འཇུ་མི་ཕམ་པ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།(༡༨༤༦-༡༩༡༢)

༄༅། །འཇམ་དཔལ་དབྱངས་དང་དབྱངས་ཅན་ངག་གི་ལྷར། །བཏུད་ནས་ས་མཐའི་སྦྱོར་ཚུལ་མདོ་ཙམ་བརྗོད། །ན་ར་ལ་གསུམ་རྗེས་སུ་ད་དྲག་དང༌། །དེ་ལྷག་ད་འ་ས་གསུམ་མ་གཏོགས་པའི། །ག་ང་བ་མ་བཞི་ཡི་རྗེས་རྣམས་ལ། །མི་ནོར་ཕྱིར་དུ་ས་མཐའ་འདི་ལྟར་མཛད། །དུས་ཀྱི་དབང་དུ་འདས་པའི་ཚིག་རྣམས་དང༌། །སྐུལ་ཚིག་རྣམས་ལ་ས་མཐའ་རྟག་ཏུ་ཐོབ། །དཔེར་ན་གསུངས་སོ་གསུང་ངོ་གསུང་བར་འགྱུར། །ཟུངས་ཤིག་གཏོགས་ཤིག་ཅེས་སོགས་ཐམས་ཅད་བསྒྲེ། །བྱ་ཡུལ་བྱེད་པོ་བྱ་བའི་ཚིག་རྣམས་ལ། །དབྱེ་བ་འབྱེད་བྱེད་ཕྱེ་བ་ཞེས་དང་ནི། །གདེག་བྱ་འདེག་བྱེད་བཏེག་པ་ལ་སོགས་པ། །བྱས་པ་རྣམས་ལ་ས་མཐའ་མི་ཐོབ་སྟེ། །ཕལ་ཆེར་སྔོན་འཇུག་ནུས་པས་འདས་པ་སྒྲུབ། །དེ་དག་བྱས་པ་ཟེར་ཡང་བྱ་ཚིག་གི །རང་བཞིན་ཡིན་ཕྱིར་ས་མཐའ་མི་དགོས་སོ། །བྱས་ཟིན་ཡིན་ན་བགྱིས་དང་བཏེགས་གྱེས་སོ། །ལ་སོགས་སྦྱར་བ་ཉིད་དུ་ཤེས་པར་བྱ། །
    མིང་ལ་དུས་གསུམ་དབྱེ་བས་མ་ཡིན་ཡང༌། །མི་ནོར་སླད་དུ་འདི་ལྟར་ཁྱད་པར་མཛད། །སྔ་མ་ས་མཐའ་མེད་པའི་ཚུལ་དང་ནི། །ཕྱི་མ་ཡོད་པའི་ཤན་འབྱེད་འདི་ལྟར་བྱ། །ཕོ་མོ་འཁྲིག་དང་སྤྲིན་ཕུང་འཁྲིགས། །གཅན་གཟན་གཟིག་དང་སྤྱན་གྱིས་གཟིགས། །དོན་བཞིན་རིག་དང་རིགས་རྒྱུད་སྤེལ། །རིག་པ་འཛིན་པ་འོས་ཤིང་རིགས། །རག་གི་སྐུད་པ་རགས་དང་ཕྲ། །རིམ་གྱིས་འཇུག་དང་རིམས་ནད་བྱང༌། །ཐུག་རེག་མེད་དང་ཐུགས་ལ་མངའ། །ཐབ་ཀ་བ་དང་ཐབས་ལ་མཁས། །རྡོ་སོགས་ཆག་དང་སྣོད་བཅུད་ཆགས། །ཆག་ཆག་གདབ་དང་འདོད་ཆགས་སྐྱེ། །མཚོན་ཆས་འཁྲུག་དང་གོ་རིམ་འཁྲུགས། །ལྕག་གིས་བཞུད་(གཞུས)དང་ལྕགས་ཆ་མགར། །རྟོག་དཔྱོད་བགྱིས་དང་དོན་ཀུན་རྟོགས། །མི་རྟག་འཇིག་དང་འཇིགས་ཤིང་སྐྲག །རྟག་ཏུ་སྐྱིད་དང་རྟགས་སུ་བཀོད། །གདུག་པ་ཅན་དང་གདུགས་དཀར་ཅན། །ཐིག་རྩ་མཁས་དང་ཐིགས་པ་འཛགས། །སྣ་ཐག་བཏགས་དང་བར་ཐགས་རིང༌། །ཁ་དོག་ནག་པོ་ནགས་ཀྱི་ཚལ། །དབང་གིས་ཕྱུག་པ་ཕྱུགས་རྣམས་འཚོ། །དབུག་པར་བྱ་བ་དབུགས་སྣ་རིང༌། །གོ་ཆ་ཚང་དང་ཚངས་པ་ཆེ། །སྣམ་བུ་ཕྲུག་དང་ལྔ་ཕྲུགས་གྲངས། །གྲང་བས་ཉེན་དང་གྲངས་སུ་བགྲང༌། །ཕྱག་འཚལ་བ་དང་ཕྱགས་མས་ཕྱགས། །ལུག་གི་རྫི་དང་ལུགས་ཀྱི་ཆོས། །ཚིག་སྨྲ་བ་དང་ཚིགས་སུ་བཅད། །གཡོག་པོ་བྱེད་དང་གོས་ཀྱིས་གཡོགས། །ལག་བྲིས་བཟང་དང་བདེན་པ་ལགས། །ཡན་ལག་ཚང་དང་ཞེ་སའི་ལགས། །ལྷག་པར་གྲང་དང་གྲངས་ལྷགས་ཆེ། །རྣམ་པར་རྒྱལ་དང་འདི་རྣམས་སུ། །ཁོང་དུ་ཆུད་དང་ཁོངས་སུ་གཏོགས། །ཁུང་བུར་འཛུལ་དང་འབྱུང་བའི་ཁུངས། །རྡོ་བའི་གཟེག་དང་གཟེགས་ཟན་པ། །ལོག་པར་ལྟ་དང་ལོགས་སུ་དགར། །གང་ཞིག་འདི་དང་གངས་ཀྱི་རི། །སྣོད་གང་བ་དང་གངས་ཆེན་མཚོ། །རྒྱང་རིང་མཐོང་དང་རྒྱ་མཐོངས་ཆེ། །རེག་བྱ་ཡང་དང་ཁྱོན་ཡངས་པ། །ཁམ་གྱི་ཟས་དང་འདོད་པའི་ཁམས། །གསང་གྲོས་བྱེད་དང་སྐད་གསངས་མཐོ། ། གསུང་རབ་ཆོས་དང་ཚེ་རབས་གཏན། །གོ་སྐབས་དོག་དང་རེ་དོགས་ཆེ། །རྡོ་ཡི་དྲེག་དང་དྲེགས་ལྡན་པ༑ ༑ཞལ་ཟས་སྟོབ་དང་སྟོབས་བཅུ་པ། །དགོང་ཀའི་དུས་དང་ཐུགས་ཀྱིས་དགོངས། །འཕག་འཕག་བྱེད་དང་ས་ཐོབ་འཕགས། །རང་གཞན་གཉིས་ཀ་རངས་པར་གྱུར། །རེང་བུ་བཞིན་དུ་རེངས་པ་རྣམས། །རིང་པོར་གནས་ཀྱང་རིངས་པར་ཁུག །ཞག་རྒྱ་སོང་ནས་འདུ་ལོང་ཞགས། །ཞག་སྣུམ་འཐུང་ནས་ཞགས་པ་ཐོགས། །ཐོག་རེག་མེད་ན་ཐོགས་པ་མེད། །ཐོག་མ་མེད་ནས་ད་བར་ཐོགས། །ཐོག་སེར་མི་འབྱུང་བསྲུང་བ་ཐོགས། །ཐོག་ཏུ་འབབ་ན་ཐོགས་རྡུག་མེད། །ཡོང་ཡེ་མི་མངའ་ཡོངས་སུ་དག །མེ་ཡིས་འཚིག་དང་ས་ཚིགས་འདིར། །ལྕགས་སྒྲོག་དང་ནི་སྐད་སྒྲ་སྒྲོགས། །གཏམ་སྨྲ་བ་དང་བཅུད་ཀྱིས་གཏམས། །འདི་རྣམས་ནོར་ས་ཆེ་བའི་རིགས། །
