ལེའུ་དགུ་པ། ལས་ཀྱི་ཚོམས།
༄༅། །ཆོས་གཅིག་ལས་ནི་རབ་འདས་ཤིང༌། །འཇིག་རྟེན་ཕ་རོལ་བཅོམ་པ་ཡི། །ལུས་ཅན་བརྫུན་དུ་སྨྲ་བ་ཡིས། །སྡིག་པ་མི་བྱ་ཅི་ཡང་མེད། །ལྕགས་སྒོང་མེ་ལྕེ་འབར་འདྲ་བ། །ཟོས་པར་གྱུར་པ་ཆེས་སླ་ཡི། །ཚུལ་འཆལ་ལེགས་པར་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་མི་རུང༌། །ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང༌། །ཁྱོད་ལ་སྡུག་བསྔལ་མི་སྡུག་ན། །མངོན་སུམ་དག་གམ་ལྐོག་ཏུའང་རུང༌། །སྡིག་པ་ཅན་གྱིས་ལས་མི་བྱ། །གལ་ཏེ་སྡིག་པའི་ལས་བྱས་སམ། །བྱེད་ཀྱང་རུང་སྟེ་ཁྱོད་ཀྱིས་ནི། །ཀོག་ཅེས་ལངས་ཏེ་བྲོས་བྱས་ཀྱང༌། །སྡུག་བསྔལ་ལས་ནི་ཐར་མི་འགྱུར། །གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཕ་རོལ་པོ་ལ་བརྟགས་ནས་གང༌། །སྡིག་པ་ཅན་གྱི་ལས་མཐོང་བ། །དེ་དག་བདག་གིས་མི་བྱ་སྟེ། །སྡིག་བྱས་ལས་ནི་རྗེས་སུ་འབྲང༌། །ལས་གང་ཤིན་ཏུ་མི་བཟད་དང༌། །ཟོལ་བྱེད་གཞལ་བླུགས་འཆོས་པ་དང༌། །མི་ལ་འཚེ་བར་བྱེད་པ་དང༌། །གཞན་ལ་བྱེད་དུ་འཇུག་པ་ཡི། །ལས་དེ་མི་ཡི་རྗེས་འབྲང་བས། །དེ་ཡིས་གཡང་སར་ལྟུང་བར་བྱེད། །མི་ཡིས་དགེ་བའམ་སྡིག་པ་ཡི། །ལས་ནི་གང་དང་གང་བྱས་པའི། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །དེ་ལྟ་དེ་ལྟར་འབྲས་བུར་འགྱུར། །དེ་ཡི་ཚོགས་པ་ཇི་སྲིད་པར། །དེ་སྲིད་འདི་ནི་རྡུང་བར་བྱེད། །དེ་ལ་གཞན་དག་རྡུང་བྱེད་དེ། །རྡུང་བྱེད་དེ་ནི་བརྟགས་པར་འགྱུར། །འདི་ནི་བདག་རྗེས་མི་འབྲང་ཞེས། །བྱིས་པས་མ་བརྟགས་བྱས་པ་ཡི། །སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་ཏུ་ནི་ཤེས་པར་འགྱུར། །གལ་ཏེ་བྱིས་པས་མིེ་ཤེས་པར། །སྡིག་པའི་ལས་ནི་བྱས་པ་དག །ནམ་ཞིག་ན་ནི་དེ་ཉིད་ཀྱིས། །རྣམ་སྨིན་ཚ་བ་སོ་སོར་བསྟེན། །རང་གི་ལས་ཀྱིས་དེའི་འོག་ཏུ། །མེ་ཡིས་བསྲེགས་པ་བཞིན་དུ་གདུངས། །བྱིས་པ་ཤེས་རབ་ཆུང་ངུ་དག །བདག་ལ་དགྲ་བཞིན་བྱེད་པ་ཡིས། །གང་ཞིག་འབྲས་བུ་ཆེར་འགྱུར་བའི། །སྡིག་ཅན་ལས་ནི་སྤྱོད་པར་བྱེད། །གང་དག་བྱས་པས་གདུང་འགྱུར་ཞིང༌། །མཆི་མས་གདོང་གཡོག་ངུ་བཞིན་དུ། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་མ་བྱས་ལེགས། །གང་ཞིག་བྱས་ན་མི་གདུང་ཞིང༌། །དགའ་ཞིང་ཡིད་ནི་བདེ་བ་ཡིས། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་བྱས་ན་ལེགས། །བདག་ཉིད་བདེ་བ་འདོད་པའི་ཕྱིར། །དགོད་བཞིན་སྡིག་པའི་ལས་བྱས་པའི། །སྡིག་པའི་ལས་དེའི་རྣམ་སྨིན་དག །ངུ་བཞིན་ཉམས་སུ་མྱོང་བར་འགྱུར། །ངེས་པར་སྡིག་ལས་འཕྲལ་དུ་ནི། །འོ་མ་ལྟ་བུར་འགྱུར་མི་བྱེད། །ཐལ་བས་གཡོགས་པའི་མེ་ལྟ་བུར། །དེས་ནི་བྱིས་པ་སྲེག་པར་བྱེད། །སྡིག་ལས་འཕྲལ་དུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཀྱང༌། །སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་ཏུ་ནི་མངོན་པར་འགྱུར། །གང་དུ་དེ་དག་རྣམ་སྨིན་ནི། །ཚ་བ་སོ་སོར་སྟེན་པ་ཡི། །སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་ཏུ་ནི་ཤེས་པར་འགྱུར། །ལྕགས་ལས་གཡའ་ནི་ལངས་གྱུར་པ། །ལངས་པ་དེས་ནི་དེ་ཉིད་ཟ། །དེ་བཞིན་མ་བརྟགས་བྱས་པ་ཡི། །རང་གི་ལས་ཀྱིས་ངན་འགྲོར་འགྲོ། །ལས་ཀྱི་ཚོམས་ཏེ་དགུ་པའོ།། །།
ལེའུ་བཅུ་པ། དད་པའི་ཚོམས།
དད་དང་ངོ་ཚ་ཚུལ་ཁྲིམས་སྦྱིན་པ་སྟེ། །ཆོས་འདི་རྣམས་ནི་སྐྱེས་བུ་དམ་པས་བསྔགས།། འདི་ཡིས་ལྷ་ཡི་འཇིག་རྟེན་འགྲོ་འགྱུར་ཞིང༌། །ལམ་འདི་ཉིད་ཀྱིས་ལྷ་ཡུལ་འགྲོ་ཞེས་གསུངས།། འཇུངས་རྣམས་ལྷ་ཡི་འཇིག་རྟེན་མི་འགྲོ་ཞིང༌། །དེ་ཡིས་བྱིས་པ་སྦྱིན་པའི་བསྔགས་མི་བརྗོད།། བརྟན་རྣམས་སྦྱིན་ལ་རྗེས་སུ་ཡི་རང་བ། །དེས་ནི་དེ་དག་གཞན་དུ་བདེ་བ་མྱོང༌། །འདི་ན་སྐྱེས་བུའི་ནོར་མཆོག་དད་པ་སྟེ། །འདི་ན་ཆོས་ལ་ལེགས་སྤྱོད་བདེ་བ་འཐོབ། །བདེན་པ་ཁོ་ན་རོ་བྲོ་རྣམས་ཀྱི་ཕུལ། །ཤེས་རབ་ཀྱིས་འཚོ་འཚོ་བའི་མཆོག་ཅེས་གསུངས། །མྱ་ངན་འདས་པ་འགྲོ་བ་ཡི། །དགྲ་བཅོམ་ཆོས་ལ་དད་བསྐྱེད་དེ། །མཁས་པས་གུས་པར་མཉན་ན་ནི། །དེ་དང་དེ་ཡི་ཤེས་རབ་འཐོབ། །བག་ཅན་གྱིས་ནི་རྒྱ་མཚོ་དང༌། །དད་པས་ཆུ་བོ་རྣམས་ལས་སྒྲོལ། །བརྩོན་འགྲུས་ཀྱིས་ནི་སྡུག་བསྔལ་སྤོང༌། །ཤེས་རབ་ཀྱིས་ནི་ཡང་དག་འགྱུར། །དགེ་སློང་དད་པའི་གྲོགས་ལྡན་ཞིང༌། །ཤེས་རབ་ཀྱིས་ནི་གཏམས་པ་དང༌། །མྱ་ངན་འདས་ལ་མངོན་དགའ་བས། །འཆིང་བ་ཐམས་ཅད་གཅོད་པར་འགྱུར། །གང་གིས་དད་དང་ཚུལ་ཁྲིམས་དང༌། །ཤེས་རབ་ཉིད་ནི་ལེགས་བསྒོམས་ཤིང༌། །མཁས་པ་སྐྱོན་རྣམས་སྤོང་བ་དེའི། །ལེགས་པའི་ངང