ཟླ་རེའི་གསར་འགྱུར།

སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་བསྒྲིལ་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༦ ནས་ཟླ་ ༩ ཚེས་༡ བར་གྱི་ཉིན་གྲངས་བདུན་གྱི་རིགས་ལམ་འདུ་འཛོམས་དེ་ཕྱི་ཟླ་ ༩ ཚེས་ ༡ ཉིན་ལེགས་པར་མཇུག་བསྒྲིལ། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཚབ་སྐུ་ངོ་འཇིགས་མེད་རྣམ་རྒྱལ་ལགས་དྷ་སྟེང་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཕེབས་གྲུབ་པ་དང་། ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་འཚམས་འདྲི་དང་སྦྲགས་རིགས་ལམ་འདུ་འཛོམས་ཀྱི་ཉིན་གྲངས་བདུན་གྱི་ལས་བསྡོམས་སྙན་སྒྲོན་ཞུས་དོན།

ཐེངས་འདིའི་རིགས་ལམ་འདུ་འཛོམས་སྐབས་དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་ཉི་ཤུ་དང་། ཕྱི་ལོ་༢༠༡༦ ལོའི་བྱང་ཤར་དང་ལྷོ་ཁུལ་རིགས་ལམ་འདུ་འཛོམས་སྐབས་ཀྱི་སློབ་གྲྭ་རྩེ་ཕུད་གཉིས་བཅས་ཁྱོན་བསྡོམས་སློབ་གྲྭ་ཁག་ ༢༢ མཉམ་ཞུགས་གནང་བའི་དམིགས་ཚད་ཡིན་ཡང་། ཌལ་ཧོར་གཏན་སློབ་ལ་ལྟ་གྲུབ་དགེ་རྒན་མེད་པ་དང་། ལ་དྭགས་བོད་ཁྱིམ་མཉམ་ཞུགས་གནང་གཏན་འཁེལ་ཡང་ཆར་ཞོད་ཀྱིས་གཞུང་ལམ་བདེ་པོ་མེད་པའི་རྐྱེན་གྱིས་བཅར་ཐུབ་མེད་སྟབས། དངོས་སུ་རིགས་ལམ་འདུ་འཛོམས་འགོ་འཛུགས་སྐབས་སློབ་གྲྭ་ཁག་༢༠ ནས་སློབ་ཕྲུག་ཕོ་མོ་གྲངས་ ༡༤༥ དང་། ལྟ་གྲུབ་དགེ་རྒན་གྲངས་༢༠ བཅས་ཁྱོན་བསྡོམས་ཚོགས་བཅར་བ་༡༦༥ ནས་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།

