ཆོས་འཕེལ་ལུང་རྟོགས་ཀྱིས་བསྒྱུར།
ཁྱོད་ཚོས་དོ་སྣང་བྱུང་ངམ། ཁྱོད་ཚོའི་གནས་ཡུལ་འདི་ནི་ཧ་ཅང་གིས་མཛེས་སྡུག་ལྡན་པ་ཞིག་འདུག། འདི་འདྲའི་རྨད་དུ་བྱུང་བའི་ཁོར་ཡུག་ཅིག་ངས་ད་བར་དུ་མཐོང་མ་མྱོང། ལྷག་པར་དུ་སྔ་དགོང་གཉིས་སུ་ཁུ་སིམ་མེར་གནས་ཤིང་ཅི་འདྲའི་ཞི་བདེ་དང་ལྷིང་འཇགས་ཤིག་རེད་ཨང། འདི་ནི་འཛམ་གླིང་ཐོག་གི་གནའ་བོའི་རི་ཁུལ་གཅིག་པུ་དེ་ཡིན་གྱི་རེད། ཡུལ་ལུང་གཞན་གང་དུ་ཕྱིན་ཀྱང་མི་རྣམས་ཀྱིས་གཏོར་བཅོམ་བཏང་ཟིན་པ་ཤ་སྟག་ལས་མི་འདུག། ལྷག་པར་གྲོང་ཁྱེར་ཆེ་ཁག་དང་གྲོང་རྡལ་ནང་དུ་སླེབས་ཚེ། བཟོ་གྲྭ་དང་རླངས་འཁོར་གྱིས་ཁ་དབུགས་འབག་བཙོག་གཏོང་བའམ། ཡང་ན། མི་རྣམས་ཀྱིས་ཤིང་ནགས་གཅོད་འབྲེག་སོགས་བྱས་ནས་རང་བྱུང་གི་ཁོར་ཡུག་ཕལ་ཆེ་བ་གཏོར་བཅོམ་བྱས་ཟིན། དེེར་མ་ཟད། མི་རྣམས་ཀྱིས་བདག་མེད་སྲོག་ཆགས་དང་རྩི་ཤིང་ལ་སོགས་པའི་རང་བྱུང་གི་ཁོར་ཡུག་ཡོད་ཚད་ལ་གཏོར་བཅོམ་བྱེད་བཞིན་ཡོད། འདི་ནི་ཚད་ལས་བརྒལ་བའི་མི་འབོར་འཕེལ་རྒྱས་ཕྱིན་པས་ཡིན། མི་འབོར་ཇི་ཙམ་མང་དུ་ཕྱིན་པ་དེ་ཙམ་གྱིས་གནས་སྡོད་བྱེད་སའི་དཀའ་ངལ་མང་བ་ཡོད། དེར་བརྟེན། མི་རྣམས་ཀྱིས་གཏོར་བཅོམ་བྱེད་པའི་བྱ་སྤྱོད་ལ་བཀག་འགོག་དང། ཚོད་འཛིན་བྱེད་ཐུབ་ཐབས་མེད། ཡིན་ནའང། རི་ཁུལ་འདིར་རང་བྱུང་གི་བཀོད་པ་སྔར་བས་ཉམས་དགའ་ཞིང་ཡིད་དུ་འོང་ལ། ཞི་འཇམ་དང། ལྷིང་འཇགས་ཀྱིས་འཁྱུད་པའི་མཛེས་སྡུག་ཅིག་འདི་ལྟར་འཚོ་ཞིང་འགུལ་བ་ནི་ངོ་མཚར་སྐྱེ་དགོས་པ་ཞིག་ཡིན། ང་རང་འདི་གར་ག་དུས་སླེབས་ཀྱང་ཡ་མཚན་གྱི་ཚོར་སྣང་གསར་པ་ཞིག་ཡོང་གི་འདུག། ཕལ་ཆེར་ཁྱོད་ཚོ་འདི་གར་གོམས་ལོབས་སུ་ཕྱིན་པས་དེ་ཙམ་གྱིས་དོ་སྣང་ཡོད་ཀྱི་མ་རེད། ལྷག་པར་དུ་ཁྱོད་ཚོས་གཡས་གཡོན་གྱི་རི་ཆུང་ཚོར་ལྟ་ཞིབ་བྱེད་ཀྱི་མེད་ལ། བྱ་བྱེའུ་ཚོའི་སྐད་ངག་དང། ལོ་མའི་བར་གསེང་དུ་གཡོ་བཞིན་པའི་རླུང་བུའི་སྐད་སྒྲ་ལ་དེ་བས་ཉན་གྱི་མེད། དེར་བརྟེན། ཁྱོད་ཚོར་རིམ་པས་སྣང་མེད་དུ་གྱུར་ཡོད།
ཤེས་ཡོན་ཞེས་པ་ནི་དོན་ཕྱོགས་རེ་བ་ཁག་ཅིག་བློ་འཛིན་ཐན་ཐུན་རེ་བྱེད་པའམ། ཡང་ན། སློབ་དེབ་ནང་གི་དོན་གནད་འགའ་ངེས་ཐུབ་པ་ཙམ་ཞིག་ལ་གོ་ན་འགྲིག་ཐབས་མེད། དེ་བཞིན། ཡིག་རྒྱུགས་འཕྲོད་པ་ཙམ་ཞིག་དང། ལས་ཀ་རེག་ནས་ཁྱིམ་ཐབ་བཟུང་སྟེ། མི་ཚེའི་གཞི་ཆགས་ཐུབ་པ་ཙམ་གྱིས་ཤེས་ཡོན་གྱི་གོ་དོན་ཚང་མེད། ཤེས་ཡོན་ཞེས་པ་ནི་ཇི་ལྟར་ལྟ་བ་དང། ཇི་ལྟར་ཉན་པ་ཤེས་དགོས་པ་མ་ཟད། གང་ལ་བལྟ་བ་དང། གང་ལ་ཉན་པ་དེ་དག་ལ་ལེགས་ཉེས་བླང་དོར་ཇི་ལྟར་བྱེད་ཚུལ་ཤེས་པ་ཞིག་ལ་བརྗོད་ཆོག། དེས་ན། ང་ཚོས་རི་ཚོགས་ཀྱི་བཀོད་པར་བལྟ་ཐུབ་དགོས་ལ། ནམ་མཁའ་དང་ས་གཞི། རྩི་ཤིང་དང་སྲོག་ཆགས་ལ་སོགས་པའི་རང་བྱུང་གི་མཛེས་སྡུག་དེ་དག་མཐོང་ཐུབ་པ་དགོས། དེར་མ་ཟད། བྱ་བྱེའུ་ཡི་གྲེ་འགྱུར་དང་འབབ་ཆུའི་བཞུར་དབྱངས་བཅས་ལ་ཉན་ནས་དེ་དག་གི་ངོ་མཚར་ཁྲོད་དུ་རང་ཉིད་ཀྱི་ཚོར་སྣང་སིམ་ཐུབ་པ་དགོས། སེམས་ཕམ་དགོས་པ་ཞིག་ལ། ང་ཚོ་ལོ་ན་ཇི་ཙམ་རྒན་དུ་ཕྱིན་པ་དེ་ཙམ་གྱིས་ང་ཚོའི་རྣ་ཤེས་དང་མིག་ཤེས་འདི་དག་ཇེ་ཞན་ནས་ཇེ་ཞན་དུ་ཕྱིན་ཏེ། མཐར་རབ་རིབ་ཙམ་མམ། ཡང་ན། ཡོངས་སུ་མེད་པར་འགྱུར་འགྲོ་བ་ཡིན། དེ་ནི་ང་ཚོའི་སེམས་ཁམས་སུ་རེ་དོགས་དང་སེམས་ཁྲལ་གྱི་ཁུར་པོ་ཇེ་ལྕི་ནས་ཇེ་ལྕི་རུ་ཕྱིན་པས་ཡིན། ང་ཚོས་དངུལ་མང་པོ་གསོག་པའི་ཕྱིར་དངངས་སྐྲག་དང་སེམས་ཁྲལ་བྱེད་དགོས་ཀྱི་ཡོད་ལ། རླངས་འཁོར་ཡག་པོ་ཞིག་དང་རྫིག་པོ་ཞིག་ཉོ་བའི་ཕྱིར་འབད་རྩོལ་ཡང་བྱེད་དགོས་ཀྱི་ཡོད། དེའི་དབང་གིས་ང་ཚོས་གཞན་ལ་ཕྲག་དོག་དང་མཐོ་གནོན་བྱེད་དགོས་ཀྱི་ཡོད་ལ། ཞེ་སྡང་དང་འཁོན་འཛིན་ཡང་བྱེད་དགོས་ཀྱི་ཡོད། དེ་དག་ལ་ལྟོས་ནས་ང་ཚོས་རང་བྱུང་གི་མཛེས་སྡུག་ལ་འཛིན་པའི་དྭངས་གཙང་གི་ཚོར་སྣང་དེ་མག་མོག་ཙམ་ཞིག་ལས་མེད་པར་གྱུར་བ་ཡིན།
ཁྱོད་ཚོས་དེང་སྐབས་འཛམ་གླིང་ནང་དོན་རྐྱེན་གང་དང་གང་འབྱུང་བཞིན་པ་ཤེས་ཀྱི་ཡོད་ངེས་རེད། དམག་འཁྲུག་དང་ངོ་རྒོལ། འཐབ་འཛིང་དང་གཏོར་བཅོམ་སོགས་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད། དེ་བཞིན་རྒྱལ་ཁབ་འདིའི་ནང་ལ་ཆ་མཚོན་ནའང། དབྱེ་འབྱེད་དང་ཁ་བྲལ། ཉམ་ཐག་དང་དབུལ་ཕོངས། བཙན་ཤེད་དང་གསོད་རྡུང་སོགས་ཟམ་མི་ཆད་པའི་དཀའ་ངལ་གྲངས་ལས་འདས་པ་བྱུང་དང་འབྱུང་མུས་ཡིན། འོན་ཀྱང། མི་རྣམས་ཀྱིས་རང་ཉིད་གཅིག་པུ་མ་གཏོགས་མགོན་དང་བྲལ་བའི་ཉམ་ཐག་དེ་དག་ལ་དོ་འཁུར་ཕྲན་བུ་ཙམ་ཡང་བྱེད་བཞིན་མེད། དེ་བཞིན་ཁྱོད་ཚོ་ཡང་འདི་གར་བག་ཆགས་དང་འགྲོ་ལུགས་འདི་འདྲ་ཞིག་ལ་བསྟུན་གཤིབ་བྱེད་ཕྱིར་ཤེས་ཡོན་སྦྱོང་བཞིན་ཡོད་པ་མ་ཡིན་ནམ། གོ་ལ་ཧྲིལ་པོ་འདི་སྨྱོ་མཆོངས་བྱེད་བཞིན་པའི་ཚོར་སྣང་ཞིག་ཁྱོད་ཚོར་མི་འདུག་གམ། ཕན་ཚུན་འཐབ་རྩོད་དང་གསོད་བཅོམ་བྱེད་སྟངས་འདི་ཚོ་ཚང་མ་སྨྱོན་པའི་བྱེད་ཚུལ་ཞིག་མ་ཡིན་ནམ། ཡིན་ནའང། ཁྱོད་ཚོ་ཚང་མ་བྱེད་སྟངས་བྱེད་ལུགས་འདི་ཚོ་ལ་བསྟུན་གཤིབ་དང་གོམས་འདྲིས་བྱེད་ཐུབ་པ་ཞིག་ཏུ་འགྱུར་ངེས་རེད། དེ་འདྲ་ཞིག་མ་རེད་དམ། བྱེད་སྟངས་བྱེད་ལུགས་སྨྱོན་པ་ཞིག་ལ་བསྟུན་ནས་གོམས་འདྲིས་ཆགས་ཐུབ་པ་ཞིག་ཏུ་འགྱུར་རྒྱུ་ནི་ཁྱོད་ཚོས་སྦྱོང་བཞིན་པའི་ཤེས་ཡོན་གྱི་དམིགས་སྒོ་དེ་མ་ཡིན་ནམ།
