་ང་ཚོས་སྤྱན་ཤེལ་གྱོན་དགོས་པའི་གནས་ཚུལ་རྣམས་རྒྱུན་དུ་ཡོང་གི་ཡོད། དེ་ནི་རང་བཞིན་གྱིས་ཡོང་བའི་འཕྲུལ་ཆས་ཤིག་མིན་པ་དང༌། གློག་ལ་བརྟེན་དགོས་སྟབས་གློག་གི་འགྲོ་སོང་འཐོལ་པ་གཏོང་དགོས་པ་དང༌། སྐབས་རེ་གློག་ལ་གནོད་སྐྱོན་ཡོང་གི་ཡོད་པ་རྣམས་ནི་རྒྱུན་གཏན་འཚོ་བའི་ཉམས་ལེན་ལ་བལྟས་ནས་རྟོགས་ཐུབ།
    དེ་མིན་རང་རེ་བོད་མི་རྣམས་ལ་ནི་རང་གི་ཕ་ཡུལ་མེད་སྟབས་གཟུགས་མཐོང་བརྙན་འཕྲིན་དེ་ནི་ཤིན་ཏུ་གནོད་སྐྱོན་ཆེན་པོ་ཞིག་མཐོང་གི་འདུག དེ་གང་ཡིན་ཞེ་ན། རང་རེའི་གཞོན་སྐྱེས་རྣམས་ནས་རང་གི་རྒྱལ་ཁབ་ཀྱི་རིང་ཐང་བྲལ་བའི་རིག་གཞུང་ལ་དོ་སྣང་དེ་ཙམ་མེད་པར་གཞན་ཕྱི་རྒྱལ་གྱི་རིག་གཞུང་ལ་དོ་སྣང་དང་ཕྱི་རྒྱལ་གྱི་ཁྲ་ཁྲ་ཟིང་ཟིང་ལ་མགོ་འཁོར་བ་དང་དེ་ལ་དགའ་སྤྲོ་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད་པ། དཔེར་ན། སློབ་གྲྭའི་ནང་ལ་ཡོད་པའི་དུས་ཆེན་མཛད་སྒོ་ཕྲན་བུ་དགེ་རྒན་ཉིན་མོ་དང་བྱིས་པའི་དུས་ཆེན་སྐབས་སུའང་རྒྱ་གར་གྱི་གཞས་མང་པོ་འཁྲབ་རྒྱུ་ཡོད་པ་རང་གི་ཕ་ཡུལ་གྱི་གཞས་དང་ཐུང་མོང་མ་ཡིན་པའི་ཞབས་བྲོ་འཁྲབ་རྒྱུ་མེད་པའི་གནས་ཚུལ་ཐབས་སྡུག་དེ་ལྟ་བུ་ནི་རང་ལ་ཕ་ཡུལ་མེད་སྟབས་མིའི་ལུང་པར་མིའི་ཁོར་ཡུག་རང་བཞིན་ལ་བརྟེན་ནས་བྱུང་གི་ཡོད། དེ་ནི་གློག་བརྙན་ནང་མཛད་རིམ་དང་གཞས་ཀྱི་ལེའུ་ཕལ་ཆེར་རྒྱ་གར་གྱི་རིག་གཞུང་དང་དེང་དུས་ཀྱི་གློག་བརྙན་ནང་རང་གི་རྒྱལ་ཁབ་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་ཤིན་ཏུ་དཀོན་པ་དེ་ལ་བརྟེན་ནས་ང་ཚོ་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་སྲོལ་བཟང་པོའི་དྲི་མ་དེ་རང་ཅག་གཞོན་སྐྱེས་ཚོར་འཇགས་མི་ཐུབ་པའི་གནོད་སྐྱོན་ཤིན་ཏུ་ཆེན་པོ་ཞིག་འདུག དེར་བརྟེན་རང་ཅག་བོད་ཕྲུག་ཕོ་མོ་རྣམས་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་དགོས་ན་རང་གི་རྒྱལ་ཁབ་དེ་དགྲ་བོ་རྒྱ་དམར་གུང་ཁྲན་གྱི་ལག་འོག་ནས་རིང་མིན་ལེན་ཐུབ་ཕྱིར་རང་གི་རིག་གཞུང་ལ་གཅེས་འཛིན་དང༌། གཞན་གཟུགས་མཐོང་བརྙན་འཕྲིན་ནང་སྟོན་པའི་ཕྱི་རྒྱལ་གྱི་རིག་གཞུང་ལ་དོ་སྣང་དེ་ཙམ་མ་སྤྲད་པར་རང་གི་རིག་གཞུང་བཟང་པོ་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ངང་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཕྱིར་རང་གི་སྐད་ཡིག་དང༌། རིག་གཞུང་བཟང་པོ་དེ་རྣམས་ལ་དུས་རྒྱུན་དུ་དོ་སྣང་ཆེན་པོ་གནང་དགོས་པ་གལ་ཆེ། གཟུགས་མཐོང་བརྙན་འཕྲིན་ནི་རྒྱུན་དུ་འཚོ་བའི་ནང་ཕན་ཐོགས་ཆེན་པོ་ཡོད་ཀྱང་བོད་མི་རྣམས་ལ་ནི་གནོད་སྐྱོན་ཤིན་ཏུ་ཆེན་པོ་ཡོད་པ་གསལ་པོར་ཤེས་ཐུབ་བོ།།
