༄༅། །ཕྱི་ལོ་ ༢༠༡༠ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་དགེའི་གཟེངས་རྟགས་(National Award To Teachers 2010) ཞེས་པ་དེ་ཀ་སྦུག་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་བྷོ་ཊི་ཡ་ལགས་ལ་གནང་གཏན་འཁེལ་འདུག། དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ཉིན་དགེ་རྒན་གྱི་ཉིན་མོ་སྲུང་བརྩི་ཞུ་བ་དང་སྟབས་བསྟུན་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་པར་ཏི་པ་པ་ཊེལ་(Pratibha Patil)མཆོག་གིས་ཝི་གྱ་ཡན་བྷཱ་ཝན་(Vigyan Bhawan) ཞེས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་ནས་སློབ་དགེ་ཁྱོན་ ༣༧༠ ཙམ་ལ་གཟེངས་རྟགས་ཀྱི་བྱ་དགའ་གནང་རྒྱུ་ཡིན་འདུག
དགེ་རྒན་ཉིན་མོ་ཞེས་པ་དེ་ཐོག་མར་ཕྱི་ལོ་ ༡༩༥༨ ལོར་ཚོགས་ཆུང་ཞིག་ཟུར་འཛུགས་གནང་སྟེ་ལོ་ལྟར་གཞི་རིམ་འོག་མ་དང་བར་མ། གཞི་རིམ་གོང་མའི་སློབ་གྲྭ་བཅས་ཀྱི་ནང་དགེ་རྒན་ཚོས་སློབ་ཕྲུག་གི་ཤེས་ཡོན་དང། དེ་བཞིན་ཤེས་ཡོན་དང་འབྲེལ་བའི་ལས་གཞིའི་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་ལ་ངོས་འཛིན་གནང་ཆེད་བཙུགས་པ་ཞིག་ཡིན་འདུག
ཉིན་མོ་དེ་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༥ ཉིན་སྲུང་བརྩི་གནང་དགོས་པའི་རྒྱུ་མཚན་ནི། ཉིན་ནོ་དེ་ནི་རྒྱ་གར་གྱི་སྲིད་འཛིན་ཟུར་ པ་སྐུ་ཞབས་ཌོག་ཊོར་སར་ཝེ་པལ་ལི ར་དྷ་ཀི་རི་ཤ་ནན་(Dr.S.Radhakrishnan)དམ་པ་མཆོག་གི་འཁྲུངས་སྐར་འཁེལ་བཞིན་ཡོད་པར་བརྟེན་ཁོང་ལ་གུས་བཀུར་མཚོན་ཆེད་དུ་ཡིན་འདུག དེ་བཞིན་ཤེས་རིག་ལས་ཁུངས་ནས་སློབ་སྤྱི་སྐལ་བཟང་བྷོ་ཊི་ཡ་ཁོང་ལ་འཚམས་འདྲི་གནང་ཡོད་པ་བཅས།
ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།