ད་ལྟ་ཁྱོད་ཚོ་ཚང་མ་བསམ་མེད་ལོ་ཆུང་དང། སོས་པ་ཤ་སྟག་ཡིན་རྐྱེན། སའི་གོ་ལའི་རང་བྱུང་ཁོར་ཡུག་གི་མཛེས་སྡུག་ལ་ལོངས་སུ་སྤྱོད་ཐུབ་པ་བྱས་ནས། བྱམས་བརྩེ་ལྡན་པའི་གཤིས་རྒྱུད་ཅིག་བསྐྱེད་ཐུབ་པ་དགོས། གལ་སྲིད་ད་ལྟའི་དུས་སྐབས་ལ་བྱེད་མ་ཐུབ་པར་འཐུས་ཤོར་ཕྱིན་ཚེ། ཁྱོད་ཚོས་ནམ་ཡང་འགྲུབ་མི་ཐུབ། གང་ལགས་ཤེ་ན། ཁྱོད་ཉིད་ལོ་ན་ཇི་ཙམ་རྒན་དུ་ཕྱིན་པ་དེ་ཙམ་གྱིས་བསྟུན་མཁས་ཆེ་རུ་འགྲོ་ངེས་ཡིན། དེའི་རྒྱུ་མཚན་གང་ཡིན་ཞེ་ན། བསྟུན་མཁས་བྱེད་པ་ནི་འགོག་རྒོལ་བྱེད་པ་ལས་ཧ་ཅང་གིས་སླ་བ་ཡོད། ཁྱོད་ཚོ་ཁག་གཅིག་གིས་ལོ་ན་རྒས་དུས་འགོག་རྒོལ་བྱེད་ཐབས་སྤྱད་ངེས་ཀྱང། དེས་དཀའ་ངལ་བྱེ་བྲག་པ་དེའི་གདོང་ལེན་གནད་ལ་སྨིན་པ་ཞིག་རྩ་བ་ནས་བྱ་མི་ཐུབ། ཡང་ཁྱོད་ཚོ་ཁག་ཅིག་གིས་སྤྱི་ཚོགས་ཀྱི་འཆིང་རྒྱ་འདི་ནས་འབྲོ་ཐབས་བྱ་ངེས་ཡིན། འོན་ཀྱང། དེས་ཕན་ཅི་ལ་ཐོགས་ཏེ་ནམ་ཡང་ཕན་ཐོགས་འབྱུང་མི་སྲིད། འོ་ན་ཅི་ཞིག་བྱེད་དགོས་སམ་ཞེ་ན། སྤྱི་ཚོགས་ཀྱི་འཆིང་རྒྱ་དེ་གཏོར་དགོས། འདིར་སྤྱི་ཚོགས་ཀྱི་འཆིང་རྒྱ་གཏོར་དགོས་ཞེས་པ་ནི། མི་གསོད་ཁྲག་སྦྱོར་དང་རྒྱུ་ནོར་གཏོར་བཅོམ་བྱེད་དགོས་ཞེས་པའི་དོན་མིན། འདིར་འཆིང་རྒྱ་ཞེས་པ་ནི་ཡང་དག་མ་ཡིན་པའི་བྱེད་སྟངས་བྱེད་ལུགས་ལས་ལྡོག་སྟེ་ཁ་ཕྱོགས་གསར་པ་ཞིག་གི་ལམ་ཁ་ཞིག་བཏོད་དགོས་ཞེས་པའི་དོན་ཡིན། ངེད་ཚོ་འཚོ་སྡོད་བྱེད་སའི་སྤྱི་ཚོགས་འདི་ནི་ཁྱོད་དང་ངས་བསྐྲུན་པ་ཞིག་ཡིན་རྐྱེན། ཁྱོད་དང་ངས་སྤྱི་ཚོགས་ཀྱི་སྲོལ་རྙིང་དེར་འགྱུར་བ་ལོས་གཏོང་ཐུབ། འདི་ནི་འཇིགས་སུ་རུང་བའི་སྤྱི་ཚོགས་ཤིག་གི་སྲོལ་རྙིང་ལ་བསྟུན་གོམས་བྱེད་མི་དགོས་པའི་སླད་དུ་ཡིན་ལ། ཟད་དུ་མེད་པའི་དཀའ་ངལ་དེ་དག་གི་རྒྱུན་གཅོད་པའི་ཆེད་དུ་ཡང་ཡིན།
ཁྱོད་ཚོ་འདི་ལྟའི་ཕུལ་དུ་བྱུང་བའི་རི་ཁུལ་ཞིག་ཏུ་བསྡད་ནས། རང་ཉིད་ཀྱིས་རང་ཉིད་འཛམ་གླིང་གི་ཡ་མ་བརླའི་རེ་དོགས་དང་དམག་འཐབ། ཞེ་འཁོན་དང་རྙོག་ཟིང་གི་ཁྲོད་དུ་བསྐྱུར་རྒྱུ་ཡིན་ནམ། དེ་བཞིན། ཡང་དག་མ་ཡིན་པའི་སྲོལ་རྙིང་དེ་དང་དུ་བླངས་ནས་བསྟུན་ཐབས་དང་གོམས་འདྲིས་ཡོང་བ་བྱེད་རྒྱུ་ཡིན་ནམ། ཁྱོད་ཚོས་དངུལ་དང་གོ་ས། དབང་དང་གྲགས་པ་ལ་སོགས་པའི་རིན་ཐང་གང་ཞིག་ཡིན་པ་ཤེས་ཀྱི་ཡོད་ངེས་རེད། འདི་དག་ནི་མི་ཚང་མས་འདོད་པའི་རིན་ཐང་དེ་ཡིན་ལ། རིན་ཐང་འདིའི་ལྕགས་སྒྲོག་གིས་མི་རྣམས་ཀྱི་སེམས་པའི་སྒོ་ཀུན་ནས་བཅིངས་པ་མ་ཟད། ཟད་དུ་མེད་པའི་འགལ་ཟླ་དང་དངངས་འཚབ་ཀྱི་འཆིང་རྒྱ་ལས་ཐར་དུ་བཅུག་མེད། གལ་ཏེ་ཁྱོད་ཀྱིས་སློབ་དེབ་རྐྱང་པའི་གནད་དོན་ལ་སྦྱོང་བརྡར་བྱས་པ་ཙམ་མ་ཡིན་པར། ཁྱོད་དང་ཁྱོད་ཀྱི་མཐའ་འཁོར་དུ་གང་དང་གང་འབྱུང་བཞིན་པ་དེ་དག་ཚང་མ་ལ་ནན་བལྟ་དང། གཟབ་ཉན་གྱི་སྦྱོང་བརྡར་གསར་པ་ཞིག་གམ། ཡང་ན། རྣམ་འབྱེད་གསར་པ་ཞིག ཡང་ན། བསམ་བློ་གསར་པ་ཞིག་གི་འགོ་བརྩམས་ཚེ། ཀུན་ལ་བྱམས་བརྩེ་དང་དོ་འཁུར་ལྡན་པའི་ཐུན་མིན་གྱི་སྐྱེ་བོ་ཞིག་ཏུ་འཚར་ལོངས་ཡོང་ཐུབ་ངེས། མ་མཐར་ཡང་ཁྱོད་ཀྱིས་དོན་མཐུན་ཆོས་པ་ཞིག་གི་མི་ཚེའི་བྲོ་བ་རྙེད་ཐུབ་ངེས།
གཡའ་དག་པའི་ནམ་མཁའ་དང་སྐར་ཚོམ། མཛེས་སྡུག་གི་ས་གཞི་དང་བརྗིད་ཆགས་ཀྱི་རི་བོ། འོད་ཟེར་དང་ཚོན་མདོག་གི་བཀྲག་མདངས་འབར་བའི་མེ་ཏོག་དང་རྩི་ཤིང། ལྷུན་ཆགས་ཀྱི་རི་རྩེ་ནས་འཆར་ནུབ་བྱེད་པའི་གསེར་མདོག་གི་ཉི་མ་དང། དཀར་གསལ་གྱི་ཟླ་བ། ད་དུང་ཤང་ཤང་དུ་རྒྱུག་བཞིན་པའི་ཆུ་རྒྱུན་དང་ཟིམ་ཟིམ་དུ་འབབ་བཞིན་པའི་སྦྲང་ཆར། འདི་དག་ཚང་མར་ལེགས་པར་ལྟོས་དང། ད་དུང། འབབ་ཆུའི་བཞུར་དབྱངས་དང་འདབ་ཆགས་ཀྱི་གྲེ་འགྱུར། ལྷག་རླུང་གི་འུར་སྒྲ་དང་དྲག་ཆར་གྱི་ཤག་སྒྲ་འདི་དག་ལའང་ལེགས་པར་ཉོན་དང། ཁྱོད་ཀྱི་སེམས་ཁོང་དུ་ཞི་བདེ་དང་ལྷིང་འཇགས་ཀྱི་ཚོར་བ་ཡིད་དུ་འོང་བ་ཞིག་ངང་གིས་སྐྱེ་ངེས་ཡིན། དེ་བཞིན་ད་ལྟའི་སྤྱི་ཚོགས་ཀྱི་རང་བཞིན་ཏེ། གདུག་རྩུབ་དང་དྲག་སྤྱོད། གནོད་ཇུས་དང་ལྐོག་ཟ་སོགས་སྙིང་ལ་ཧ་ཅང་གཟན་པའི་གནས་ཚུལ་འདི་དག་ལ་གཅིག་ལྟོས་དང། ཁྱོད་ལ་ཚོར་སྣང་ཅི་ཞིག་འདུག་གམ། ཁྱོད་ཉིད་ཀྱིས་ཅི་ཞིག་བྱེད་རྒྱུའི་འདུན་པ་སྐྱེ་བཞིན་འདུག་གམ།
དམིགས་པ་གཏད་པ་ཞེས་པ་གང་ཞིག་ལ་བརྗོད་པ་ཁྱོད་ཚོས་ཤེས་ཀྱིས་ཡོད་དམ། ཁྱོད་ཀྱིས་དམིགས་པ་གཏད་ཚེ། ཁྱོད་ཀྱིས་དངོས་པོའི་རང་བཞིན་ཇི་མ་ཇི་བཞིན་དེ་མཐོང་ཐུབ་ལ། ཁྱོད་ཀྱིས་བྱ་བྱེའུ་ཡི་གྲེ་འགྱུར་གསལ་པོར་ཐོས་ཐུབ། དེ་བཞིན་ཁྱོད་ཀྱིས་ཤིང་སྡོང་ཞིག་ལ་དམིགས་པ་ལྷུག་པར་གཏད་ནས། ཤིང་སྡོང་དེར་ཞིབ་ལྟ་བྱས་ཚེ། ཁྱོད་ཀྱིས་ཤིང་སྡོང་དེའི་མཛེས་སྡུག་ཡོངས་སུ་རྫོགས་པ་གསལ་པོར་མཐོང་ཐུབ་པ་མ་ཟད། ཁྱོད་ཀྱིས་ཡལ་ག་དང་ལོ་མའི་བར་གསེང་ན་རྩེད་འཇོར་རོལ་བཞིན་པའི་རླུང་བུའི་བྱེད་རྩོལ་ཡང་མཐོང་ཐུབ། དེས་ན། གལ་ཏེ་ཁྱོད་ཀྱིས་དམིགས་པ་གཏད་ཚེ། བྱ་དངོས་མཐའ་དག་གི་རྨད་དུ་བྱུང་བའི་མཛེས་སྡུག་ཐུན་མོང་མ་ཡིན་པ་དེ་དག་མཐོང་ཐུབ་ངེས། ཁྱོད་ཀྱིས་འདི་ལྟར་དམིགས་པ་གཏད་མྱོང་ངམ། དམིགས་པ་གཏད་པ་ནི་དམིགས་པ་སྒྲིམ་པ་ལས་ཡོངས་སུ་ཐ་དད་པ་ཞིག་ཡིན། ཁྱོད་ཀྱིས་དམིགས་པ་སྒྲིམ་ཚེ། ཁྱོད་ཀྱིས་གང་ཡང་མཐོང་མི་ཐུབ། འོན་ཀྱང། ཁྱོད་ཀྱིས་དམིགས་པ་གཏད་ཚེ། རང་ག་བ་མ་ཡིན་པའི་མཛེས་སྡུག་ཅིག་ཁྱོད་ཀྱིས་མཐོང་ཐུབ། ད་ལྟ་ཁྱོད་ཀྱིས་དམིགས་པ་གཏད་ནས། ཤིང་སྡོང་དེ་ཚོའི་བཟོ་དབྱིབས་དང་གྲིབ་མ། ལོ་མའི་བར་གསེང་ནས་འཕྲོས་ཏེ་སྡོང་པོ་དང། ཡལ་གའི་སྟེང་ཕོག་པའི་ཉི་འོད། ད་དུང། ལོ་མའི་བར་གསེང་དུ་རྒྱུ་བཞིན་པའི་བསེར་བུ། དེ་བཞིན་ཤིང་སྡོང་ཕན་ཚུན་དབར་གྱི་ཆེ་ཆུང་དང་བཟོ་ལྟ་དེ་དག་ལ་ཞིབ་ལྟ་ཞིག་གྱིས་དང། ངས་ཇི་ལྟར་བརྗོད་པ་དེ་བཞིན་ཁྱོད་ཚོས་གྱིས་དང། ངས་ཁྱོད་ཚོར་དམིགས་པ་གཏད་དགོས་པའི་གནད་དོན་ཞིག་ལ་འགྲེལ་བརྗོད་བྱེད་བཞིན་ཡོད། དམིགས་པ་གཏད་རྒྱུ་ནི་འཛིན་ཁང་ནང་གཅིག་པུ་མ་ཡིན་པར། རང་ཉིད་སོ་སོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱ་བཞག་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན།