་ཚུལ་ཅན་ཞེས་བརྗོད། །དད་དང་ཚུལ་ཁྲིམས་ཕུན་སུམ་ཚོགས། །གཏོང་ལྡན་འཇུངས་པ་རྣམ་སྤངས་པ། །དེ་ནི་གང་དང་གར་སོང་བ། །དེ་དང་དེར་ནི་མཆོད་པར་འགྱུར། །མཁས་གང་འཚོ་བའི་འཇིག་རྟེན་ན། །དད་དང་ཤེས་རབ་སྟེན་བྱེད་པ། །དེ་དག་དེ་ཡི་ནོར་མཆོག་སྟེ། །དེ་ཡི་ནོར་གཞན་ཕལ་པར་ཟད། །འཕགས་པ་ལྟ་བར་འདོད་པ་དག །དམ་ཆོས་ཉན་པར་དགའ་བ་དང༌། །སེར་སྣའི་དྲི་མ་རྣམ་སྤངས་པ། །དེ་ནི་དད་པ་ཅན་ཞེས་བྱ། །དད་པའི་ལམ་རྒྱགས་བསྐུར་བར་བྱ། །བསོད་ནམས་ཆོམ་པོས་དབྲོག་མི་ནུས། །ཆོམ་རྐུན་འཕྲོག་པར་བྱེད་པ་བཟློག །དགེ་སྦྱོང་རྣམས་ཀྱིས་བླངས་ནས་དགའ། །མཁས་པ་དགེ་སྦྱོང་འོངས་པ་ལ། །མངོན་པར་དགའ་བར་བྱེད་འགྱུར་ཞིང༌། །སྐྱེ་བོ་རྣམས་ནི་ཅི་རིགས་པར། །དད་པ་ཇི་བཞིན་སྦྱིན་བྱེད་ཅིག །གཞན་གྱི་ཟས་དང་སྐོམ་དེ་ལ། །གང་ཞིག་ཡིད་ནི་མི་བདེ་བ། །དེས་ནི་ཉིན་དང་མཚན་རྣམས་སུ། །ཏིང་འཛིན་ཐོབ་པར་མི་འགྱུར་རོ། །གང་གིས་ཏ་ལའི་མགོ་བཅད་ལྟར། །དེ་འདྲ་ཀུན་ཏུ་གཅོད་བྱེད་པ། །དེས་ནི་ཉིན་དང་མཚན་རྣམས་སུ། །ཏིང་ངེ་འཛིན་དག་ཐོབ་པར་འགྱུར། །ཁྲོན་པ་སྐམ་པོ་ཇི་ལྟ་བར། །དད་པ་མེད་པ་བསྟེན་མི་བྱ། །ཇི་སྟེ་དེ་ལ་ཡོངས་བརྐོས་ཀྱང༌། །འདམ་ཆུ་དྲི་ང་འབྱུང་བར་འགྱུར། །ཆུ་མང་རྣམ་པར་དང་བ་དང༌། །བསིལ་བར་གྱུར་ཅིང་རྙོག་མེད་པའི། །མཚོ་ལ་ཆུ་འདོང་ཇི་ལྟ་བར། །ཤེས་རབ་ཅན་གྱིས་དད་ལྡན་བསྟེན། །ཆགས་སམ་མ་ཆགས་ཀྱང་རུང་སྟེ། །དེ་ཡིས་ཐུབ་སྐུ་མི་ངེས་པས།། མ་དད་པ་དག་སྤང་བར་བྱ། །དད་པ་རྣམས་ནི་ཉེ་བར་བསྟེན། །དད་པའི་ཚོམས་ཏེ་བཅུ་པའོ།། སྡོམ་ལ། མི་རྟག་འདོད་དང་སྲེད་པ་དང༌། །བག་ཡོད་དེ་བཞིན་དགའ་བ་དང༌། །ཚུལ་ཁྲིམས་ལེགས་སྤྱོད་ཚིག་དག་དང༌། །ལས་དང་དད་པ་དེ་དག་བཅུ།། །།
མཆན། ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་འདི་ནི། བཀའ་འགྱུར་སྡེ་དགེ་དཔར་མའི་གླེགས་བམ་མདོ་ས་པའི་ནང་བཞུགས་པ་གཞིར་བཟུང་ཐོག །པེ་ཅིང་ནང་བསྟན་སློབ་གླིང་གི་སློབ་དེབ་གངས་ཅན་རིག་བརྒྱའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་དང༌། རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བསྒྲིགས་པའི་༡༩༩༠ལོའི་འཇར་མ་ནིའི་དཔར་མ་གཉིས་བཅས་དཔྱད་བསྡུར་གྱིས་ཚན་བཀོད་ཞུས་ཡོད། རྩོམ་སྒྲིག་པས།