    མདོར་ན་གཟུགས་མཐོང་བརྙན་འཕྲིན་ནི་རང་ཅག་རྣམས་ལ་འཛམ་གླིང་གསར་འགྱུར་འདྲ་མིན་རང་གི་ནང་ལ་བསྡད་ནས་མིག་གིས་དངོས་སུ་མཐོང་རྒྱུ་ཡོད་པ་དང༌། ཚོང་གི་ཕན་ཡོན། མི་རྣམས་ཀྱི་འཚོ་བའི་ཡར་རྒྱས། རིག་གནས་གསར་བརྗེ་བཅས་སྤྱིར་བཏང་ཤིན་ཏུ་ཕན་ཐོགས་ཆེན་པོ་ཡོད། ཡིན་ནའང༌། རང་རེ་བོད་མི་རྣམས་ནི་ཕྱི་རྒྱལ་ཀྱི་ལུང་པ་ཞིག་ལ་སྡོད་ཀྱི་ཡོད་ཙང་ཕྱི་རྒྱལ་གྱི་ལུང་པའི་རིག་གཞུང་རྣམས་གཟུགས་མཐོང་བརྙན་འཕྲིན་ནང་མཐོང་རྒྱུ་ཡོད་པ་དང༌། རང་གི་རིག་གཞུང་ལ་དོ་སྣང་དེ་ཙམ་གྱི་ཡོང་གི་མེད་པ། དེང་དུས་ཀྱི་གཞོན་སྐྱེས་རྣམས་ནས་ཕྱི་རྒྱལ་གྱི་རིག་གཞུང་ལ་བལྟ་རྒྱུར་ཟས་གཅད་གཉིད་བཅག་གིས་བལྟ་ཡི་ཡོད་པ་བཅས་གནོད་སྐྱོན་ཤིན་ཏུ་ཆེན་པོ་ཡོད་པ་གསལ་པོར་ཤེས་ཐུབ་ཀྱི་ཡོད།
    མཐར་རང་རེ་ཐུན་མོང་ནས་རང་གི་རིག་གཞུང་ལ་དོ་སྣང་དང་གཟུགས་མཐོང་བརྙན་འཕྲིན་གྱི་ཐོག་ནས་རང་ལ་ཆེས་ཕན་གྱི་ཤེས་རིག་རྣམས་ལ་ཤེས་རྟོགས་དང་གཞན་ཕྱི་རྒྱལ་གྱི་རིག་གཞུང་ལ་མ་རྨོངས་པར་རང་གི་རིག་གཞུང་བཟང་པོ་དེ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་དང་རང་གི་རྒྱལ་ཁབ་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་དང་བཅས།། །།

ཞན་ཆ།
    སྐལ་བ་(བསྐལ་བ) ཕེལ་(འཕེལ)རྒྱས། ཡར་རྒྱས་ལ་རྟེན་(བརྟེན) དགོས་ཁོ་(མཁོ) མཚན་(ཚན)རིག དཀྲུན་(བསྐྲུན)ཡོད། ནམ་(གནམ)གྲུ། རྟོག་(རྟོགས)དཀའ་བ། གང་ཡིན་ཞེས་(ཞེ)ན། མ་རྟོག(གཏོགས) མཐོང་ཐོབ་(ཐུབ) ནང་ལ་སྡད་(བསྡད)ནས། འཚོང་(ཚོང)འབྲེལ། དཔེ་ཞག་(བཞག)ན། ལུང་པ་(པའི)ནང༌། བལྟ་(ལྟད)མོ། ཅན་(གཅན)གཟན། འདབས་(འདབ)ཆགས། ལས་ཀ་རྣམས་མིའི་(མིས)བྱེད་ཀྱི་ཡོད། གསར་འགྱུར་བཤོད་(ཤོད)མཁན། རོག་(རོགས)རམ། ང་ཚོའི་(ཚོས)ཤེས་ཐུབ། ངའི་(ངས)མཐོང་གི་འདུག རྟོག་(རྟོགས)ཐུབ། ཕན་ཐོག(ཐོགས)  ཞབས་གྲོ་ཁྲབ་(བྲོ་འཁྲབ)རྒྱུ། མི་(མིའི)ལུང་པར། མཐུན་(ཐུན)མོང་མ་ཡིན་པ། གཞོན་སྐྱེས་ཚོར་འཇག་(འཇགས)མི་ཐུབ། བརྙན་འཕྲིན་ནང་བསྟོན་(བསྟན)པའི། ཕན་ཐོག(ཐོགས) ནང་ལ་སྡད་(བསྡད)ནས། ཟས་གཅེས་(གཅད)གཉིད་བཅག ཁྱེ་(ཁེ)ཕན། དག་(བདག)ཅག གང་ལག་ཞེས་ན་(གང་ལགས་ཤེ་ན) ད་(དེ)རིང། ཕུང་(སྲུང)སྐར། འཚོ་(བ)སྐྱེལ། འཕྲུལ་ཆད(ཆས) འཇག(འཇགས)  དེ་ཙམ་མ་སྤྲོད་(སྤྲད)པར།

མདུན་ཤོག