ངས་ཁྱོད་ཚོར་གནད་དོན་ཞིག་འདྲི། ཁྱོད་ཚོས་ཅིའི་ཕྱིར་ཤེས་ཡོན་སྦྱོང་བཞིན་ཡོད་དམ། ངའི་དྲི་བ་འདི་ཧ་གོ་སོང་ངམ། ཁྱོད་ཚོའི་ཕ་མས་ཁྱོད་ཚོ་སློབ་གྲྭར་བཏང་ཡོད། ཁྱོད་ཚོ་འཛིན་གྲྭར་ཕྱིན་ནས་ཨང་རྩིས་དང་ས་ཁམས། ལོ་རྒྱུས་དང་ཚན་རིག་སོགས་སྦྱོང་བཞིན་ཡོད། དེའི་རྒྱུ་མཚན་གང་ཡིན་ནམ། ཁྱོད་ཚོས་ཤེས་ཡོན་སྦྱོང་དགོས་པའི་རྒྱུ་མཚན་གང་ཡིན་པ་ཤེས་ཀྱི་ཡོད་དམ། ཡིག་ཚད་ལོན་ནས་ཤེས་ཚད་ལག་འཁྱེར་ཞིག་དགོས་པའི་གནད་དོན་གང་ཡིན་ནམ། དེ་ལྟར་བྱེད་དགོས་པ་ནི་ལས་ཀ་ཞིག་རེག་ནས་ཁྱིམ་ཐབ་འཛིན་ཐུབ་པའི་ཆེད་དུ་ཡིན་ནམ། བྱེད་སྟངས་འདི་ནི་ད་བར་ལ་མི་ས་ཡ་མང་པོས་བྱས་ཟིན་པ་ཞིག་ཡིན་ལ། ད་དུང་ཡང་མི་ས་ཡ་མང་པོས་དེ་ལྟར་བྱེད་བཞིན་ཡོད། ཁྱོད་ཚོས་ཀྱང་འདི་ལྟར་བྱེད་འདོད་པ་ཡིན་ནམ། ཁྱོད་ཚོས་ཤེས་ཡོན་ཞེས་པའི་གོ་དོན་ལ་འདི་འདྲ་ཞིག་འགྲེལ་བརྗོད་བྱེད་ཀྱི་ཡོད་དམ། ངས་གནད་དོན་གང་ཞིག་གི་སྐོར་ལ་གླེང་བཞིན་པ་ཁྱོད་ཚོས་ཤེས་ཀྱི་འདུག་གམ། འདི་ཚོ་ནི་ཧ་ཅང་གིས་གནད་འགགས་ཆེ་བའི་དྲི་བ་ཤ་སྟག་ཡིན། འཛམ་གླིང་ཁྱོན་ཡོངས་ལ་ཤེས་ཡོན་གྱི་གཞི་རྩ་གང་ཞིག་ཡིན་པ་འཚོལ་བཞིན་ཡོད། འོན་ཀྱང། ད་བར་དུ་ཤེས་ཡོན་ཞེས་པ་དེ་བེད་སྤྱོད་གང་འདྲ་ཞིག་ལ་བྱས་ཡོད་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། ཨུ་རུ་སུ་ཡིན་ནའང་འདྲ། རྒྱ་ནག་ཡིན་ནའང་འདྲ། ཨ་རི་དང་ཡུ་རོབ་ཡིན་ནའང་འདྲ། གང་ལྟར་འཛམ་གླིང་ཁྱོན་དུ་གནས་པའི་མི་ཚང་མར་བསྟུན་མཁས་བྱེད་ཐབས་ཙམ་གྱི་སློབ་སྦྱོང་ཞིག་སྤྲོད་བཞིན་ཡོད། རིག་གཞུང་དང་སྤྱི་ཚོགས། དེ་བཞིན་དཔལ་འབྱོར་གྱི་བྱེད་སྒོ་བཅས་ལོ་ངོ་སྟོང་ཕྲག་མང་པོར་ཆུ་ཀླུང་བཞིན་འབབ་པའི་བྱེད་སྲོལ་གྱི་ཀློང་ཆེན་པོར་བསྟུན་མཁས་དང་གོམས་འདྲིས་བྱེད་ཐུབ་པ་ཙམ་གྱི་སློབ་སྦྱོང་ཞིག་སྤྲོད་བཞིན་ཡོད། འདི་འདྲ་ཞིག་ལ་ཤེས་ཡོན་བརྗོད་པ་ཡིན་ནམ།
ཡང་ན། ཤེས་ཡོན་གྱི་བྱེད་ཐབས་འདི་ལས་ཡོངས་སུ་ཐ་དད་པ་ཞིག་ཡོད་དམ། ལྕགས་སྒྲོག་གིས་བཅིངས་པའི་སྲོལ་རྙིང་གི་ཀློང་ཆེན་པོར་མི་རྣམས་འཕུད་རྒྱག་བྱས་ཚེ། མི་རྣམས་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་ནུས་པ་ཉམས་དམས་སུ་གཏོང་བ་འདི་མཐོང་ཐུབ་པའི་ཤེས་ཡོན་ཞིག་ཡོད་དམ། ཡང་ན། མི་རྣམས་ཀྱི་སེམས་ཀྱི་རང་བཞིན་དེ་ནི་སྲོལ་རྙིང་གི་ཆུ་ཀླུང་ཆེན་པོའི་ཀློང་དུ་གཞོམ་དུ་མི་བཅུག་པར། འདི་ལྟའི་འཆིང་རྒྱ་ལས་དགྲོལ་ནས། ཁྱད་ཆོས་དང་ནུས་མཐུ་ཡོད་དགུ་སྔར་ལས་ཡོངས་སུ་ཐ་དད་པའི་ཐུན་མིན་གྱི་སྐྱེ་བོ་ཞིག་ཏུ་སྐྱེད་སྲིང་བྱེད་ཐུབ་པའི་ཤེས་ཡོན་ཞིག་ཡོད་དམ། ཁྱོད་ཀྱིས་ཁ་ཕྱོགས་འདི་འདྲ་ཞིག་ལ་བགྲོད་ཐུབ་པའི་ཤེས་ཡོན་ཞིག་སྦྱོང་འདོད་དམ། ཡང་ན། ཁྱོད་ཀྱིས་ཕ་མ་དང་སྤྱི་ཚོགས་ལ་མགོ་བཏགས་ནས་དེ་དག་གི་དབང་སྒྱུར་འོག་སྲོལ་རྙིང་གི་ཆུ་ཀླུང་ཆེན་པོ་དེའི་བཞུར་ཡུར་ཞིག་ཏུ་འགྱུར་རྒྱུ་ཡིན་ནམ། དོན་དངོས་ཀྱི་ཤེས་ཡོན་ཞེས་པ་ནི། ཨང་རྩིས་སམ། ཡང་ན། ས་ཁམས་ལ་སོགས་པ་ཤེས་བྱ་བྱེ་བྲག་པ་ཞིག་ལ་ཕུལ་དུ་བྱུང་བའི་མཁས་པ་ཙམ་མ་ཡིན་པར། དུས་དང་གནས་སྐབས་ཅི་འདྲ་ཞིག་ལ་སླེབས་ཀྱང་རང་ཉིད་སྤྱི་ཚོགས་ཀྱི་ཆུ་ཀློང་ཆེན་པོ་དེའི་གཞན་དབང་དུ་མི་འགྱུར་བར་བྱེད་རྒྱུ་དེ་ཡིན། རྒྱུ་མཚན་གང་ལགས་ཤེ་ན། འདིར་སྤྱི་ཚོགས་ཀྱི་ཆུ་ཀླུང་ཆེན་པོ་ཞེས་པ་ནི་ལྐོག་ཟ་དང་གདུག་རྩུབ། ཚུལ་མིན་དང་ཧམ་སེམས་བཅས་ཀྱིས་འཚང་བའི་འཇིགས་རུང་གི་གནས་ཤིག་ཡིན། འདི་ནི་ང་ཚོས་འབོད་པའི་ང་ཚོའི་རིག་གཞུང་དེ་ཡིན། ད་འོ་ན། ང་ཚོས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་སླུ་ཐབས་ཡོད་དོ་ཅོག་གི་ཁ་གཏད་དུ་འགྲེང་ཐུབ་པའི་ནུས་ལྡན་གྱི་ཤེས་ཡོན་ཞིག་ཇི་ལྟར་སློབ་དགོས་པ་ཡིན་ནམ། བཟོ་ལས་ཐོན་སྐྱེད་དང་ཉེར་སྤྱོད་རིང་ལུགས་གཞི་རུ་མི་འཛིན་པའི་རིག་གཞུང་གསར་པ་ཞིག་སྟེ། ད་ལྟ་རྒྱ་ཁྱབ་ཏུ་གནས་བཞིན་པ་འདི་ལས་ཡོངས་སུ་ཐ་དད་པའི་རིག་གཞུང་ཞིག་གི་སྲོལ་གཏོད་དགོས་པའི་ལོ་རྒྱུས་ཀྱི་དུས་མཚམས་ཤིག་ལ་སླེབས་ཡོད། དེས་ན། ཇི་ལྟར་བྱས་ན་ང་ཚོས་ཕྲག་དོག་དང་ཧམ་སེམས་མེད་པའི་བསམ་བློ་གསར་པ་ཞིག་གསོ་སྐྱོང་བྱེད་ཐུབ་བམ། ཆོས་ལུགས་ཀུན་གྱིས་མགྲིན་གཅིག་ཏུ་བརྗོད་པ་བཞིན། ཉིན་རེའི་འཚོ་བའི་ཁྲོད་ཀྱི་བདེན་པ་དངོས་དེ་མཐོང་ཐུབ་པའི་བསམ་བློ་སྐྱེན་པོ་དང་ངར་ཤུགས་ལྡན་པ་གང་འདོད་རྔམ་དང་རེ་དོགས་མེད་པ་ཞིག་ཏུ་ཇི་ལྟར་གསོ་སྐྱོང་བྱེད་ཐུབ་བམ།
