༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢ ཉིན་དྷ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཚོགས་ཁང་དུ་ཨ་རི་བོད་ཀྱི་ཐེབས་རྩ་ནས་དཔལ་འབྱོར་མཐུན་འགྱུར་འོག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་ཏེ། བོད་མིའི་སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་ལས་གཞི་འགན་འཁུར་བ་སྐལ་བཟང་དབང་འདུས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། ཟབ་སྦྱོང་བ་རྣམས་རེ་རེ་བཞིན་སོ་སོའི་ངོ་སྤྲོད་གནང་། དེ་རྗེས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས། ཟབ་ཁྲིད་པ་ཁེ་ན་ཌ་ནས་ཡིན་པའི་མཁས་དབང་ལྕམ་སྐུ་མ་ཊི་བྷར་ན་བྷེ་(Dr.Mati Bernabei) ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་ཡོད།
དེ་རྗེས་སྲིད་སྐྱོང་མཆོག་གིས་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། རྣམ་པ་ཚོ་ཚང་མ་དེ་རིང་འདིར་ཕེབས་དགོས་དོན་མཁྱེན་གསལ་རེད། བཀའ་ཤག་ནས་ཤེས་ཡོན་འདི་གལ་ཆེ་ཡིན་སྐོར་ཞུས་དང་ཞུ་མུས་ཡིན། རྣམ་པ་ཚོའི་ངོས་ནས་ཀྱང་ཤེས་ཡོན་དེ་གལ་ཆེན་ཡིན་པ་ངོས་ཟིན་པའི་ཐོག་ཤེས་ཡོན་ཐོག་མི་ཚེ་ཧྲིལ་པོ་བཏང་ཡོད་པར་བརྟེན། ང་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གྱི་ངོས་ནས་མིན་པར་སློབ་ཕྲུག་ཟུར་པ་ཞིག་ཡིན་པའི་ཆ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། མཚམས་རེར་ང་ལ། ཁྱེད་རང་ཤེས་རིག་བཀའ་བློན་ཡིན་པར་བརྟེན་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་འཆར་གཞི་གང་ཡོད་དམ། ཞེས་སྐད་ཆ་འདྲི་མཁན་བྱུང་། གཞི་རྩའི་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་འགྲེལ་བཤད་རྒྱག་དགོས་རྒྱུ་ཧ་ཅང་མང་པོ་ཡོད། འོན་ཀྱང་ངས་ག་རེ་ཞུ་གི་ཡོད་ཅེ་ན། ང་སློབ་ཕྲུག་ཡིན་སྐབས་ང་ལ་མ་བྱུང་བ་ད་ལྟའི་སློབ་ཕྲུག་ཚོར་བྱུང་ན་བསམ་ཀྱིན་འདུག ད་ལྟ་ཡིན་ནའང་ང་རང་ཉིད་ལ་ཞན་ཆ་མང་པོ་ཞིག་མཐོང་གི་འདུག བོད་ཡིག་དང། བོད་སྐད། ནང་ཆོས་ཡིན་རུང་ཤེས་ཡོན་སྤྱི་ཡོངས་ཀྱི་ཐོག་ནས་ཞན་ཆ་མཐོང་གི་འདུག