ཉིན་གྲངས་བདུན་རིང་སློབ་གྲྭ་སོ་སོའི་ལྟ་གྲུབ་དགེ་རྒན་གྱིས་སོ་སོའི་སློབ་ཕྲུག་ལ་རྟགས་གསལ་གྲ་སྒྲིག་སླད་ཆུ་ཚོད་ ༡༥ དང་། སློབ་གྲྭ་འདྲ་མིན་གྱི་འཛིན་རིམ་སོ་སོའི་སློབ་ཕྲུག་ཕན་ཚུན་རྩོད་ཟླ་བསྒྲིགས་ཏེ་རྟགས་གསལ་གཏོང་སླད་ཆུ་ཚོད་ ༢༠། འཛིན་རིམ་སོ་སོའི་དམ་བཅའ་ཆེན་མོ་སླད་ཆུ་ཚོད་ ༡༢།༠༥ བཅས་ཆ་བགོས་ལྟར་ལག་ལེན་དུའང་དེ་ལྟར་འགྲོ་ཐུབ་པ་བྱུང་ཡོད་པ་མ་ཟད། ཕྱི་ཟླ་ ༨ ཚེས་ ༢༨ དང་ ༣༠ ཉིན་གཉིས་ལ་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་དགེ་འདུན་པ་ ༢༠ རེ་གདན་ཞུས་ཀྱིས་རིགས་ལམ་འདུ་འཛོམས་པའི་སློབ་ཕྲུག་ལྷན་དུ་རྟགས་གསལ་བཏང་སྟེ། རིགས་ལམ་སློབ་གཉེར་ཁང་གི་དགེ་འདུན་པ་རྣམས་ནས་སློབ་ཕྲུག་ཚོའི་རིགས་ལམ་གྱི་གོ་རྟོགས་ལ་བསྔགས་བརྗོད་ཀྱང་གནང་ཡོད་པར་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཚབ་སྐུ་ངོ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་རྣམས་ལ་མཇལ་དར་དང་ཕྱག་འཁྱེར་གནང་རྗེས་མཇུག་བསྡོམས་ཀྱི་གསུང་བཤད་གནང་དོན། སྤྱིར་རིགས་ལམ་གྱི་བརྗོད་གཞི་ཐད་གཏམ་བཤད་གནང་མཁན་རང་ཉིད་ལ་གོ་རྟོགས་དང་ཉམས་མྱོང་མེད་ཀྱང་། བོད་ཡིག་ལ་སློབ་སྦྱོང་ཕྲན་བུ་བྱས་མྱོང་ཡོད་པ་དང་། ཤེས་ཡོན་ལྟེ་གནས་ཁག་གི་གོང་རིམ་གྱི་སྒྲིག་འཛུགས་ཤིག་གི་འཛིན་སྐྱོང་པ་ཞིག་ཡིན་པའི་ཆ་ནས་དེ་རིང་གི་གོ་སྐབས་འདི་བླངས་ཏེ་སློབ་ཕྲུག་གི་མི་ཚེ་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཁག་ཅིག་ཞུ་འདོད་བྱུང་།
ཐེངས་འདིའི་རིགས་ལམ་འདུ་འཛོམས་ནས་ཁྱོན་སློབ་ཕྲུག་ ༡༤༥ ལ་སྔར་མ་ཤེས་པའི་རྟགས་གསལ་གྱི་རིགས་པ་མང་པོ་ཞིག་ཤེས་ཏེ་བློ་བསྐྱེད་གང་འཚམས་བྱུང་ཡོད་ཚོད་འདུག་ན། ང་ཚོས་མར་མེ་གཅིག་ལས་གཉིས་མཆེད་ཅེས་བཤད་སྲོལ་ཡོད་པ་ལྟར། ཁྱེད་རང་ཚོར་བློ་བསྐྱེད་གང་བྱུང་བ་རྣམས་ཕྱིར་སློབ་གྲྭར་ལོག་སྟེ་སློབ་གྲོགས་གཞན་ལ་ཉམས་མྱོང་བརྗེ་རེས་གནང་རྒྱུ་ཧ་ཅང་གལ་ཆེ་བ་དང་། ལྷག་པར་རིགས་ལམ་གྱི་རྣམ་གཞག་གང་སྦྱངས་པ་དེ་མི་ཚེའི་ནང་བཀོལ་སྤྱོད་ཐུབ་པ་གནང་གལ་དེ་བས་ཆེ་བ་ཡིན། དཔེར་ན། དེང་གི་ཆར་འཕྲུལ་རིག་དར་ཁྱབ་ཇེ་ཆེར་སོང་བའི་སྐབས་འདིར་བཟོ་ལས་ཐོན་སྐྱེད་དག་ཚོང་རར་འགྲོ་རྒྱུག་ཡོང་ཐབས་སུ་ཅ་དངོས་དེ་དག་མིའི་ཉིན་རེའི་མི་ཚེའི་ནང་དགོས་མཁོ་ཡོད་མེད་ལ་མ་ལྟོས་པར་ཁྱབ་བསྒྲགས་སྒྲོ་འདོགས་སྣ་ཚོགས་ཀྱིས་མིའི་བསམ་བློར་དབང་སྒྱུར་བྱེད་བཞིན་ཡོད་པས། ང་ཚོ་སེམས་ལྡན་གཞན་དང་མི་འདྲ་བར་མི་ཞིག་ཡིན་པའི་ཆ་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དགོས་པ་སྨོས་མེད་དང་། དེའི་རིགས་པའི་ལམ་ནས་སྒྲོ་འདོགས་དང་གཡོ་སྒྱུ་དེ་དག་གི་དབང་དུ་མ་སོང་བ་ཞིག་གནང་དགོས་རྒྱུ་གལ་ཆེ་ཡིན་སྐོར་གསུངས། ཤེས་རིག་ལས་ཁུངས་ནས་༸གོང་ས་མཆོག་གི་བཀའ་དགོངས་དང་མཐུན་པར་མ་འོངས་པར་རིགས་ལམ་བརྒྱུད་ནས་སློབ་ཚན་གཞན་ཁྲིད་ཐབས་ཐད་སློབ་དེབ་འགྲེམས་སྤེལ་དང་ཟབ་སྦྱོང་གོ་སྒྲིག་སོགས་འབད་བརྩོན་ཞུས་དང་ཞུ་མུས་ཡིན། སྤྱིར་དེང་སང་གི་སློབ་འཇུག་ལམ་སྲོལ་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་བལྟས་ན་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་ཐོན་པོ་སོན་རྒྱུ་གལ་ཆེན་པོ་ཡིན།

འོན་ཀྱང་དེ་ལས་ཀྱང་གལ་ཆེ་བ་ནི་གང་སྦྱངས་པ་དེ་སྤུས་དག་པོ་ཞིག་ཤེས་རྒྱུ་དེ་ཡིན། སློབ་སྦྱོང་ལ་བརྩོན་མཁན་ཞིག་ཡིན་ཕྱིན་དཔེ་ཀློག་གི་གོམས་གཤིས་འཇགས་རྒྱུ་གལ་ཆེན་པོ་ཡིན། འདི་ཐད་ང་ཚོས་ཕྱི་རྒྱལ་མི་རིགས་ལས་དཔེ་བླང་དགོས་སྙམ། དཔེ་ཀློག་གི་གོམས་གཤིས་ཡོང་ཐབས་སུ་དང་ཐོག་རང་ཉིད་ཀྱི་འདོད་མོས་ཡོད་པའི་བརྗོད་གཞི་ཁག་གདམ་དགོས་ཤིང་། དེ་ཡང་ཉིན་རེར་དཔེ་ཀློག་ཆེད་ཤོག་གྲངས་ཚད་བཀག་བཟོ་བ་དེས་ཀྱང་དཔེ་ཀློག་བྱ་རྒྱུར་སྐུལ་འདེད་བྱེད་པར་ཕན་ཐོགས་ཡོད། དེ་ལྟར་མུ་མཐུད་འབད་བརྩོན་གྱིས་ནམ་ཞིག་དཔེ་ཀློག་གི་གོམས་གཤིས་འཇགས་ཚེ་དཔེ་དེབ་བཀླག་རྒྱུར་སྤྲོ་སྣང་སྐྱེ་བ་མ་ཟད། རང་ཉིད་ཀྱི་ཤེས་ཡོན་གྱི་སྤུས་ཚད་ཀྱང་ཡར་རྒྱས་འགྲོ་རྒྱུ་ཡིན་པ་གདོན་མི་ཟ་བ་སོགས་སློབ་ཕྲུག་གི་ཉིན་རེའི་མི་ཚེ་དང་འབྲེལ་ཆེ་བའི་གནད་དོན་མང་དག་སྐོར་གསུང་བཤད་གནང་།
མཐའ་དོན་ཤེས་རིག་སྡེ་འགན་བསྟན་འཛིན་དཔལ་སྐྱིད་ལགས་ཀྱིས་ཤེས་རིག་དྲུང་ཚབ་དང་། རིགས་ལམ་འདུ་འཛོམས་གོ་སྒྲིག་ཞུ་ཡུལ་དྷ་ས་བོད་ཁྱིམ་སྤྱི་དང་། ལྷག་པར་དྷ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ། གཞན་ཡང་འདུ་འཛོམས་སྐབས་མཐུན་འགྱུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཕྱོགས་མཐའ་ནས་ཕེབས་པའི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་ཕོ་མོ་ཚང་མར་ཉིན་གྲངས་བདུན་གྱི་དུས་ཚོད་དོན་དང་ལྡན་པ་བེད་སྤྱོད་ཐུབ་པར་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཏེ་འདི་ལོའི་རིགས་ལམ་འདུ་འཛོམས་ལེགས་པར་མཇུག་བསྒྲིལ་བ་བཅས། །

སྔོན་མ།
དྷ་ས་དང་མ་སུ་རི་ཁུལ་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་རྒྱུས་སྟོན་པ་རྐྱང་པའི་ཟབ་སྦྱོང་ཞིག་བསྐོང་ཚོགས་གནང་བ།