ད་ལྟ་ང་ཚོས་ཤེས་ཡོན་གྱི་དམིགས་ཡུལ་དང་དགོས་དོན་ངོ་མ་དེ་འཚོལ་ཐུབ་པ་བྱེད་རྒྱུ་ཡིན། ཁྱོད་ཉིད་གནས་ཡུལ་གྱི་སྤྱི་ཚོགས་དང་རིག་གཞུང་ཞེས་པས་སྒོ་ཀུན་ནས་བཅིངས་པའི་ཁྱོད་ཀྱི་བསམ་བློ་དེའི་འཆིང་བ་དགྲོལ་ཐུབ་པའི་ཤེས་ཡོན་ཞིག་ཡོད་དམ། ད་བར་དུ་རྒྱུན་འཇགས་སུ་ཡོད་པའི་ཤེས་ཡོན་སྤྲོད་ཕྱོགས་དེ་ལས་ལྡོག་པའི་ཤེས་ཡོན་སྤྲོད་ཐབས་ཤིག་ཡོད་དམ། ཤེས་ཡོན་ཞེས་པའི་ཚིག་ཁོ་ནར་བསམ་ཚེ། ཤེས་ཡོན་ཞེས་པ་ནི་དགེ་རྒན་གྱིས་སློབ་མ་ཚོར་རྩིས་རིག་དང་ས་ཁམས་ལ་སོགས་པའི་སློབ་ཚན་བྱེ་བྲག་པ་ཁག་ཅིག་གི་གནས་ཚུལ་ངོ་སྤྲོད་བྱེད་རྒྱུ་ཁོ་ན་མ་ཡིན་པ་གསལ་པོར་རྟོགས་ཐུབ། དེས་ན། ཤེས་ཡོན་ཞེས་པའི་སློབ་ཚན་འདིའི་སློབ་འཁྲིད་ཀྱིས་སློབ་མ་སྒེར་སོ་སོའི་སེམས་ཁམས་ཀྱི་ངོ་བོར་འཕོ་འགྱུར་གཏོང་ཐུབ་པ་ཞིག་ངེས་པར་དུ་དགོས། དེ་ནི། ཁྱོད་ཉིད་ངེས་པར་དུ་ཁྱད་དུ་འཕགས་པའི་རྣམ་དཔྱོད་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན། དེ་ལ་བརྟེན་ནས། ཁྱོད་ཀྱིས་གསལ་པོར་མ་མཐོང་བ་ཞིག་ཁྱོད་ཀྱིས་ཁས་ལེན་ནམ་ཡང་མི་བྱེད་པ་དང། གཞན་གྱིས་གང་བཤད་ཟིན་པ་ཞིག་བསྐྱར་ཟློས་ནམ་ཡང་མི་བྱེད་པ་ཞིག་དགོས།
དྲི་བ་འདི་དག་རང་ཉིད་ཀྱིས་རང་ཉིད་ལ་དུས་རྟག་ཏུ་འདྲི་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡོད་ཚད་ལ་ཉན་ཞིབ་དང་ལྟ་ཞིབ་བྱས་ནས་འཚོལ་སྡུད་བྱེད་དགོས། དེ་མཚུངས་སུ། ཁྱོད་ཀྱིས་སོ་སོའི་ཁྱད་ཆོས་ཡོད་དོ་ཅོག་ལ་ཞིབ་སྦྱོང་བྱེད་དགོས། གང་ལགས་ཤེ་ན། རང་ཉིད་ཀྱིས་རང་ཉིད་ངོ་ཤེས་པ་ནི་རང་ཉིད་མི་གཉིས་པ་ཞིག་ཏུ་མི་འགྱུར་བའི་ཆེད་དུ་ཡིན། དེར་བརྟེན། ཁྱོད་ཚོས་སྔར་གྱི་བྱེད་ལུགས་ལས་ཡོངས་སུ་ཐ་དད་པའི་བྱེད་སྟངས་ཤིག་འཚོལ་ཐུབ་པ་བྱེད་རྒྱུའི་བསམ་ཚུལ་རྗོད་བཞིན་ཡོད། ཡིན་ནའང་དེ་ནི་དཀའ་ལས་ཁག་པོ་ཞིག་ཡིན། གང་ལགས་ཤེ་ན། ཁྱོད་ཚོ་ནི་གང་ལས་སླ་བའི་ཕྱོགས་དེ་ཁོ་ན་ལ་འགྲོ་བ་ཡིན། སྔར་གྱི་བྱེད་སྲོལ་རྙིང་པ་དེ་ལ་བསྟུན་མཁས་བྱེད་པའམ། ཡང་ན། མི་གཞན་གྱིས་གང་བརྗོད་ཟིན་པ་དང་གང་བྱས་ཟིན་པ་དེ་དག་ལད་མོ་བྱེད་རྒྱུ་ནི་ལས་སླ་ཤོས་ཤིག་ཡིན་རྐྱེན། ང་ཚོས་བསྐྱར་ཟློས་དང་བསྟུན་ཐབས་ཁོ་ན་བྱེད་པ་ཡིན། ང་ཚོས་ཞེད་སྣང་མེད་པ་དང། བསྟུན་མཁས་མི་བྱེད་པ་ཞེས་པའི་གོ་དོན་ལ་ངེས་ཤེས་རྙེད་ཐུབ་པ་དགོས། དེ་ནི་ཁྱོད་ཉིད་སོ་སོའི་མི་ཚེ་དངོས་དེ་ཡིན་རྐྱེན། སློབ་དེབ་དང་དགེ་རྒན་གང་གིས་ཀྱང་གནད་དོན་དེ་སློབ་མི་ཐུབ། སོ་སོས་སོ་སོ་འཚར་སྐྱེས་ཡོང་ཐབས་བྱེད་དགོས། དེ་ནི་ཁྱོད་ཉིད་ཀྱིས་ཁྱོད་ཉིད་ལ་ཞིབ་སྦྱོང་བྱེད་དགོས་པའི་གནད་དོན་དེ་ཡིན། སོ་སོས་སོ་སོའི་སྐོར་ལ་སྦྱོང་བ་ནི། ཆེས་ཡིད་དབང་འཕྲོག་པ་ཞིག་ཡིན་ལ། ཆེས་མཐའ་ཡས་པ་ཞིག་ཀྱང་ཡིན་པས། རྣམ་དཔྱོད་ཀྱི་རྩལ་ཡང་བྱེད་ཐབས་འདི་ཁོ་ནས་རྫོགས་པར་བྱེད་ཐུབ། དེ་ལ་བརྟེན་ནས་ཁྱོད་ཉིད་ཀྱི་མི་ཚེ་བདེ་སྐྱིད་དང་ལྡན་ལ་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་ངེས། རྒྱ་གར་གྱི་དྲན་དབང་ཀིར་ཤི་ན་མཱུར་ཊི་མཆོག་གིས་སློབ་མ་ཚོར་བསྩལ་བའི་བཀའ་སློབ།
ཡང་དག་པའི་ཤེས་ཡོན།
ལྷོ་ཕྱོགས་ཀྱི་རི་ཤིའི་(Rishi)ལུང་གཤོང་དང་བྱང་ཕྱོགས་ཀྱི་རཱ་ཇེ་གྷ་ཊེ་(Rajghat)གཉིས་སུ་ཡུལ་ཁམས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ནས་འགྲོ་བ་མི་རིགས་གསར་པ་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་ངེད་ཚོའི་དགོས་དམིགས་ཡིན། ཁྱེད་ཚོ་ས་གནས་འདི་གཉིས་སུ་ཡོད་པའི་སློབ་གྲྭ་དེ་གཉིས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་དམ། སློབ་གྲྭ་འདི་གཉིས་ལ་ལོ་ངོ་སུམ་ཅུ་ཙམ་གྱི་ལོ་རྒྱུས་ཡོད། སློབ་གྲྭ་འདི་གཉིས་འདི་ལྟར་རྒྱུན་སྐྱོང་དང། མདུན་སྐྱོད་ཀྱི་ནུས་པ་དང་འདུན་པ། ཕུགས་རེ་ཅི་ཞིག་ཡོད་པ་ཁྱེད་ཚོས་ཤེས་སམ། དེ་ནི། འོས་ཤིང་འཚམ་པའི་ཁོར་ཡུག་ཅིག་གི་གཙོ་སྐྱོང་འོག་སློབ་ཕྲུག་རྣམས་ལ་ཕུལ་བྱུང་བཟོ་ལས་ཀྱི་ལག་རྩལ་ཡོངས་སུ་རྫོགས་པ་བྱེད་རྒྱུ་ཙམ་མ་ཟད། གཞན་དྲིང་མི་འཇོག་པའི་རྣམ་འབྱེད་ཀྱི་ཤེས་རབ་དང་ནུས་འཇོན་ཟུང་སྦྲེལ་གྱི་སྒོ་ནས་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་དུ་ཞུགས་ཐུབ་པ་བཟོ་རྒྱུ་དེ་ཡིན། ཡང་གཅིག་བརྗོད་ན། འདི་ནི་སློབ་ཕྲུག་མི་རེའི་རྒྱུད་ཀྱི་བཟང་པོའི་ཆ་ཤས་དེ་དག་གི་འདབ་ལོ་རྣམ་པར་གྲོལ་བའི་ལྷན་ཅིག་བྱེད་རྐྱེན་དུ་འགྱུར་ཐུབ་པ་བྱས་ནས། མི་དང་སྤྱི་ཚོགས། ལྟ་སྤྱོད་དང་བྱ་བཞག་གང་ལའང་འབྲེལ་འདྲིས་བཟང་པོ་བྱེད་ཐུབ་པའི་མི་སྣ་ཞིག་སྐྱེད་སྲིང་བྱེད་ཐུབ་ཕྱིར་ཡིན། དེ་ལྟའི་རྒྱུ་མཚན་གང་ལགས་ཤེ་ན། འཚོ་ཞིང་སྡོད་པ་ནི་འབྲེལ་ཞིང་འདྲིས་པའི་རང་བཞིན་ཡིན། གལ་ཏེ། རང་བྱུང་གི་མཛེས་སྡུག་ལ་མྱོང་འདྲིས་བྱེད་པའི་མཛེས་ཚོར་ཞིག་རང་གི་གཤིས་རྒྱུད་དུ་མ་སྨིན་ཚེ། ཕྱི་ནང་དང་རང་གཞན་གང་ལའང་མཛེས་སྡུག་གི་འབྲེལ་འདྲིས་ཤིག་བྱེད་དཀའ།
ངས་རྟག་ཏུ་འགྲན་རྩོད་ཀྱི་ཤེས་ཡོན་དང། དེ་ལྟའི་མཁའ་དབུགས་ཁྲོད་སློབ་ཕྲུག་གསོ་སྐྱོང་བྱེད་པ་ནི། ལྷན་སྐྱེས་ཀྱི་གཤིས་སྤྱོད་བཟང་པོར་གཏོར་རྒོལ་ཇི་ལྟར་ཐེབས་ཚུལ་གསལ་བཤད་བྱེད་ཀྱི་ཡོད། ཁྱེད་ཚོས་གནད་དོན་འདི་གཙིགས་ཆེན་བྱེད་མིན་མི་ཤེས་ཀྱང། ད་སྐབས་ཤེས་ཡོན་དུ་འབོད་པ་དེར་སྦྱངས་བརྩོན་བྱེད་པར་བསྐུལ་བ་འདི་ནི་སྤྱི་ཚོགས་ཀྱི་དགོས་དབང་རྐྱང་པ་ཞིག་གི་རྗེས་སུ་འདུར་རྒྱུག་བྱས་པ་ཙམ་ཡིན་རྐྱེན། སློབ་མ་ཚོའི་སེམས་ཁམས་སུ་མཐའ་གཉིས་སུ་ལྷུང་དོགས་ཀྱི་ང་རྒྱལ་དང་འཇིགས་ཞུམ་གྱི་སུན་གཙེར་རྫོགས་མེད་ཅིག་ཡོད། དེའི་དབང་གིས་བློ་ཡུལ་འདས་པའི་བྱ་སྤྱོད་ལག་བསྟར་གྱིས་བཟང་པོའི་གཤིས་སྤྱོད་ལ་འཇིགས་སུ་རུང་བའི་གཏོར་རྒོལ་ཐེབས་པ་ཡིན། ཡིན་ན་ཡང། ནུབ་ཕྱོགས་པ་དང་ཤར་ཕྱོགས་པ་གཉིས་ཀས་བྱེད་ཐབས་འདི་རིག་གཞུང་དུ་ངོས་འཛིན