སྐབས་དེ་དུས་ང་ཚོའི་སློབ་གྲྭ་དེར་མཐུན་རྐྱེན་དང་། དགེ་རྒན་དེ་དག་གི་སློབ་ཁྲིད་ཡག་པོ་དང་ཁོར་ཡུག་འདི་ཡོད་པའི་ཐོག་ནས་སློབ་གསོ་ཡག་པོ་ཞིག་བརྒྱབ་ཡོད་ན་ང་ལ་ཞན་ཆ་འདི་དག་ཡོང་གི་མ་རེད་བསམ་ཀྱིན་འདུག ངའི་མི་ཚེ་འདི་སློབ་གྲྭ་ཕྱིན་ནས་སློབ་སྦྱོང་བྱེད་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། ད་ལྟ་ཡོད་བཞིན་པའི་སློབ་ཕྲུག་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་དང་འགོ་ཁྲིད་ཡིན་སྟབས་རྩ་ཆེན་རེད། སློབ་ཕྲུག་དེ་དག་ལ་མཐུན་རྐྱེན་བསྐྲུན་རྒྱུ་དེ་བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ཀྱི་འགན་རེད།
ང་ཚོར་སློབ་གྲྭ་ཁག་ལ་མཐུན་རྐྱེན་བསྐྲུན་རྒྱུའི་འགན་ཡོད་པར་བརྟེན་དེའི་ཐོག་འབད་བརྩོན་ཞུས་དང་ཞུ་མུས་ཡིན། ང་སློབ་ཕྲུག་ཡིན་སྐབས་དགེ་རྒན་ཡག་པོ་ཞིག་ཡོད་ན་བསམས་ཀྱི་ཡོད། ངའི་དགེ་རྒན་ཡག་པོ་དེ་ཚོ་ད་དུང་ཡང་དྲན་གསོ་བྱེད་བཞིན་ཡོད། ང་ཚོས་ཆུང་དུས་སྐབས་ནས་དགེ་རྒན་ཡག་སྡུག་དབྱེ་འབྱེད་བྱེད་ཤེས་ཀྱི་ཡོད། ང་སྲིད་སྐྱོང་ཡིན་པའི་ཆ་ནས་ཤེས་ཡོན་དེ་གལ་ཆེ་ཤོས་ཡིན་ཞུས་པ་བཞིན་ང་ལ་ཡོད་པ་དེ་མཐུན་རྐྱེན་བསྐྲུན་རྒྱུ་དང་དུས་ཚོད་རེད། ང་ཚོས་བཀའ་ཤག་ལྷན་རྒྱས་རེས་གཟའ་མིག་དམར་དང་པ་སངས་ལ་ཚོགས་ཀྱི་ཡོད། ཞོགས་པ་ནས་ཕྱི་དྲོ་བར་སློབ་གྲྭ་དང་གཞིས་ཆགས་ཁག་གི་དཀའ་རྙོག་ཐག་མ་ཆོད་པའི་གནད་དོན་དེ་དག་གི་ཆེད་རེས་གཟའ་དེ་གཉིས་འཆར་ཅན་དུས་ཚོད་གཏོང་གི་ཡོད། འདི་འཛིན་སྐྱོང་ནང་འགྲོ་གི་ཡོད། རེས་གཟའ་ཟླ་བ་དང་། ལྷག་པ། ཕུར་བུ་ཉིན་གྲངས་གསུམ་ལྷག་ཡོད་པ་དེ་ངར་འགན་ཞིག་ཡོད་པའི་ཆ་ནས་མཛད་སྒོ་དབུ་འབྱེད་དང་མཇུག་བསྡོམས་སོགས་ལ་མགྲོན་འབོད་བྱེད་མཁན་མང་པོ་ཡོད། ངར་དུས་ཚོད་མེད་ཀྱང་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུ་ནམ་ཡིན་བཅར་གྱི་ཡོད། དེ་རིང་གི་ཚོགས་འདུ་འདི་གལ་ཆེན་པོ་ཞིག་ཡིན་པ་ངོས་འཛིན་བྱས་པའི་ཐོག་ནས་འདིར་བཅར་བ་ཡིན། འདིར་བཅར་སྐབས་ངས་ཚོགས་འདུ་དང་མཛད་སྒོ་གཞན་ཞིག་ལ་འགྲོ་གི་མེད། ནམ་རྒྱུན་ཚོགས་འདུ་ཚོགས་སྐབས་མང་པོ་ཞིག་གིས་ཤེས་ཡོན་འདི་གལ་ཆེན་པོ་ཡིན་ན། ང་ཚོའི་དགེ་རྒན་ཚོར་མཐོང་སྤྲོད་རོགས་ཞེས་ཞུ་གི་འདུག