སྤྱི་ལོ་༡༩༦༢ ལོའི་དཔྱིད་ཀ་དང་དབྱར་ཁ་དེར་ཀིང་གི་ལས་འགུལ་རྒྱུན་མཐུད་མ་ཐུབ་པའི་ཕམ་ཁ་ཆེ་ཤོས་དང་པོ་དེ་བྱུང་། ཁོང་དང་ཁོང་གི་རོགས་པ་ཚོས་རྗོར་རྗེ་ཡཱ་ས་གནས་ཀྱི་ཨལ་བྷཱ་ནི་(Albany)གྲོང་རྡལ་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལུགས་སྲོལ་མེད་པ་བཟོ་ཐབས་བྱས། ས་གནས་དེར་ཡོད་པའི་མི་རིགས་ནག་པོ་ཚང་མ་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ་གོམ་བགྲོད་དང་། མི་རིགས་དཀར་ནག་གཉིས་མཉམ་སྡོད་བྱེད་པ་དང་། གཞུང་ལམ་ནང་དུ་ཆོས་འདོན་གྱིན་སྐྱོད་པ་སོགས་བྱས། ཨལ་བྷཱ་ནི་ས་གནས་ཀྱི་སྤྱི་བདེ་མི་སྣའི་འགོ་གཙོ་དེ་ལྟ་བ་མཁྲེགས་པོ་ཞིག་ཡོད་པས། དྲག་སྤྱོད་མ་བཀོལ་མོད་མི་རིགས་ནག་པོ་མང་པོ་ཞིག་བསྟུད་མར་ས་གནས་ཀྱི་ཁྲིམས་སྲོལ་དང་འགལ་བར་བསྙད་དེ་བཙོན་འཇུག་བྱས། ཁོང་གིས་ཀིང་འཛིན་བཟུང་ཐེངས་གསུམ་བྱས་པས། མཐར་ངོ་རྒོལ་ལས་འགུལ་དེ་གྲུབ་འབྲས་ཅི་ཡང་མེད་པ་ཞིག་ཏུ་གྱུར།
   དེར་བརྟེན་མི་མང་པོ་ཞིག་གིས་ཀིང་དང་འཚེ་མེད་ཞི་བ་གཉིས་རྩ་མེད་དུ་གྱུར་སོང་ཞེས་བཤད། ཀིང་གི་བསམ་པར་ཨལ་བྷཱ་ནི་ས་གནས་ལས་འགུལ་ཁྲོད་ནོར་འཁྲུལ་ཁ་ཤས་ཤོར་སོང་བ་དང་། ནོར་འཁྲུལ་དེ་དག་ལས་ཉམས་མྱོང་ཐོབ་བྱུང་སྙམ་གྱི་ཡོད། སྐབས་འདིར་ཀིང་གིས་འཚེ་མེད་ཞི་བ་ནི་ཕན་ནུས་ལྡན་པ་ཞིག་ཡིན་པའི་བདེན་དཔང་བྱ་འདོད་ཀྱི་འདུན་པ་སྔར་ལས་ཀྱང་ཆེ། ཁོང་གིས་བདེན་དཔང་བྱ་སའི་ཡུལ་འཚམ་པོ་ཞིག་ལ་བསམ་བློ་བཏང་། ལྷོ་ཕྱོགས་ས་ཁུལ་གྱི་རྗམ་ཁུ་རོ་ལམ་ལུགས་མཁྲེགས་འཛིན་བྱེད་ཤུགས་ཆེས་ཆེ་བའི་གྲོང་ཁྱེར་ནི་ཨཱ་ལཱ་བྷཱ་མཱ་ས་གནས་ཀྱི་བྷིར་མིན་གྷཱམ་ཡིན་པ་ཀིང་གི་སེམས་ན་ཁྲིགས་ཁྲིགས་ཡིན། བྷིར་མིན་གྷཱམ་ས་གནས་ཀྱིས་དེ་སྔོན་ཆེས་མཐོའི་ཁྲིམས་ཁང་གིས་སློབ་གྲྭ་ཁག་ཏུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལུགས་སྲོལ་མཚམས་འཇོག་བྱ་དགོས་པའི་བཀའ་རྒྱ་བཏང་བ་དང་ལེན