་པ་ནི་གཡོལ་ཐབས་མེད་པའི་སྡུག་བསྔལ་གྱི་གཡབ་མོ་ཞིག་ཡིན། གལ་ཏེ་ང་ཚོས་གནད་དོན་འདིའི་དོན་དངོས་ལ་ངེས་པ་རྙེད་ནས། སྡོང་རྒན་ལས་སྡོང་ལོ་བསྐྱུར་བ་ཇི་བཞིན་བྱེད་ཐབས་འདི་རིང་དུ་སྤོང་བར་བྱེད་ཚེ། ཡང་དག་པའི་སློབ་ཁྲིད་ཀྱི་བྱེད་ཐབས་གསར་པ་ཞིག་ལ་ཁ་ཕྱོགས་ཐུབ་བམ། ཁྱེད་ཚོས་སློབ་མ་ཚོར་ལམ་ལུགས་ག་གེ་མོ་ཞིག་ལ་བསྟུན་གོམས་དང། འདུར་རྒྱུག་བྱེད་ཚུལ་སློབ་ཁྲིད་བྱེད་དམ། ཡང་ན། ཁྱེད་ཚོས་སློབ་མ་ཚོའི་རྣམ་རིག་སད་དེ། ལེགས་ཉེས་རྣམ་འབྱེད་ཇི་ལྟར་བྱེད་ཚུལ་གྱི་སློབ་ཁྲིད་བྱེད། གལ་ཏེ་ང་ཚོས་འགྲན་རྩོད་ཀྱི་ཤེས་ཡོན་སྦྱོང་ཚུལ་དེ་སྤངས་ཚེ། ཤེས་ཡོན་སྦྱོང་ཚུལ་གྱི་ཐབས་ཤེས་རྨ་མེད་པ་ཞིག་རྙེད་མི་སྲིད་པ་ཨེ་ཡིན། ཡང་ན། འགྲན་རྩོད་ཀྱི་འཆིང་རྒྱས་སྒོ་ཀུན་ནས་བཅིངས་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དེའི་རྗེས་སུ་འདུར་རྒྱུག་བྱེད་པའི་གླེན་རྟགས་དེ་རིང་དུ་དོར་ཚེ། སློབ་མ་ཚོར་རྩིས་རིག་དང། དངོས་ཁམས་ལ་སོགས་པའི་ཤེས་བྱའི་གནས་ལ་བསྐུལ་བའི་བཏང་སྙོམས་ཀྱི་བརྒྱུད་ལམ་གཞན་ཞིག་མེད་པ་ཡིན་ནམ། གང་ལྟར་ཡང། དགེ་རྒན་དང་སློབ་མ་ཚོས་ཐེ་ཚོམ་གྱི་འགོང་འདྲེ་དེ་གླུད་དུ་རྫོང་ཐུབ་ཚེ། དོན་དངོས་ཀྱི་ཤེས་ཡོན་ཞེས་པ་ཅི་ཞིག་ལ་འབོད་མིན་རྟོགས་ཐུབ་ངེས།
ཤེས་ཡོན་གྱི་བྱེད་ལས་ཅི་ཞིག་ཡིན། ཤེས་ཡོན་ལ་ཐུན་མིན་གྱི་དམིགས་སྒོ་ཅི་ཞིག་ཡོད། སློབ་མ་ཚོར་ཕུལ་བྱུང་གི་ལག་ཤེས་དོ་ཟླ་བྲལ་བ་ཞིག་བསླབ་ནས་ཆེ་འདོད་ཀྱི་ཚོར་སློང་བྱེད་རྒྱུ་དེ་ཤེས་ཡོན་གྱི་དམིགས་སྒོ་ཨེ་ཡིན། ཆེ་འདོད་ཀྱི་ཚོར་སློང་བྱེད་པའི་ལག་ཤེས་སློབ་པ་ནི་རྒྱལ་ཕམ་གྱི་ཚོར་རྟོགས་སྐྱེན་པོའི་རྒྱ་རྙི་ལས་འགོང་དུ་མི་འཇུག་པ་ཡིན་རྐྱེན། འཐབ་རྩོད་དང་འགལ་ཟླའི་སེམས་འཚབ་ཀྱི་ན་ཟུག་ལས་དུས་ནམ་ཡང་བརྒལ་མི་ཐུབ། དེའི་དབང་གིས། སློབ་མ་སྒེར་སོ་སོའི་སེམས་ཁམས་ནང་འགྲན་རྩོད་བྱེད་འདུན་གྱི་ངར་ཤུགས་དང། ཞི་འཇམ་ངང་འཚོ་འདུན་གྱི་རེ་སེམས་གཉིས་དུས་ནམ་ཡང་འགལ་ཟླར་གནས་པ་ཡིན། འགལ་ཟླའི་འཐབ་རྩོད་དེ་ཇི་ཙམ་གྱི་ཡུན་རིང་བ་དང་ཛ་དྲག་པ་དེ་ཙམ་གྱིས་དངངས་སྐྲག་དང་སུན་སྣང་གི་གནོན་ཤུགས་དེ་ཙམ་གྱིས་ཆེ་བ་ཡོད། དོན་དངོས་ཐོག་སློབ་མ་ཚོའི་ལག་ཤེས་ཀྱི་རྩལ་ལག་ཇི་ཙམ་གྱི་གོང་དུ་འཕེལ་བ་དེ་ཙམ་གྱིས་ཆེ་འདོད་ཀྱི་ཕུགས་རེ་རྒྱས་ནས། ཟད་དུ་མེད་པའི་དངངས་སྐྲག་དང་སུན་སྣང་ཇེ་ཆེར་རྒྱས་པ་ཡིན། མདོར་ན། བྱེད་ཐབས་འདིས་སློབ་མ་རྣམས་རེ་ཟད་ཡིད་མུག་གི་གནས་སུ་བསྐྱལ་བ་ཡིན། དེས་ན། ཁྱོད་ཚོས་སློབ་མ་ཚོའི་སེམས་ཁམས་ནང་འགལ་ཟླའི་སེར་ཀ་མི་ཤོར་བའི་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་སྤྱོད་ཐུབ་བམ། གལ་ཏེ་ཁྱོད་ཚོས་སློབ་མ་ཚོས་གང་བྱེད་བཞིན་པའི་བྱ་ལས་དེ་ལ་དགའ་སྣང་དང་སྤྲ་ོབ་འཕེལ་བའི་རམ་འདེགས་མ་བྱས་ཚེ། སློབ་མ་ཚོ་འགལ་ཟླའི་ཚོར་སྣང་གི་རྒྱ་ལས་ནམ་ཡང་བརྒལ་མི་ཐུབ།
གལ་ཏེ་སློབ་མ་ཞིག་དབྱིབས་རྩིས་རིག་པར་ཧ་ཅང་དགའ་བ་སྟེ། དབྱིབས་རྩིས་རིག་པས་ཟད་དུ་མེད་པའི་སྤྲོ་སྣང་སྦྱིན་པའི་མྱོང་བ་བྱུང་ཚེ། ཁོས་དབྱིབས་རྩིས་རིག་པ་ཁོ་ན་བསམ་པ་ཡིན་རྐྱེན། དབྱིབས་རྩིས་རིག་པས་སློབ་མ་གང་དེའི་བསམ་པའི་འཆར་སྒོ་ཡོངས་རྫོགས་བཟུང་བ་ཡིན། དེ་དུས་སློབ་མ་དེའི་ཚོར་འདུན་ཁྲོད་ཆེ་འདོད་ཀྱི་རེ་དོགས་མེད་ལ། འགལ་ཟླའི་ཚོར་རྟོག་གི་འཐབ་མོ་ཡང་མེད། ཁོས་དབྱིབས་རྩིས་རིག་པར་དགའ་བ་དེ་ནི་ཁོ་པའི་བླ་ལྷག་གི་སྤྲོ་སྣང་དེ་ཡིན་རྐྱེན། ཁོ་པའི་རྣམ་རིག་གི་འདབ་ལོ་དེ་གནས་དུས་འདི་འདྲ་ཞིག་ཏུ་ལྷུག་པར་གྲོལ་ཐུབ། དེས་ན། རང་ཉིད་ཀྱི་དགའ་ཕྱོགས་ད་དུང་ཡང་གསལ་རྟོགས་མ་བྱུང་བའི་སློབ་མ་ཞིག་ལ་འདི་ལྟའི་སྤྲོ་བ་སྐྱེ་ཐབས་ཇི་ལྟར་བྱེད་ཐུབ་བམ།
ཁྱེད་རྣམས་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་གྲྭ་ཞིག་འདི་ལྟར་འཛུགས་སྐྱོང་བྱེད་པའི་དགོས་དོན་ཅི་ཞིག་ཡིན་པའི་དྲི་བ་ཞིག་བྱུང་ཚེ། ལན་འདེབས་ཇི་ལྟར་བྱ་རྒྱུ་ཡིན་ནམ། ཁྱེད་ཚོས་སློབ་ཕྲུག་རྣམས་ཅི་འདྲ་ཞིག་ཏུ་སྐྱེད་སྲིང་བྱེད་རྩིས་ཡོད་དམ། ཁྱེད་ཚོས་སློབ་ཁྲིད་ཀྱི་དམིགས་སྒོ་ཅི་འདྲ་ཞིག་བཟུང་ནས་འབད་བརྩོན་ཇི་ལྟར་བྱེད་བཞིན་ཡོད་པ་ངས་ཤེས་འདོད་ཡོད། ཁྱེད་ཚོས་སློབ་ཕྲུག་རྣམས་ཁ་ཕྱོགས་ངེས་ཅན་ཞིག་གི་ནང་བཙན་འདེད་བྱས་ཏེ། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་འགྱུར་བ་གཏོང་རྒྱུ་ཡིན་ནམ། ཡང་ན། ཁྱེད་ཚོས་སློབ་མ་ཚོར་དངོས་ཁམས་དང་རྩིས་རིག་ལ་སོགས་པའི་སློབ་ཚན་ཁག་ཅིག་གི་དོན་གནད་རྣམས་བརྒྱུད་ཁྲིད་བྱས་ཏེ། མ་འོངས་པར་ཕུལ་བྱུང་ཆེད་ལས་ཀྱི་རྩལ་རྫོགས་པའི་མི་སྣ་ཞིག་སྐྱེད་སྲིང་བྱེད་ཐབས་བྱེད་བཞིན་ཡོད་དམ། གང་ལྟར་ཡང། འཛམ་གླིང་ཁྱོན་ཡོངས་ལ་སློབ་གྲྭ་སྟོང་ཕྲག་མང་པོས་རེ་བ་དང་དམིགས་སྒོ་འདི་ཁོ་ན་བཅངས་ཏེ་རྒྱུན་མཐུད་ཀྱིས་འབད་བརྩོན་བྱེད་བཞིན་ཡོད། ཁོ་ཚོས་སློབ་མ་རྣམས་ཚན་རིག་པ་དང། དངོས་ཁམས་རིག་པ་བ། བཟོ་ལས་འཆར་འགོད་པ་སོགས་ཡོང་ཐབས་བྱེད་བཞིན་ཡོད། ཁྱེད་ཚོས་འདི་ལས་མང་བ་ཞིག་བྱེད་ཐུབ་པའི་ཐབས་ཤེས་བྱས་མྱོང་ངམ། ཡང་ན། བྱེད་ཐབས་འདི་ཚད་མཐོ་ཤོས་ཀྱི་བྱེད་ཐབས་དེ་ཡིན་ནམ།