སྲིད་སྐྱོང་དང་བཀའ་ཤག་ལ་སྤྲོད་རྒྱུ་ཡོད་པའི་མཐོང་ནི་དུས་ཚོད་དེ་རེད། ཚོགས་འདུ་གཞན་ཞིག་ལ་མ་འགྲོ་བར་འདིར་བཅར་བ་ནི་འདི་གལ་ཆེན་ཞིག་ལ་བརྩིས་པ་ཞིག་ཡིན། ཞེས་དང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་སྤུས་ཚད་ལྡན་པ་ཞིག་ཐོན་མ་ཐོན་སློབ་གྲྭའི་འགན་འཁྱེར་མཁན་འགན་འཛིན་དང་དགེ་རྒན་ལ་རག་ལུས་ཡོད་སྐོར་གསུང་དོན། རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གིས་NCERT གཙོས་ཚོགས་པ་གཞན་ཁག་གིས་ཞིབ་འཇུག་མང་པོ་བྱས་པའི་གྲུབ་འབྲས་གཅིག་གང་བྱུང་བ་རེད་ཅེས་ཞུས་ན། སློབ་གྲྭ་འགའ་ཤས་ལ་སློབ་ཕྲུག་དང་དགེ་རྒན་ཚང་མ་ཧ་ཅང་ཡག་པོ་ཡོད་པ་དང་། སློབ་གྲྭ་འགའ་ཤས་ལ་གཉིས་ཀ་ཡག་པོ་མེད་པའི་རྒྱུ་མཚན་ཕོགས་དང་མཐུན་རྐྱེན། སློབ་སྤྱི་དང་དགེ་རྒན་ཡིན་ནམ་ཟེར་དུས། མཐུན་རྐྱེན་དང་ཕོགས་རེད་མི་འདུག རྒྱ་གར་ནང་རྒྱ་གར་གཞུང་གི་སློབ་གྲྭའི་དགེ་རྒན་རྣམ་པའི་ཕོགས་མཐོ་བ་དང་མཐུན་རྐྱེན་བཟང་བ་ཡོད། འོན་ཀྱང་སྒེར་བདག་སློབ་གྲྭ་དེ་དག་གི་ནང་ཕོགས་ཆུང་བ་ཡོད་ཀྱང་། དགེ་རྒན་དང་སློབ་ཕྲུག་དེ་དག་ཡག་པོ་ཡོང་གི་འདུག དེ་ལྟར་ཡོང་དགོས་པའི་རྒྱུ་རྐྱེན་ཐོག་ཞིབ་འཇུག་བྱེད་སྐབས། རྒྱུ་མཚན་གཅིག་ནི་སློབ་གྲྭ་སོ་སོའི་སློབ་སྤྱི་དང་འགན་འཁྱེར་མཁན། དགེ་རྒན་རྒན་པ་ཚོར་རག་ལུས་འདུག ཁོང་ཚོས་ཀུན་སློང་དང་ཚོར་བ་ལྡན་པའི་ཐོག་ནས་འགན་འཁྱེར་ན་སློབ་གྲྭ་དེ་རང་བཞིན་གྱི་ལེགས་པ་ཡོང་གི་འདུག རྒྱ་གར་གཞུང་གིས་སྟངས་འཛིན་འོག་ཡོད་པའི་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་བགྲེས་པ་དེ་དག་གིས་འགན་མ་འཁྱེར་བར་ཀུན་སློང་ཡང་དེ་ཙམ་མེད་པའི་རྐྱེན་གྱིས་སྤྱི་ཡོངས་ཀྱི་ཆ་ནས་བསྡུར་ན་སྒེར་བདག་ཅན་གྱི་སློབ་གྲྭ་དེ་ཚོ་ལེགས་པ་དང་གཞུང་གི་སློབ་གྲྭ་དེ་ཚོ་རང་བཞིན་གྱིས་སྐྱོ་བ་ཡོང་གི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།