    བྱ་བའི་མིང་ཅན་མིང་རྐྱང་རྣམས། །ཕལ་ཆེར་ས་མཐའ་སྦྱར་བ་སྟེ། །བྱམས་པ་དམིགས་པ་སྐྱུགས་སོགས་བཞིན། །རུས་ཀྱི་མིང་ཅན་ཕལ་ཆེར་ལ། །གནུབས་གཉགས་སོགས་བཞིན་ས་མཐར་བྱས། །རུས་མིན་སོགས་ལ་དེ་ལྡོག་གཅེས། །ཆོས་དབྱིངས་འཇམ་དབྱངས་ཕྱོགས་དང་ཁྱོགས། །དཀྲིགས་ཁྲག་རྒྱ་སྐྱེགས་གླེགས་བམ་མཁྲེགས། །རྡོ་སྒྱོགས་ལམ་རྒྱགས་འཇུག་ངོགས་སྔགས། །ཡིད་གཅུགས་མགོ་ལྕོགས་ཞབས་ལྗགས་སྙིགས། །ལྟོགས་ཕོངས་སྟེགས་བུ་མུ་སྟེགས་དང༌། །བླ་དྭགས་རི་དྭགས་ཡི་དྭགས་སོགས། །ས་མཐའ་ཅན་དུ་མཛད་པ་མང༌། །ཉོན་མོངས་པ་དང་ཐུན་མོང་བ། །འདི་སོགས་ས་མཐའ་ཡོད་མེད་ཀྱི། །ཁྱད་པར་མཛད་ཀྱང་ཚིག་གྲོགས་ཀྱི། །དབང་གིས་ནོར་ས་མི་ཆེ་བས། །བྱས་ཀྱང་རུང་ལ་མེད་ཀྱང་འདྲ། །དྲི་བཟང་སོགས་ལ་གང་ཡང་རུང༌། །མང་དུ་སྤྲོས་ན་མཐའ་མེད་ཀྱང༌། །འདིར་ནི་སྙིང་པོ་ཙམ་ཞིག་བསྡུས། །དགེ་བས་འགྲོ་བ་ཐམས་ཅད་ཀྱི། །འཇམ་དཔལ་ཤེས་རབ་ཐོབ་གྱུར་ཅིག།། །།བཅས་མི་ཕམ་པས་བྲིས་པའོ།།

མཆན།    འདི་ནི་རང་གཞུང་ཤེས་རིག་ནས་དཔར་སྐྲུན་མཛད་པའི་མཁས་མཆོག་དངུལ་ཆུ་ཡབ་སྲས་ཀྱི་མཛད་པའི་བོད་བརྡ་སུམ་རྟགས་ཀྱི་སྐོར་དང། འཇུ་མི་ཕམ། བསྟན་དར་ལྷ་རམས་གཉིས་ཀྱི་གསུང་ས་མཐའི་རྣམ་དབྱེ་བཅས་ཕྱོགས་བསྡེབས་པད་དཀར་ཆུན་པོ་ནས་བདམས་བཀོད་ཞུས་པ་ཡིན།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་ནི། ཁམས་སྡེ་དགེའི་ཉེ་འདབས་སུ་ཡ་ཆུ་དིང་ཆུང་གི་ས་ཆར་ཡབ་མགོན་པོ་དར་རྒྱས་དང༌། ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་རྟ། ཕྱི་ལོ་༡༨༤༦ ལོར་སྐུ་བལྟམས། དགུང་ལོ་བདུན་བརྒྱད་ཙམ་ནས་ཡབ་དང་ཞང་པོའི་དྲུང་ནས་ཡི་གེ་འབྲི་ཀློག་དང་གཞུང་ལུགས་བློ་འཛིན་སོགས་ལ་སྦྱངས་པ་གནང་བས་མཁྱེན་རབ་ཤིན་ཏུ་ཆེ་བས་རྩོམ་ཡིག་འབྲི་ཤེས་ཐུབ་པར་མ་ཟད། རྩིས་དཀར་ནག་གི་སྔོན་འགྲོ་ལའང་སྦྱངས་པ་མཛད། དགུང་ལོ་བཅུ་གཉིས་ལ་ཕེབས་པ་མེ་སྦྲུལ་ཕྱི་ལོ་༡༨༥༧ ལོར་གསང་སྔགས་ཆོས་གླིང་དགོན་དུ་ཕེབས་ཏེ་གྲྭ་བཙུན་གནང༌། དགུང་ལོ་བཅོ་བརྒྱད་པའི་དུས་སུ་ཞང་པོ་དང་འགྲོགས་ནས་དབུས་ལྷ་ལྡན་ཞིང་དུ་གནས་སྐོར་དུ་ཕེབས། ལོ་གཅིག་རྗེས་ཕྱིར་ལོག་ཕེབས་ཏེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང༌། དབང་ཆེན་དགྱེས་རབ་རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་དབང་སོགས་མཁས་ཆེན་དུ་མ་སློབ་དཔོན་དུ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་བརྒྱ་ཕྲག་མང་པོར་སྦྱངས་པ་མཐར་ཕྱིན་པར་མཛད་ཅིང༌། བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་ཡང་རྩེར་སོན། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་བསྟན་འགྲོ་ལ་ཕན་པའི་དོན་རྒྱ་ཆེན་པོ་སྒྲུབ་པར་མཛད། ཁྱད་པར་དུ་བཟོ་དང༌། གསོ་བ། རྩིས་རིག་བཅས་ལ་ཕུལ་དུ་བྱུང་བའི་ཕྱག་རྗེས་ཆེན་པོ་བཞག་པས་རིས་མེད་མཁས་པ་རྣམས་ཀྱིས་བསྟོད་ཚིག་གིས་མེ་ཏོག་ཕྱོགས་ཀུན་ཏུ་གཏོར། མདོ་དབུས་ཁམས་གསུམ་དུ་མཁས་པའི་གྲགས་པ་བར་མེད་ཁྱབ། མཐར་དགུང་ལོ་རེ་བདུན་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི། ཕྱི་ལོ་༡༩༡༢ ལོར་འཇུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།
ཁོང་གི་བཀའ་རྩོམ་ནི། 《རྒྱལ་པོ་ལུགས་ཀྱི་བསྟན་བཅོས་》དང༌། 《དུས་འཁོར་འགྲེལ་ཆེན།》 《སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ།》 《སྨན་ཕྲེང་བརྒྱ་རྩ།》 《ཕྱི་རྒྱུད་རྩ་ཆུའི་འགྲེལ་པ།》 《ལུས་ལ་ཉེར་མཁོ་སྐབས་བརྒྱད་པ་》སོགས་ཐུན་མོང་གི་རིག་གནས་དང༌། མདོ་རྒྱུད་བསྟན་བཅོས་སོགས་པོ་ཏི་སུམ་ཅུ་ལྷག་ཙམ་སྡེ་དགེའི་པར་ཁང་དུ་བཞུགས་ཡོད་དོ། །

མདུན་ཤོག