ང་ཚོས་རང་ཉིད་ལ་གང་དགོས་པ་དེ་གསལ་པོ་རྟོགས་ཐུབ་དགོས། ང་ཚོ་ལ་འཕྲུལ་ལས་མཁན་ཙམ་གྱི་མི་ཞིག་དགོས་སམ། ཡང་ན། མཚན་ཉིད་ཚང་བའི་མི་ཞིག་དགོས། གལ་ཏེ་ང་ཚོས་ཡིག་རྒྱུགས་ཀྱི་སྦྱངས་འབྲས་དང། འཕྲུལ་ལས་ཀྱི་གནས་ཚུལ་ཁོ་ན་ལ་ཧ་ཅང་གཙིགས་སུ་བཟུང་ནས་ཕྱོགས་གཞན་དེ་སྣང་མེད་དུ་བཞག་ཚེ། སློབ་མ་དེ་གཤོག་པ་ཡ་གཅིག་ལས་མེད་པའི་མི་ཞིག་ཏུ་འཚར་ལོངས་འབྱུང་རྒྱུ་ཡིན་པ་སྨོས་མེད་ཡིན། འདིར་ང་ཚོས་མཚན་ཉིད་ཚང་བའི་མི་ཞེས་བརྗོད་པ་ནི། སྨྲ་ཤེས་ཤིང་དོན་གོ་བ་གཅིག་པུས་མི་ཆོག་ལ། དེ་བས་རང་ཉིད་ཀྱི་ནང་སེམས་ཀྱི་དཔྱད་འཚོལ་རྟོགས་གསུམ་གྱི་ནུས་པ་ཕྱུག་པ་ཞིག་གིས་ཀྱང་མི་ཆོག དེས་ན། འདིར་མཚན་ཉིད་ཚང་བ་ཞེས་པ་ནི་ནང་སེམས་ཀྱི་ནུས་པ་ཕུན་སུམ་ཚོགས་པ་ཞིག་དགོས་ཁར་ཕྱིའི་བྱ་སྤྱོད་ཀྱང་ལེགས་པའི་ཕྱི་ནང་འགལ་མེད་ཅིག་ཡིན་དགོས། ཕྱི་ནང་གཉིས་སྨིན་ཞིག་ཡོང་བ་བྱེད་རྒྱུ་ནི་ཤེས་ཡོན་སློབ་པའི་དམིགས་སྒོ་གལ་གནད་ཆེ་ཤོས་དེ་ཡིན།
ང་ཚོོས་འཕྲུལ་ལས་ལག་རྩལ་ཁོ་ན་མ་ཡིན་པར་མིའི་སེམས་ཀྱི་རང་བཞིན་ཟབ་མོ་དེའི་གསང་བ་བརྟོལ་ནས་ཟབ་སྦྱོང་བྱེད་པ་ལ་ཐོག་མར་འགོ་འཛུགས་སའི་མཚམས་ཤིག་ངེས་པར་དུ་ཡོད་དགོས། ངས་གནད་དོན་འདི་ཕྱོགས་གཞན་ཞིག་ནས་ཤོད་རྒྱུ་ཡིན། གལ་ཏེ་ང་ཚོས་སློབ་མ་ཞིག་འཕྲུལ་ལས་ལག་རྩལ་ཡང་རྩེར་སོན་ཐབས་ཁོ་ནར་རིག་པ་སྒྲིམ་ནས་ཕྱོགས་གཞན་ཚང་མ་སྣང་མེད་དུ་བཞག་ཚེ། འདི་འདྲའི་སློབ་མ་དེ་ལ་ཅི་ཞིག་འབྱུང་སྲིད་དམ། གལ་ཏེ་ཁྱོད་ཚོས་སློབ་མ་ཞིག་ཞབས་བྲོ་མཁས་ཅན་ནམ། ཡང་ན། རྩིས་རིག་མཁས་ཅན་ཞིག་ཡོང་ཐབས་སུ་བློ་རྩེ་གཅིག་སྒྲིམ་གྱིས་གཞེན་སྐུལ་བྱས་ཚེ། མཇུག་འབྲས་གང་འབྱུང་སྲིད་དམ། ཁོ་མཁས་པ་ཞིག་ཏུ་འགྱུར་མིན་བཤད་དཀའ་ཡང། ཁྱད་ཆོས་གཞན་མང་པོ་ཞིག་མ་སྦྱར་ལྷུན་གྲུབ་ཀྱིས་རྒྱུད་ལ་འཇགས་ཡོད་པ་སྟེ། ཕྲག་དོག་དང་སུན་སྣང་གིས་བཏུམས་པའི་རེ་དོགས་ཅན་ཞིག་ཏུའང་གྱུར་ཡོད། དེ་ལྟར་བྱས་ཚེ། ཁྱོད་ཚོས་གོ་རིམ་འཆོལ་བའི་ཟང་ཟིང་གི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱས་པ་ཡིན། དེའི་རྒྱུ་མཚན་ཅི་ལགས་ཤེ་ན། ཁྱོད་ཚོས་ཕྱོགས་གཞན་ཚང་མ་སྣང་མེད་དུ་བཏང་ནས་འཕྲུལ་ལས་ཀྱི་ལག་རྩལ་བྱང་ཆུབ་པའི་སློབ་གཞི་གཅིག་པུ་ལ་གཙིགས་འཛིན་བྱས་པས་ཡིན། འདི་ལྟར་བྱས་ཚེ་མི་ཞིག་གི་འཕྲུལ་ལས་ལག་རྩལ་དེ་མཐོ་པོ་ཇི་ཙམ་ཡིན་ཡང་ཁོ་པའི་སེམས་ཁམས་དང་སྤྱི་ཚོགས་ཀྱི་འབྲེལ་འདྲིས་བར་འགལ་ཟླས་ཁེངས་ཡོད། ཁོ་པས་དུས་རྟག་ཏུ་གྲོང་མི་ཁྱིམ་མཚེས་དང། ལས་གྲོགས་མཐོ་དམན་ཀུན་ལ་དངོས་བརྒྱུད་གང་རུང་ནས་འཐབ་རྩོད་བྱེད་དགོས་པ་ཡིན། དེ་ལྟར་ན་ཁྱེད་ཚོས་སློབ་མ་དེ་ཉིད་ཀྱི་མི་ཚེ་གང་པོ་འགལ་ཟླ་དང་འཐབ་རྩོད་ཁྲོད་གཡུགས་པ་རེད།
རྒྱུ་མཚན་དེའི་ཕྱིར། འཕྲུལ་ལས་ལག་རྩལ་གྱིས་དབུལ་ཕོངས་ལས་གྲོལ་བའི་རླབས་ཆེན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ངེས་ཀྱང། ཆ་ལག་ཡོངས་སུ་རྫོགས་པའི་སྤྱི་ཚོགས་ཤིག་ནམ་ཡང་བསྐྲུན་ཐུབ་ཐབས་མེད་ཅེས་བརྗོད་པ་ཡིན། རླབས་ཆེན་གྱི་སྤྱི་ཚོགས་ཤིག་ཡིན་ན་ཆ་ལག་ཡོངས་སུ་རྫོགས་པའི་སྤྱི་ཚོགས་ཤིག་གཏན་ནས་ཡིན་མི་སྲིད། ཆ་ལག་ཡོངས་སུ་རྫོགས་པའི་སྤྱི་ཚོགས་ཤིག་ཡིན་ཕྱིན་སྒྲིག་སྲོལ་ངེས་པའི་སྤྱི་ཚོགས་ཤིག་ཡིན་དགོས། འདིར་སྒྲིག་སྲོལ་ངེས་པ་ཞེས་པ་ནི་མེ་འཁོར་དུས་ཐོག་ཏུ་འགྲོ་སྐྱོད་བྱེད་པའམ། ཡང་ན། འཕྲིན་ཡིག་དུས་ཐོག་ཏུ་བསྐུར་བ་ཞིག་ལ་བརྗོད་པ་མིན། འདིར་དོན་བྱེ་བྲག་པ་གཞན་ཞིག་སྟོན་པ་ནི། མི་ཞིག་ཡིན་ཕྱིན་སྒྲིག་སྲོལ་ནི་རང་ཉིད་ཀྱི་ནང་སེམས་ཀྱིས་ངེས་དགོས་པ་དེ་ཡིན། སྒྲིག་སྲོལ་ཡིད་ལ་ངེས་ན་ད་གཟོད། ཆ་ལག་ཡོངས་སུ་རྫོགས་པའི་སྤྱི་ཚོགས་ཤིག་ངང་གིས་འགྲུབ་པ་ཡིན།
ཁྱེད་ཚོས་ངའི་དྲི་བ་དེ་མགོ་ཚོས་སོང་ངམ། གལ་ཏེ་ངས་ང་རང་གི་ནང་སེམས་ཀྱི་རིན་ཐང་དེ་རྡོག་རོལ་དུ་བཏང་ནས་འཕྲུལ་ལས་ལག་རྩལ་ཁོ་ན་ལ་བློ་རྩེ་གཅིག་སྒྲིམ་བྱས་ཚེ། ང་རང་ལ་གཤོག་པ་ཡ་གཅིག་མ་གཏོགས་སྐྱེ་མི་སྲིད་པ་ཡིན་པས། ནམ་ཡང་འཕུར་ཐབས་མེད། དེར་བརྟེན། ངས་ཕྱོགས་གཉིས་ཀ་འཚར་ལོངས་ཡོང་བའི་ཐབས་ལམ་ཞིག་ངེས་པར་དུ་འཚོལ་དགོས་པ་ཡིན། ད་བར་ལ་ངེད་ཚོས་ཕྱོགས་གཉིས་པོ་དེ་ཁ་ཕྲལ་ནས་ཕྱོགས་གཅིག་རྐྱང་པ་ལ་གཙིགས་འཛིན་བྱས་ཏེ་ཕྱོགས་གཞན་དེ་སྣང་མེད་ངང་བསྐྱུར་བཞག་ཡོད། ད་ལྟ་ངེད་ཚོས་ཕྱོགས་གཉིས་པོ་དེ་གཅིག་ཏུ་བསྡུས་ནས་སློབ་མ་ཚོས་དེ་གཉིས་གཞི་གཅིག་ཁོ་ན་ཡིན་པའི་ངོས་འཛིན་ཐུབ་པ་བཟོ་དགོས། དེ་ལྟར་བྱུང་ཚེ། སློབ་མ་ཚོས་རང་ཉིད་ཀྱི་འཕྲུལ་ལས་ལག་རྩལ་གྱི་གནས་ཚད་གོང་མཐོར་གཏོང་བ་དང་ཆབས་ཅིག་རིན་ཐང་ཅན་གྱི་མི་ཞིག་ཏུ་འགྱུར་ཐུབ་པའི་འབད་བརྩོན་ཡང་དུས་གཅིག་ཏུ་བྱེད་ངེས་ཡིན། འདི་ལ་གོ་རྒྱུ་ཞིག་འདུག་གམ། དཔེར་ན། རྒྱུག་ཆུ་ཞིག་ལ་ཆ་མཚོན་ན། རྒྱུག་ཆུ་དེ་ཉིད་ཀྱི་ངོགས་མི་འདྲ་བ་དང། བེད་སྤྱོད་བྱེད་ཡུལ་མི་འདྲ་བ་མང་པོ་ཡོད་ཀྱང། ཆུའི་ངོ་བོ་ཐ་དད་དུ་དགར་ཐུབ་ཐབས་མེད། དེ་བཞིན་ང་ཚོས་འཕྲུལ་ལས་ཀྱི་འཇིག་རྟེན་དང་འཇིག་རྟེན་གཞན་ཞེས་དབྱེ་བ་འབྱེད་དགོས་དོན་གང་ཡིན་ནམ། ང་ཚོས་རྒྱུན་དུ་ཟློ་བཞིན་པ་ནི། གལ་ཏེ་ང་ཚོའི་འཕྲུལ་ལས་ཀྱི་འཇིག་རྟེན་དེ་གྲ་རྒྱས་ཕུན་ཚོགས་ཤིག་བྱུང་ན། ཟས་གོས་གནས་མལ་གྱིས་ཕོངས་པའི་དཀའ་ངལ་ལས་གྲོལ་ཐུབ་པ་ཡིན་པས། འཕྲུལ་ལས་ལག་རྩལ་ལ་དོ་འཁུར་དང་སྦྱོང་བརྡར་བྱེད་དགོས་ཞེས་པ་དེ་རེད། ཡང་ཕྱོགས་གཞན་ཞིག་ན། ནང་བསམ་བློ་ཁོ་ན་གཙིགས་འཛིན་བྱེད་མཁན་གྱི་རིགས་ཤིག་ཀྱང་ཡོད་པ་ཡིན། ཁོ་ཚོས་ནང་བསམ་པའི་འཇིག་རྟེན་ཞེས་པ་ཞིག་ལ་གལ་ཆེན་དུ་བཟུང་ནས་དབེན་གནས་སུ་ཁེར་སྡོད་བྱེད་པ་དང། འཕྲུལ་སྣང་དང་རྨོངས་དད་ཀྱི་རང་ལྟའི་རྗེས་འབྲངས་ཁོ་ན་བྱེད་པ་ཡིན། འདི་ལྟར་མི་ཕན་ཚུན་དབར་ལ་བསམ་ཡུལ་ལས་འདས་པའི་ལྟ་སྤྱོད་ཀྱི་འགལ་ཟླ་ཡོད་པ་དེ་བཞིན་ང་ཚོ་མི་རེ་ངོ་རེའི་རྒྱུད་ལའང་ཕྱི་དང་ནང་གི་འཇིག་རྟེན་ཞེས་མི་མཐུན་པའི་འགལ་ཟླ་དཔག་ཏུ་མེད་པ་ཡོད། ངའི་བསམ་པར་འགལ་ཟླ་འདི་ནི་རྩོད་རྙོག་དང་དཀའ་རྙོག་འབྱུང་གཞི་དེ་ཡིན་པར་བསམས། གལ་ཏེ་ང་ཚོས་དོགས་སྣང་གིས་བསྐྲུན་པའི་འགལ་ཟླ་དེ་གཞི་གཅིག་ཏུ་སྦྲེལ་ནས་ཕྱི་ནང་གི་དབྱེ་ཁྱད་མེད་པ་ཞིག་ཏུ་བསྒྱུར་ཐུབ་ཚེ། ང་ཚོའི་འགུལ་སྐྱོད་དེ་ཁྱད་འཕགས་ཤེས་རབ་ཀྱི་འགུལ་སྐྱོད་ཅིག་ཏུ་ངོས་འཛིན་ཆོག་ལ། ང་ཚོའི་འཇུག་སྒོ་ཡང་ནོར་མེད་པར་ངོས་བཟུང་ཆོག།