་བྱས་མེད། གྲོང་ཁྱེར་དེའི་ལས་བྱེད་ཅིག་གིས་”མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལམ་སྲོལ་མཚམས་འཇོག་དགོས་ཚེ། ཐོག་མར་གཞུང་ལམ་ཡོད་ཚད་ལ་ཟུངས་ཁྲག་གི་བཞུར་རྒྱུན་འཐེན་དགོས།”ཞེས་བཤད་མྱོང་ལ། གྲོང་ཁྱེར་བྷིར་མིན་གྷཱམ་དུ་ལས་ཅི་འདྲ་ཞིག་ཡིན་ཡང་མི་རིགས་དཀར་ནག་གི་དབྱེ་འབྱེད་ཤིན་ཏུ་ཆེ། ཐ་ན་འཐོར་ཆུ་ཡོད་ས་དག་ཏུའང་མི་རིགས་དཀར་པོའི་རྟགས་བཀོད་ཡོད། ཨ་རིའི་སྲིད་གཞུང་གི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པའི་མི་རིགས་ནག་པོ་ཞིག་སྒོ་རྟགས་ལ་མི་རིགས་དཀར་པོ་བཀོད་ཡོད་པའི་ཁང་ཁྱིམ་ཞིག་གི་སྒོ་འགྲམ་བརྒྱུད་ནས་སོང་བ་འཛིན་བཟུང་བྱས། བྷིར་མིན་གྷཱམ་གྲོང་ཁྱེར་གྱི་སྤྱི་བདེ་མི་སྣའི་འགོ་གཙོ་ཡའོ་རྗེ་ནེ་བྷོལ་ཀའོ་ནེར་(Eugene Bull Conner) གྱིས་མི་རིགས་ནག་པོ་ཚོ་སྡོད་མི་ཚུགས་ན་གཅུན་ཐབས་ང་ལ་ཡོད་ཅེས་རྒྱགས་གཏམ་བཤད་མྱོང་ཡོད། སྡུག་ཤོས་ནི་གང་ས་གང་དུ་མི་རིགས་ནག་པོ་ཚོ་ལ་དྲག་སྤྱོད་དང་སྡིག་སྤྱོད་ཀྱིས་རྒོལ་ལན་སློག་པ་དེ་རེད། འདས་པའི་ལོ་ངོ་དྲུག་གི་རིང་མི་རིགས་ནག་པོའི་ཆོས་ཁང་དང་ཁྱིམ་ཚང་བཅུ་བདུན་འགད་རྫས་ཀྱིས་གཏོར།
   གྲོང་ཁྱེར་བྷིར་མིན་གྷཱམ་དུ་ཡོད་པའི་མི་རིགས་ནག་པོ་མང་ཆེ་བས་རྗམ་ཁུ་རོ་ལམ་སྲོལ་ལ་ངོ་རྒོལ་བྱེད་པའི་སྐད་ཆ་བཤད་རྒྱུར་འཇིགས་སྣང་བྱེད་ལ། ལམ་སྲོལ་དེར་མི་དགའ་བའི་མི་རིགས་དཀར་པོ་ཚོ་ཡང་ངོ་རྒོལ་གྱི་སྐད་ཆ་བཤད་རྒྱུར་ཞེད་སྣང་སྐྱེ་བཞིན་ཡོད། ཀིང་གི་བསམ་པར་གྲོང་ཁྱེར་བྷིར་མིན་གྷཱམ་ནི་རྗམ་ཁུ་རོ་ལམ་སྲོལ་ལ་རྒོལ་ལན་སློག་པར་གནད་འགག་ཆེ་བའི་ས་ཆ་ཞིག་ཡིན་པར་སྙམ་གྱི་ཡོད། གྲོང་ཁྱེར་བྷིར་མིན་གྷཱམ་དུ་མི་དམངས་འདུ་འཛོམས་ཆེ་སའི་ས་གནས་ཁ་ཤས་ཤིག་ཏུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལམ་སྲོལ་མེད་པར་བཟོ་ཐུབ་ཚེ། དེ་ནི་ས་ཁུལ་གང་སར་ཡོད་པའི་རྗམ་ཁུ་རོ་ལམ་སྲོལ་ལ་ཕམ་ཁ་ཆེན་པོ་ཞིག་ཡིན་པ་ནི་བསྙོན་དུ་མེད།
