ཀ་ཡེ་སློབ་གྲོགས་ཕོ་མོ་ཀུན་དྲུང་དུ། །ཁ་ཙམ་མིན་པའི་རང་དགོས་ཡོན་ཏན་ལ། །
ག་དུས་ཡིན་རུང་ལྷོད་མེད་མ་བརྩོན་ན། །ང་ཚོའི་སློབ་དགེ་རྣམས་ལ་ངོ་ཡང་ཚ། །
རང་ལ་ཤེས་ཡོན་ལྡན་དགོས་ན། །གོ་རིམ་བཞིན་དུ་བསླབ་པར་བྱ། །
རིམ་བཞིན་མ་སྦྱང་ཁྱར་ཁྱོར་དེ། །གོ་མ་ཆོད་ཀྱི་ཤེས་ཡོན་ཡིན། །
ཨ་མའི་བུ་ལ་ཡོན་ཏན་ལྡན་དགོས་ན། །ཉིན་རེ་བཞིན་དུ་ཡོན་ཏན་སྦྱོར་བར་ཐོངས། །
ཨ་མའི་བུ་ལ་ཡོན་ཏན་མི་དགོས་ན། །ཉིན་རེ་བཞིན་དུ་རྟ་ནོར་འཚོ་བར་ཐོངས། །
སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང༌། །མེས་པོའི་ཆོས་རིག་བརྗེད་ན་ངོ་ཚ་ཡིན། །
འཛམ་གླིང་ཆས་གོས་གྱོན་ན་མཛེས་པར་སྣང༌། །མེས་པོའི་ཆས་གོས་བརྗེས་ན་ངོ་ཚ་རེད། །
སློབ་གྲོགས་ཡོན་ཏན་ཅན་ལ་བརྟེན་བྱེད་ན། །རང་ཡང་ཡོན་ཏན་ཅན་དུ་འགྱུར་བར་ངེས། །
སློབ་གྲོགས་འཁྱམས་པོའི་རིགས་ལ་བརྟེན་བྱེད་ན། །རང་ཡང་འཁྱམས་པོར་འགྱུར་བར་ཐེ་ཚོམ་ཅི། །
དག་གཟུགས་མགྱོགས་གསུམ་ཡི་གེའི་སྲོག་དེ་ལ། །བྱང་ཞིང་ཆུབ་པའི་མཁས་པ་འགྲན་ཟླ་བྲལ། །
ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྡེབ་སྦྱོར་ནི། །སྔོན་བྱོན་མཁས་དབང་དགྱེས་པའི་མཆོད་སྤྲིན་ཡིན། །
བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་ན། །ཤེས་བྱའི་གནས་དེ་དབྱར་གཙང་བཞིན་དུ་འཕེལ། །
སློབ་བུ་སུ་ལ་ཤེས་ཡོན་ལྡན་གྱུར་ན། །རྒྱལ་ཁབ་སྲིད་འཛིན་ཁྲི་ལ་བདག་པོ་མེད། །
རང་ལ་ཡོན་ཏན་ལྡན་གྱུར་ན། །མཁས་པའི་གོ་འཕང་མྱུར་དུ་དབང༌། །
རང་ལ་ཡོན་ཏན་མེད་གྱུར་ན། །བླུན་པོའི་གྲལ་ལས་གཞན་ཅི་ཡོད། །
སྔོན་བྱོན་རིག་པའི་ཉིན་འབྱེད་ཐོན་མིའི་གཞུང་ལུགས་འདི། །གནས་ལྔའི་མངའ་བདག་པཎ་གྲུབ་དུ་མས་ཤུལ་དུ་འཛིན། །
མཁས་མང་ནམ་མཁའི་སྐར་ཚོགས་རྣམས་ཀྱི་རྗེས་སུ་འབྲངས། །མ་འོངས་རྩམ་གཟན་རྣམ་པས་གཅེས་པར་བྱ་དགོས་ཤིང༌། །
རྣམ་དཔྱོད་གསར་པའི་ལེགས་བཤད་འོད་སྣང་འདི། །བློ་གསལ་བུང་བའི་ཡིད་དབང་དཔག་མེད་འཕྲོག །
སྒྲ་འདྲའི་ཚིག་ཚོགས་སྐར་མ་ཤར་བ་འདི། །དབྱེ་འབྱེད་གསལ་ལ་སྦྱོང་བདེ་ཀུན་གྱིས་རྟོགས། །
རྩམ་པ་ཟ་མཁན་མི་རིགས་རྣམས་ཀྱིས་གོམས་སྲོལ་དང༌། །ཇ་མར་མཉམ་དུ་བསྲུབས་ནས་ལོངས་སུ་སྤྱོད་མཁན་གྱི། །
མི་རིགས་མཚོན་པའི་རིག་གཞུང་རྒྱ་མཚོ་ལྟ་བུ་འདི། །ཨ་མས་བུ་ལ་གཅེས་བཞིན་སྙིང་གི་ནོར་བུ་ཡིན། །
རྒྱུན་མཁོ་ཆེ་བའི་མེ་ཏོག་འཛུམ་པའི་ངང་ཚུལ་དང༌། །བློ་གསལ་བུང་བའི་ཚོགས་ཀྱིས་དགའ་བ་སྐྱེས་གྱུར་པ། །
གངས་ཅན་ཆོས་རིག་རྒྱ་མཚོ་ལྟ་བུ་དར་ཞིང་རྒྱས། །མི་ཉམས་བདག་གཅེས་འཛིན་སྐྱོང་ཕྱོགས་བཅུར་སྤེལ་ལ་སྤྲོ། །
སྒྲ་གདངས་དབྱེ་འབྱེད་མི་ཤེས་གདངས་གཅིག་ཐོན། །དག་ཆ་རེ་རེས་དོན་ཆེན་གསལ་གྱུར་པ། །
གཞུང་ཆེན་མང་པོ་བལྟ་ཁོམ་མེད་པ་ལ། །མིག་སྦྱིན་ལྟ་བུའི་གཞུང་བཟང་འདི་སྦྱོངས་ཤིག །
ཀློག་ལྟ་མ་བྱང་སློབ་བུ་རྣམས། །གྲོག་མ་ལམ་དུ་རྒྱུག་པ་འདྲ། །
ཀློག་ལ་བྱང་བའི་སློབ་བུ་རྣམས། །འགྲོས་ཆེན་རྟ་དང་ཀུན་ནས་མཚུངས། །
ཅེས་རྩམ་གཟན་གངས་ཅན་པའི་ན་གཞོན་རྣམས་ལ་སྐུལ་བའོ།།