ཁྱད་དུ་འཕགས་པའི་ཤེས་རབ་ཀྱི་འགུལ་སྐྱོད་ཅེས་པ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ། ངས་འདིར་ཤེས་རབ་ཅེས་པའི་ཚིག་འདི་བེད་སྤྱད་ཡོད། ཚིག་འདི་ནི་སྤྱང་གྲུང་ལ་གོ་བ་མིན་ལ། གོ་རྟོགས་སྐྱེན་པོའམ། ཡང་ན། ཉམས་མྱོང་དང་ཤེས་བྱ་བྱེ་བྲག་པ་ཞིག་རྣམ་པར་དཔྱོད་པའི་ནུས་མཐུ་ཞིག་ལ་ཡེ་ནས་གོ་བ་མིན། འདི་ནི་ད་བར་དུ་ནད་གཅོང་དུ་ལྷག་པའི་འགལ་ཟླ་དང། རྩོད་རྙོག་དེ་ངོ་ཤེས་ཐུབ་པའི་རིག་མཐུ་ཞིག་ལ་བརྗོད་པ་ཡིན། འདི་ལྟའི་རིག་མཐུའམ་ཤེས་རབ་དེས་ནད་གཅོང་ལས་གྲོལ་བའི་འགུལ་སྐྱོད་གསར་པ་ཞིག་གི་ཕྱོགས་སུ་ཁ་བསྐོར་ཐུབ།
འཛམ་གླིང་འདིའི་ཐོག་འགུལ་སྐྱོད་མི་འདྲ་བ་གཉིས་ཡོད་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། འགུལ་སྐྱོད་ཕྱོགས་གཅིག་ནི་ནང་སེམས་ཀྱི་བྱེེད་རྩོལ་འཚོལ་བའི་ཆོས་ལུགས་ཀྱི་འགུལ་སྐྱོད་དེ་ཡིན། འགུལ་སྐྱོད་དེ་ལ་ལྟོས་ནས་ཡེ་ཤུའི་རྣམ་དག་ཆོས་ལུགས་དང། ཡེ་ཤུའི་གསར་མའི་ཆོས་ལུགས། དེ་བཞིན་ཧིན་དྷུའི་ཆོས་ལུགས་གཙོས་པའི་ཆོས་ལུགས་ཆེ་ཁག་དེ་དག་གྲུབ་ཡོད། འགུལ་སྐྱོད་གཞན་དེ་ནི་འཕྲུལ་ལས་ལག་རྩལ་འཚོལ་བའི་ཕྱི་དངོས་པོའི་འགུལ་སྐྱོད་དེ་ཡིན། འགུལ་སྐྱོད་དེས་གློག་ཀླད་དང། རང་འགུལ་འཕྲུལ་འཁོར་གསར་གཏོད་ཀྱིས་མི་རྣམས་ཀྱི་ལུས་རྩོལ་ཇེ་ཉུང་དུ་བཏང་སྟེ་དལ་ཁོམ་ཡོང་ཐབས་བྱེད་པ་དེ་ཡིན། འོན་ཀྱང། ཆོས་ལུགས་ཀྱི་འགུལ་སྐྱོད་དེའི་རྗེས་འབྲངས་པ་ཉུང་བ་མ་ཟད་ཧ་ཅང་ཉམ་ཆུང་ཞིག་ཡིན་ཞེས་བརྗོད་ཆོག གང་ལགས་ཤེ་ན། འཕྲུལ་ལས་ཀྱི་ལས་རྩོལ་དེ་ཧ་ཅང་གི་སྟོབས་ཤུགས་ཆེ་བ་མ་ཟད། སྟོབས་ཤུགས་དེས་མི་རྣམས་ཀྱི་སེམས་པའི་འཆར་སྒོ་ཡོངས་རྫོགས་ལ་དབང་བསྒྱུར་བྱས་ཡོད། དེའི་དབང་གིས་མི་རྣམས་སོ་སོའི་ཁ་ཕྱོགས་ཡང་འཆོལ་ཏེ་རང་ཉིད་ཀྱིས་རང་ཉིད་བརླགས་ནས་བསྡད་ཡོད་པ་མ་ཟད། རང་ཉིད་ཀྱི་ཉིན་རེའི་འཚོ་བ་དེའང་འཕྲུལ་འཁོར་གྱི་བྱེད་རྩོལ་དང་འདྲ་བར་བྱེད་རྩོལ་གཅིག་ཁོ་ན་ལ་བརྟེན་པ་ཞིག་ཡིན་རྐྱེན། བསམ་ཁོམ་དང་དྲན་ཁོམ་མེད་པར་འཕྲུལ་འཁོར་གྱི་ཆ་ཤས་སུ་གྱུར་ནས་འཕྲུལ་འཁོར་གྱི་བྲན་གཡོག་ལྟ་བུར་གྱུར་ཡོད། དེར་བརྟེན། མི་རྣམས་ཀྱིས་འདི་ལྟའི་གནས་སྟངས་དེ་ནས་ཐར་ཐབས་སུ་རི་མོ་དང། རོལ་དབྱངས་ལ་སོགས་པའི་སྒྱུ་རྩལ་ནང་སིམ་ཐབས་བྱེད་པ་ཡིན། འོན་ཀྱང། ཆོས་ལུགས་པ་ཚོས་འདི་ལྟའི་བྱེད་ལུགས་དེ་ནོར་འཁྲུལ་དུ་བཟུང་ནས། གཅིག་པུར་དབེན་གནས་འགྲིམས་པ་ཡིན། དེའི་དབང་གིས་ཆོས་ལུགས་པ་ཚོས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་མ་འདང་བ་དང། མ་སྨིན་པ་དེ་དག་མཐོང་མི་ཐུབ། ད་ལྟ་ང་ཚོས་ཞིབ་དཔྱད་བྱེད་དུས་ཕྱོགས་གཉིས་ཀ་ལ་མ་འདང་བའི་ཆ་ཡོད་པ་ཚོར་ཐུབ་ཀྱི་འདུག་གམ། གལ་སྲིད་ང་ཚོས་གནད་དོན་འདི་ལ་ངེས་ཤེས་རྙེད་ཚེ། ཕྱོགས་གཉིས་ཀ་ཚུད་ཐུབ་པའི་འགོ་འཛུགས་ཤིག་ང་ཚོའི་ཡིད་ལ་འཆར་སྲིད།
གལ་སྲིད་ང་ལ་ཕྲུ་གུ་ཞིག་ལ་སློབ་སྦྱོང་སྤྲོད་དགོས་པའི་འགན་འཁྲི་ཞིག་ཡོད་ཚེ། ངས་ཐོག་མར་ཕྲུ་གུ་དེ་ལ་འགལ་ཟླའི་ངང་གནས་པའི་འགུལ་སྐྱོད་མི་འདྲ་བ་འདི་གཉིས་ཀྱི་བརྒྱུད་རིམ་ལ་ལྟ་ཞིབ་བྱེད་དུ་འཇུག་ངེས་ཡིན། དེའི་དབང་གིས་ཕྲུ་གུ་དེའི་རྒྱུད་ལ་ཁྱད་འཕགས་ཀྱི་ཤེས་རབ་དེ་སྐྱེས་ནས། འགལ་ཟླའི་ངང་གནས་པའི་འགུལ་སྐྱོད་མི་འདྲ་བ་དེ་གཉིས་ཀ་ལ་མི་འདང་བའི་ཆ་ཡོད་པ་རྟོགས་ཐུབ་ངེས་ཡིན།
བཀུར་འོས་ཀྱི་དགེ་རྒན་རྣམ་པ། ཁྱེད་ཚོས་མཛེས་སྡུག་གི་བཀྲག་མདངས་འབར་བའི་མེ་ཏོག་དེ་དག་ལ་གཟིགས་དང། གལ་ཏེ་ང་རང་སློབ་ཕྲུག་རྣམས་ལ་རྩིས་རིག་སློབ་མཁན་དང། མེ་ཏོག་གི་ཁྱད་ཆོས་རྣམས་ངོ་སྤྲོད་བྱེད་མཁན་གྱི་དགེ་རྒན་ཞིག་ཡིན་ཚེ། ང་རང་གིས་མེ་ཏོག་གི་ཁྱད་ཆོས་རྣམས་ཇི་མ་ཇི་བཞིན་སློབ་སྟོན་བྱེད་ཐུབ་ཀྱང། རྩིས་རིག་ལ་དེ་ཙམ་དོ་ནན་བྱེད་མ་ཐུབ་ཚེ། ང་རང་ལ་དགོས་ངེས་ཀྱི་ཆ་རྐྱེན་ཚང་མེད་པས་དེ་ལྟར་འགྲིག་ཐབས་མེད། དེ་བཞིན་གལ་ཏེ་ང་རང་གིས་རྩིས་རིག་གི་སློབ་ཚན་སྐྱོན་མེད་ངང་བསླབ་ཐུབ་པ་ཡིན་ཡང། མེ་ཏོག་ངོ་སྤྲོད་པའི་ཐད་དེ་ཙམ་གྱིས་དོ་འཁུར་མེད་པར་བཞག་ཚེ། སླར་ཡང་ཆ་ཚང་ཐུབ་མེད་པས་དེ་ལྟར་འགྲིག་ཐབས་མེད། ཁྱོད་ཀྱིས་ཐོག་མར་འཕྲུལ་ལས་ཀྱི་ལག་རྩལ་དེ་མཐར་ཕྱིན་པ་བཟོས། དེ་རྗེས་གཞན་རྣམས་ལ་སྦྱངས་བརྩོན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་ནི་ཤིན་ཏུ་ནས་ཡོང་མི་སྲིད་པའི་ཁེངས་ཚིག་ཉག་གཅིག་ཡིན། གང་ལགས་ཤེ་ན། ཁྱོད་ཀྱིས་ལོ་ནས་ལོར་བསྟུད་དེ་སེམས་ནུས་ཡོད་དགུས་ཤེས་བྱ་བྱེ་བྲག་པ་གཅིག་ཁོ་ན་ལ་སྦྱངས་བརྩོན་བྱས་པ་དེས་ཤེས་བྱ་གཞན་ལ་འཛིན་པའི་ཚོར་སྣང་དང་རིག་སྟོབས་ཡོད་དགུར་མངོན་མེད་ཀྱི་གཏོར་རྒོལ་ཐེབས་ཡོད། གཞན་ཞིག་ནས་བརྗོད་ན། ཁྱོད་ཉིད་ཀྱི་ཚོར་ཤེས་ཕྱོགས་རེ་བ་ཞིག་ཏུ་གྱུར་ནས་ཕྱོགས་ཡོངས་ཀྱི་རིག་སྟོབས་སྐྱེན་པོ་དེར་དོ་ཕོག་ཐེབས་ཡོད།