   ཀིང་དང་ལྷོ་ཡི་ཡེ་ཤུ་ཆོས་པའི་འགོ་ཁྲིད་མཐུན་ཚོགས་ཀྱི་ལས་རོགས་ཚོས་གཟབ་ནན་གྱིས་ལས་འགུལ་སྤེལ་ཐབས་འཆར་འགོད་བྱས། ཁོ་ཚོས་རྗོར་རྗེ་ཡཱ་ས་ཁུལ་གྱི་ཨལ་བྷཱ་ནི་ས་གནས་སུ་ནོར་འཁྲུལ་ཤོར་བ་དེ་བསྐྱར་ཟློས་མི་བྱེད་པའི་ཐབས་ལ་འབད་ཀྱི་ཡོད། ཁོང་ཚོས་ཐབས་བཀོད་འཐེན་པའི་འཆར་གཞི་དེ་ལ་”ལས་འཆར་ག་བ།”ཞེས་འབོད། མི་རིགས་ནག་པོའི་དབུ་ཁྲིད་ཚོས་ཐད་ཀར་གྲོང་ཁྱེར་བྷིར་མིན་གྷཱམ་གྱི་ནང་གི་རྗམ་ཁུ་རོ་ལམ་སྲོལ་ཡོད་པའི་ཚོང་ཁང་དང་ཟ་མ་ཟ་ས་དག་ཏུ་ལས་འགུལ་གྱི་དམིགས་ཡུལ་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས། མི་རིགས་ནག་པོ་ཚོས་གྲོང་ཁྱེར་གྱི་ཁྲོམ་རའི་ནང་དུ་རྗམ་ཁུ་རོ་ལམ་སྲོལ་ཡོད་སའི་གུང་ཚིགས་ཟ་ས་དང་ཁྲུས་བྱེད་ས་དག་ཏུ་ངོ་རྒོལ་ལས་འགུལ་སྤེལ་བ་དང་། ཁོང་ཚོས་ད་དུང་འདུས་སྡོད་དང་གོམ་བགྲོད་བྱེད་པ་སོགས་བྱས་ཤིང་། རིམ་གྱིས་ལས་འགུལ་གྱི་འགོ་བརྩམས་པ་དང་། ལས་འགུལ་གྱི་ངོ་བོ་དེ་ཉིན་རེ་ནས་ཉིན་རེར་གོང་འཕེལ་དུ་གྱུར།
   སྤྱི་ལོ་༡༩༦༣ ལོའི་ཟླ་༤ པའི་ཚེས་༣ སྟེ་རེས་གཟའ་ལྷག་པའི་ཉིན་མི་ཉུང་ཤས་ཤིག་གིས་ཞི་བའི་སྒོ་ནས་རྗམ་ཁུ་རོ་ལམ་སྲོལ་ལ་ངོ་རྒོལ་གྱིས་གུང་ཟས་ཟ་ས་རུ་འདུས་སྡོད་ལས་འགུལ་སྤེལ། འདུས་སྡོད་བྱེད་མཁན་ཚོ་ལ་དེ་ལྟར་མ་བྱེད་སོང་ཞེས་བཤད་མོད། ཁོང་ཚོ་མ་སོང་པས་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་བཅུག སྤྱི་བདེ་མི་སྣའི་འགོ་གཙོ་བྷོལ་ཀའོ་ནེར་གྱིས་སྐབས་དེར་ངོ་རྒོལ་ལས་འགུལ་ལ་དེ་ཙམ་གྱིས་སྣང་འཇོག་མ་བྱས།
   དགོང་མོ་དེར་ལྷོ་ཡི་ཡེ་ཤུ་ཆོས་པའི་འགོ་ཁྲིད་མཐུན་ཚོགས་ཀྱི་ངོས་ནས་ཚོགས་ཆེན་ཐེངས་མང་བསྐོངས་བའི་ནང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། མི་དམངས་ཚོས་རང་དབང་གི་གླུ་གཞས་རིགས་སྣ་ཚོགས་བླངས། མང་པོ་ཞིག་གིས་ངོ་རྒོལ་ལས་འགུལ་ནང་གྲུབ་འབྲས་ལྡན་པའི་ནུས་པ་འདོན་དགོས་སྙམ་གྱི་ཡོད། སྐབས་དེར་ཁོང་ཚོར་འཚེ་མེད་ཞི་བའི་ལམ་ལུགས་ངོ་སྤྲོད་དང་སྦྱོང་བརྡར་སྤྲད། ཁོང་ཚོའི་སྦྱང་བྱ་ནི་མི་རིགས་དཀར་པོའི་སྤྱི་བདེ་མི་སྣ་ཚོས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོར་གཅར་རྡུང་བྱེད་པའི་རྣམ་པ་ལ་བལྟས་ནས་འདུག་རྒྱུ་ལས། གཅར་རྡུང་བྱ་སའི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་ཕྱིར་རྒོལ་ལན་མི་བསློག་རྒྱུ་དེ་རེད།
   སྤྱི་ཟླ་༤ པའི་ཚེས་༦ སྟེ་རེས་གཟའ་སྤེན་པའི་ཉིན་གྲོང་ཁྱེར་གྱི་ཚོགས་ཁང་ཆེན་མོའི་ཕྱོགས་སུ་ངོ་རྒོལ་ལས་འགུལ་གྱི་གོམ་བགྲོད་བསྟུད་མར་བྱས། གོམ་བགྲོད་མཁན་ཚོ་སྤྱི་བདེ་མི་སྣས་བཀག་འགོག་བྱས། སྤྱི་བདེ་མི་སྣའི་འགོ་གཙོ་བྷོལ་ཀའོ་ནེར་གྱིས་མི་རིགས་ནག་པོ་ཚོར་ངོ་རྒོལ་ལས་འགུལ་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་། འོན་ཀྱང་མི་རིགས་ནག་པོ་ཚོས་མོས་མཐུན་མ་བྱས་པས། མང་པོ་ཞིག་འཛིན་བཟུང་བྱས་པ་དང་གཞུང་ལམ་འགྲམ་རྒྱུད་དུ་འཛིན་བཟུང་གི་རྣམ་པར་ལྟ་བའི་མི་རིགས་ནག་པོ་ཚོས་དགའ་འབོད་དང་ལག་པ་ཐལ་མོ་བརྡབ། བཙོན་དུ་འཇུག་པར་འཛིན་བཟུང་བྱས་པའི་གོམ་བགྲོད་མཁན་ཚོས་རང་དབང་གི་གླུ་གཞས་ལེན་གྱིན་བཙོན་ཁང་གི་ཕྱོགས་སུ་བསྐྱོད། ཀིང་གི་བསམ་པར་”གྲོང་ཁྱེར་འདིའི་ནང་གི་མི་རིགས་ནག་པོ་ཚོའི་རྣམ་པ་ལ་འགྱུར་བ་ཞིག་འགྲོ་བཞིན་འདུག་”སྙམ་པ་དང་། ”ཨ་མེ་རི་ཁ་རྒྱལ་ཡོངས་ཀྱི་མི་རིགས་ནག་པོ་ཚང་མའི་བསམ་བློ་གཏོང་སྟངས་དང་། འདུ་ཤེས་འཛིན་སྟངས་སོགས་ལ་སྒུལ་ཤུགས་ཐེབས་ཀྱིན་ཡོད།”
   ཉིན་རེ་བཞིན་ངོ་རྒོལ་ལས་འགུལ་གྱི་རྣམ་པ་ཇེ་ཆེར་སོང་བ་དང་། བཙོན་ཁང་ཚང་མ་ཁེངས་པར་གྱུར། ད་ལྟ་བར་དུ་བྷོལ་ཀའོ་ནིར་གྱིས་དྲག་སྤྱོད་ལྡན་པའི་འཚེ་བའི་ལས་གང་ཡང་མ་སྤེལ་ལ། མི་རིགས་ནག་པོ་ཚོ་འཛིན་བཟུང་བྱེད་མཁན་ཁོང་གི་མངའ་ཞབས་ཀྱི་སྤྱི་བདེ་མི་སྣ་ཚོས་ཀྱང་ཧ་ཅང་འཇམ་པོ་བྱས། སྤྱི་ཟླ་༤ པའི་ཚེས་༡༠ ཉིན་གྲོང་ཁྱེར་དུ་ངོ་རྒོལ་ལས་འགུལ་སྤེལ་བ་མཚམས་འཇོག་དགོས་པའི་ཁྲིམས་ཁང་གི་བཀའ་རྒྱ་ཞིག་འབྱོར། ཀིང་ནི་གནས་ལུགས་ཡོད་པའི་ཁྲིམས་སྲོལ་ལ་ནམ་ཡང་འགལ་མ་མྱོང་མོད། ཐེངས་འདིར་བཀའ་རྒྱ་དེ་ལ་ངོས་ལེན་མི་བྱེད་པའི་སེམས་ཐག་བཅད། ཁོང་གི་བསམ་པར་དེ་ལས་འདེམས་ཀ་གཞན་མེད་པར་སྙམ་གྱི་ཡོད། གལ་ཏེ་བཀའ་རྒྱ་དེ་དང་ལེན་བྱས་ན་ལས་འགུལ་ཕམ་ཉེས་སུ་འགྲོ་རྒྱུ་ཉག་གཅིག་ཡིན་པ་དང། ཁོང་གིས་བཀའ་རྒྱ་དེ་དང་ལེན་མི་བྱེད་རྒྱུ་ནི་ངའི་ལས་འགན་རེད་ཅེས་གསུངས། ཁོང་གིས་དེ་ལྟར་བྱེད་དོན་ནི་གནད་དོན་འདིའི་ཐད་ནས་དྲང་བདེན་དང་འགལ་གྱི་ཡོད་པས་ཁྲིམས་ལུགས་ངོས་ནས་ནོར་འཁྲུལ་ཤོར་ཡོད་པར་འདོད་ཀྱི་ཡོད།
   ཀིང་གི་ངོས་ནས་གོམ་བགྲོད་ཀྱི་ལས་འགུལ་གཞན་ཞིག་སྤེལ་ཏེ་ཁོ་རང་ཉིད་འཛིན་བཟུང་བྱ་འཇུག་རྩིས་ཡོད། འོན་ཀྱང་རིང་པོ་མ་འགོར་བར་ཁོང་གིས་བཀྲ་མི་ཤིས་པའི་གནས་ཚུལ་ཞིག་ཐོས། གྲོང་ཁྱེར་ནང་དུ་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོ་ཁྲིམས་མཐུན་གྱི་འགན་ལེན་ཡོད་པའི་ཐོག་ནས་བཙོན་གྲོལ་ཐོབ་པར་ནར་གཏོང་བྱེད་པའི་དངུལ་སྤྲོད་ལེན་བྱ་རྒྱུ་མཚམས་འཇོག་བྱས་པ་དང་། ཁྲིམས་མཐུན་གྱི་འགན་ལེན་ཡོད་པའི་ཐོག་ནས་གློད་གྲོལ་མི་ཆོག་པ་བྱས་ཚེ་ལས་འགུལ་ཁྲོད་ཞུགས་ཏེ་བཙོན་དུ་ལུས་པའི་མི་མང་པོ་ཞིག་ཁྲིམས་ཁང་དུ་རྒྱུན་རིང་ལྷག་ཉེན་ཆེན་པོ་ཡོད་པ་རེད། ཀིང་གི་ལས་རོགས་ཚོས་ཁོང་བཙོན་ལ་འཛིན་བཟུང་བྱེད་དུ་མ་འཇུག་ཅེས་འབོད་སྐུལ་ཞུས། སྐབས་འདིར་ལས་འགུལ་ལ་མཐུན་འགྱུར་རོགས་རམ་དུ་དངུལ་མང་པོ་ཞིག་དགོས་པ་དང་། དངུལ་དེའི་རོགས་རམ་རག་ཐབས་གཙོ་བོ་ནི་ཀིང་ཁོ་ན་ཐུག་ཡོད་པས། མི་རིགས་ནག་པོའི་འགོ་ཁྲིད་གཅིག་གིས་”གལ་ཏེ་ཁྱེད་རང་བཙོན་དུ་ཚུད་པ་ན། བྷིར་མིན་གྷཱམ་གྲོང་ཁྱེར་དུ་སྤེལ་བའི་ང་ཚོའི་ལས་འགུལ་ཕམ་ཉེས་བྱུང་བ་རེད།”ཅེས་བཤད།

མདུན་ཤོག