ང་ཚོའི་དམིགས་ཡུལ་ནི་སློབ་མ་དེ་དག་རིག་སྟོབས་སྐྱེན་པོ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན། གང་ལགས་ཤེ་ན། རིག་སྟོབས་ཇི་ཙམ་གྱིས་སྐྱེན་པ་དེ་ཙམ་གྱིས་ཤེས་རབ་མྱུར་བ་ཡིན། འདི་ནི་སློབ་དེབ་ནང་ནས་རྙེད་ཐབས་མེད། དེར་བརྟེན། སློབ་མ་དེ་ཉིད་རིག་སྟོབས་སྐྱེན་པོ་ཞིག་ཏུ་འགྱུར་དགོས་ཚེ། སློབ་མ་དེ་ཉིད་ལ་རང་དབང་དགོས། གལ་ཏེ་སློབ་མ་ཞིག་གིས་རྩིས་རིག་སྦྱོང་བ་ལ་སྤྲོ་བ་སྐྱེས་ཐུབ་པའི་རང་དབང་ཞིག་མེད་ཚེ། ཁོ་པས་གནད་ལ་སྨིན་པའི་རྩིས་རིག་ཅིག་སྦྱོང་མི་ཐུབ། དེ་བཞིན་མེ་ཏོག་ཅིག་ལ་བལྟས་ནས་མེ་ཏོག་དེའི་མཛེས་སྡུག་མྱོང་བ་ལའང་ཁོ་པར་རང་དབང་དགོས། དེས་ན། རང་དབང་ནི་ཤེས་བྱ་ཀུན་རྒྱས་པར་བྱེད་པའི་གོམ་སྟབས་དང་པོ་དེ་ཡིན་པས། ང་ཚོས་སློབ་མ་དེ་ཉིད་རང་དབང་ཐོབ་ཐབས་ལ་རོགས་སྐྱོར་བྱེད་དགོས། འདིར་རང་དབང་ཞེས་པ་ནི་སྒྲིག་སྲོལ་མེད་པར་རང་འདོད་ལྟར་བྱེད་ཆོག་པ་ཞིག་ལ་བརྗོད་པ་མིན། འདིར་རང་དབང་ཞེས་པ་ནི་གོ་རིམ་སྒྲིག་སྲོལ་ངེས་པ་ཞིག་ལ་བརྗོད་པ་ཡིན།
ལས་ཀ་དང་སློབ་སྦྱོང་གང་ཡིན་ཡང་མཐིལ་ཕྱིན་པ་རྟོགས་པར་བྱེད་པའི་ཚོར་དབང་དེ་ལ་ཤེས་རབ་ཅེས་ཟེར། འདི་ལྟའི་ཤེས་རབ་དེ་ནི་རང་དབང་ཉག་གཅིག་ལས་བྱུང་བ་ཡིན། འོན་ཀྱང་སློབ་མའི་རྒྱུད་ལ་འདི་ལྟའི་ཤེས་རབ་ཅིག་བསྐྱེད་པར་བྱེད་དགོས་ཚེ། ང་རང་ཚོ་དགེ་བའི་བཤེས་གཉེན་དུ་ཁས་འཆེ་བའི་གང་ཟག་བྱེ་བྲག་པ་སོ་སོའི་རྒྱུད་ལའང་འདི་ལྟའི་ཤེས་རབ་ཀྱི་མཐུ་མི་ཆུང་བ་ཞིག་ངེས་པར་དུ་དགོས། དེ་ནི་ལུགས་སྲོལ་བྱེ་བྲག་པ་ཞིག་ལ་བསྟུན་གོམས་བྱེད་མི་དགོས་པར་སྒྲིག་སྲོལ་དང་གོ་རིམ་ངེས་པའི་རང་དབང་ཞིག་སློབ་མ་ཚོའི་རྒྱུད་ལ་བསྐྱེད་ཐུབ་པ་བཟོ་དགོས་པས་ཡིན། རང་དབང་ཡང་ཡིན་ལ་སྒྲིག་སྲོལ་ཡང་ལྡན་པ་ཞིག་མ་བྱུང་ཚེ། ཆོས་རྣམས་རྣམ་པར་འབྱེད་མི་ཐུབ། འདིར་སྒྲིག་སྲོལ་ཞེས་པ་ནི་ཕྱི་རོལ་གྱི་བཀོད་འདོམས་བྱེ་བྲག་པ་ཞིག་ལྷུ་སྒྲིག་ནས་སློབ་མ་ཚོར་བཙན་འགེལ་བྱས་ཏེ། སློབ་མ་ཚོས་དེ་ལ་བསྟུན་གོམས་བྱེད་དགོས་པ་ཞིག་ལ་བརྗོད་པ་མིན། འདིར་སྒྲིག་སྲོལ་ཞེས་པ་ནི་ཆོས་གང་ཞིག་རྣམ་པར་འབྱེད་པའི་བརྒྱུད་རིམ་ནང་བློ་རྩེ་གཅིག་ཏུ་ཕབ་པའི་ངང་ཚུལ་ཞིག་ཡོད་པ་དེ་ལ་བརྗོད་པ་ཡིན། དེར་བརྟེན། དུས་རྒྱུན་དུ་སློབ་མས་གང་ལའང་འཇིགས་སྣང་དང་བསྟུན་གོམས་བྱེད་མི་དགོས་ཀྱང་རང་བཞིན་གྱིས་སྒྲིག་སྲོལ་ངེས་པའི་རང་དབང་ཞིག་ཇི་ལྟར་ཐོབ་ཐབས་བྱེད་དགོས་ཞེས་ང་ཚོས་དྲི་བ་ཡང་ཡང་འདོན་པ་ཡིན། ང་ཚོས་འདི་འདྲ་ཞིག་བྱེད་ཐུབ་བམ། ང་ཚོས་རང་དབང་ནི་ཧ་ཅང་གི་དགོས་གནད་ཅན་ཞིག་ཡིན་པར་ངོས་འཛིན་བཞིན་འདུག་གམ། འདིར་རང་དབང་ཞེས་པ་ནི་རང་ཉིད་གང་འདོད་བྱེད་པ་དེ་ལ་བརྗོད་པ་མིན་ལ། གང་འདོད་བྱེད་པར་འདོད་ཀྱང་དེ་ལྟར་ཡོང་མི་སྲིད། གང་ལགས་ཤེ་ན། མི་ཚེ་ནི་གཞན་དང་འབྲེལ་འདྲིས་བྱེད་དགོས་པའི་རང་བཞིན་ཅན་ཡིན་པས་སོ། །ཁྱོད་ཚོས་བསྟུན་གོམས་བྱེད་མི་དགོས་པའི་རང་དབང་གཙང་མ་དེའི་དགོས་དོན་ངེས་པར་དུ་མཐོང་ཐུབ་པ་དགོས། ཁྱོད་ཀྱི་ལྟ་གྲུབ་དང་དད་པའི་བསམ་ཚུལ་དེ་དག་རིང་དུ་བཞག་ནས་ཐོག་མར་རང་ཉིད་ལ་ལྟོས་མེད་ཀྱི་རང་དབང་དེ་རྙེད་ཐུབ་པ་དགོས། དེ་ལྟར་མ་བྱས་ཚེ། ཁྱོད་ཀྱིས་མི་ཞིག་གི་མཚན་ཉིད་ཚང་བའི་ངོ་བོའི་ཐོག་ནས་ལས་དོན་འགྲུབ་མི་ཐུབ།
ངས་གང་བརྗོད་བཞིན་པ་འདི་དག་རང་ལྟ་ཙམ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་དམ། ཡང་ན། དོན་ཐོག་ཏུ་སྣང་བའི་སྣག་བུམ་འདི་བཞིན་དངོས་ཡོད་ཅིག་ལ་ངོས་འཛིན་བཞིན་ཡོད། གང་ལྟར་ཡང། སློབ་མ་རྣམས་ལ་ལྟོས་མེད་ཀྱི་རང་དབང་ཡོད་པ་གང་ཞིག་གོ་རིམ་དང་སྒྲིག་སྲོལ་ངེས་དགོས་པའི་གནད་དོན་འདི་གལ་ཆེན་ཞིག་ཏུ་མཐོང་ཚེ། ཁྱེད་རྣམས་ཀྱིས་སློབ་མ་དེ་དག་ལ་རང་དབང་ལྡན་ལ་གོ་རིམ་སྒྲིག་སྲོལ་ཡང་ངེས་པ་ཞིག་ཏུ་ཇི་ལྟར་སྐྱེད་སྲིང་བྱེད་དམ། ཁྱོད་ཀྱིས་བཀའ་བཀྱོན་གནང་བའམ། ཡང་ན། ཉེས་རྡུང་བཏང་ཚེ་དེ་ལྟར་ཡོང་ཐུབ་བམ། ཡང་ན། སློབ་མ་ནང་ཕན་ཚུན་བསྡུར་ནས་དེ་ལྟར་ཡོང་ཐུབ་བམ། འདི་ལྟའི་བཙན་སྐུལ་དང། གནོན་ཤུགས་ཀྱིས་ལས་དོན་འདི་ནམ་ཡང་འགྲུབ་ཐུབ་ཐབས་མེད། དེ་བཞིན་བརྒྱ་ཆ་མཐོ་དམན་གྱི་ལམ་ལུགས་ཤིག་གིས་ཀྱང་དེ་ལྟར་རྩ་བ་ནས་ཡོང་མི་ཐུབ། ཁྱེད་ཀྱིས་སློབ་མ་རྣམས་ལ་རང་དབང་ལྡན་ལ་སྒྲིག་སྲོལ་ངེས་དགོས་པ་འདི་གལ་ཆེན་མཐོང་བའི་ཁར་དེ་ལྟར་ཡོང་བ་ལ་བཙན་སྐུལ་དང། འཇམ་བསླུ་གང་གིས་ཀྱང་འགྲུབ་མི་ཐུབ་པའི་གནད་དོན་རྟོགས་ཚེ། ཁྱེད་ཀྱི་རྒྱུད་དུ་ཡོད་པའི་ལྟ་རྙིང་དེ་དག་འདོར་ཐུབ་ངེས་ཡིན། ད་བར་དུ་སྤྱད་ཟིན་པའི་བྱ་ཐབས་དེ་ཚོས་ང་ཚོར་འདོད་པའི་དོན་དག་དེ་འགྲུབ་ཐུབ་མེད་ལ། ད་དུང་ནན་གྱིས་སྤྱད་ཀྱང་འགྲུབ་ཐུབ་ཐབས་མེད། དེ་ལས་ལྡོག་སྟེ། བྱ་ཐབས་རྙིང་པ་དེས་མི་རྣམས་ལ་བསྟུན་གོམས་དང། འདུར་རྒྱུག་གི་རང་བཞིན་ཅན་ཞིག་ཏུ་འགྱུར་བ་ཡིན། དེ་ལྟར་ན། དུས་རབས་མང་པོར་སྤྱད་པའི་བྱ་ཐབས་རྙིང་པ་དེ་དོར་དགོས་པའི་མཚམས་ལ་སླེབས་་ཡོད།
རྒྱ་གར་གྱི་དྲན་དབང་ཀིར་ཤི་ན་མཱུར་ཊི་མཆོག་གིས་དགེ་རྒན་ཚོར་བསྩལ་བའི་བཀའ་སློབ་ཅིག
རྒྱ་གར་གྱི་དྲན་དབང་ཀིར་ཤི་ན་མཱུར་ཊི་མཆོག་གི<<ཤེས་ཡོན་གྱི་སྐོར།>>ཞེས་པའི་དེབ་ལས་བདམས་ཏེ་བསྒྱུར།