ང་བོད་པ་ཡིན།(ཨང་དང་པོ)
བསོད་ནམས་རྡོ་རྗེ། སུ་ཇ་བོད་ཁྱིམ།
གླེང་སློང་བའི་སྐད་ཆ་ཐོར་བུ།
འཇིག་རྟེན་སྟེང་གི་འགྲོ་བ་མི་སུས་ཀྱང་རང་ཉིད་ལ་ལྷན་སྐྱེས་སུ་མངའ་བའི་རིན་ཐང་བསམ་བློའི་དུངས་ཞེན་དེར་ལྷག་བསམ་ཟོལ་མེད་ཀྱིས་དགའ་གུས་བྱེད་པ་རེད། དེ་ནི་བླ་ན་མཐོ་བའི་མེས་པོ་དག་གིས་ཤ་ཁྲག་ལས་བཞེངས་པའི་མི་རིགས་དང་མི་རིགས་ཀྱི་བསམ་བློའི་འདུ་ཤེས་དེ་མ་ཡིན་ནམ། མཁས་དབང་ཞིག་གིས་མི་ནི་རིག་གནས་ཀྱི་ཐོན་དངོས་ཡིན་ཞེས་གསུངས་པ་བཞིན། རིག་གནས་དང་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་དབང་གིས་མི་རྣམས་ལ་ཐུན་མོང་མ་ཡིན་པའི་ཁྱད་གཤིས་རེ་ཡོད་ལ། དེ་དག་ལའང་མཚར་སྣང་ལྡན་པའི་ཐུན་མིན་གྱི་ལོ་རྒྱུས་རེ་རེའང་ཡོད་པར་རིགས།
དེ་བཞིན་ལོ་རྒྱུས་ཀྱི་དར་རྒུད་མང་པོ་ཞིག་གི་བརྒྱུད་རིམ་རིང་མོའི་ཁྲོད་དུ་རིག་གནས་ཁོར་ཡུག་མི་འདྲ་བའི་སྤྱི་ཚོགས་རེ་རེས་མཚན་སྨག་གི་མཁའ་མཐའ་ན་འཚེར་བའི་སྐར་ཚོམ་བཞིན་ཁོད་ཡངས་པའི་འཇིག་རྟེན་འདིར་མཛེས་སྡུག་གིས་རྣམ་པར་བརྒྱན་ཡོད། དེའི་ཕྱིར་མི་ནི་ནམ་ཡང་རང་ཉིད་ལ་བླ་ན་མཐོ་བའི་མི་རིགས་དང་རིག་གནས་ཀྱི་ཁྱད་དངོས་ཤིག་ཡོད་པར་སྙིང་ནས་ཡིད་ཆེས་བྱེད། མཐར་དེད་ན་ངས་ང་རང་བོད་པ་རྣམ་དག་ཅིག་ཡིན་ཞེས་བཤད་ཐུབ་པའི་གདེང་སྤོབས་ཀྱང་འདི་ནས་བསླེབས་པ་ཡིན།
ང་དང་ངའི་མི་རིགས་ཀྱི་ཁྱད་ཆོས།
འཛམ་གླིང་ཨེ་ཤེ་ཡའི་སྤྱི་གཙུག་ནས་བརྡོལ་བའི་རབ་ཏུ་དཀར་བའི་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བརྒྱན་པའི་ཕ་གཞིས་མངའ་ཐང་འདི་ངའི་རྣམ་ཤེས་ཀྱི་དམུ་ཐག་དང་འདྲེས་པའི་གདོང་དམར་བའི་ཕ་ས་ལགས། ལོ་རྒྱུས་ཀྱི་འཕེལ་རིམ་སྔ་ཞིང་སུམ་གཉིས་ས་ལ་དབང་བསྒྱུར་བའི་མི་ཡི་བདག་པོ་དག་ཀྱང་འདི་རུ་བལྟམས། གསེར་དངུལ་ཟངས་ལྕགས་དང་ལྟ་ན་སྡུག་པའི་རྫ་ཆུ་དང་སྤང་ལྗོངས་ནགས་ཚལ། བག་ཡངས་ཀྱིས་རྒྱུ་བའི་རི་དྭགས་ཀྱི་ཁྱུ་ཚོགས། རྣམ་པར་བཀྲ་བའི་རི་སྐྱེས་མེ་ཏོག་གི་དྲི་བསུང། འདི་དག་ལས་ཀྱང་ཞི་འཇམ་བག་ཕེབས་ཀྱིས་འཚོ་བའི་མི་རིགས་འདི་ཉིད་བདག་གི་ཟུངས་ཁྲག་གི་འཁོར་སྐྱོད་ཁྲོད་རྒྱུ་བཞིན་པའི་བོད་ཅེས་པ་དེ་ཡིན།
ཞི་དུལ་བག་ཡོད་དང་འཛུམ་མདངས་ལྷུག་ལྷུག་གི་ངོ་གདོང་རེ་རེས་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་རེ་འཇོག་ངེས། འཛད་མཐའ་བྲལ་བའི་བྱམས་སེམས་ཀྱི་འཛུམ་མདངས་འདི་ཡང་སྤོབས་པས་འདེགས་ཆོག་པའི་བོད་མི་རིགས་ཀྱི་ཁྱད་གཤིས་ཤིག་མ་ཡིན་ནམ།
ང་དང་ནང་བསྟན་རིག་གནས་དང་སྐད་ཡིག།
ཕྱི་ནང་གི་དཔལ་ཡོན་འཕེལ་བ་ནི་མི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་མངོན་པར་བསྟོད་པའི་རླབས་ཆེན་གྱི་ཞབས་རྗེས་ཤིག་རེད། དེས་མི་རིགས་དང་རྒྱལ་ཁབ་ལ་མགོན་སྐྱབས་དང་དཔུང་གཉེན་བྱེད་པ་ཡིན། འདས་པའི་ཁ་སང་གི་ཆགས་འཇིག་མང་པོ་ཞིག་གི་ཁྲོད་དུ་ང་ཚོས་སྔར་ལས་ཀྱང་གསལ་པོར་ཤེས་པ་ནི་ང་ཚོའི་ཚེ་སྲོག་སྟེ། གཅེས་སུ་འོས་པའི་ནང་བསྟན་ཤེས་རིག་དང་སྐད་ཡིག་གི་རིན་ཐང་རེད། ཕྱི་མིག་གིས་ལོ་རྒྱུས་ལ་གསལ་པོར་བལྟས་ན། ང་ཚོར་མི་རིགས་གཞན་སུ་ལའང་མི་མངའ་བའི་ཁྱད་འཕགས་ཀྱི་ནོར་བུ་ཞིག་ཡོད་པ་ནི་མེས་པོ་དམ་པ་གོང་མ་རྣམས་ཀྱི་རྔུལ་ཁྲག་ལས་བཞེངས་པའི་ཟབ་རྒྱས་ཀྱི་ནང་བསྟན་གཞུང་ལུགས་དེ་དག་མིན་ནམ།
ཀྱེ་མ། ཆོས་ཀྱི་རྒྱལ་ཁམས་སུ་གྲགས་པའི་གདོང་དམར་བའི་ཕ་ས། ལོ་རྒྱུས་ཀྱི་རྡོ་རིང་ཁྲི་ཕྲག་གིས་བཞེངས་པའི་རླབས་ཆེན་གྱི་མི་རིགས། འཛམ་གླིང་ལ་ཞི་བདེའི་མེ་སོན་སྦར་བའི་ཡ་མེད་ཀྱི་བྱམས་བརྩེའི་བདག་པོ། ཁྱེད་མེད་ན་མུན་ནག་གི་འཇིག་རྟེན་ཧྲིལ་པོར་འོད་སྣང་སུ་ཡིས་སྦྱིན། བོད་པ། ང་དང་ངའི་ཚེ་སྲོག་གི་དྭངས་མ།
མཇུག་གཏམ།
འཇིག་རྟེན་འདི་ན་བོད་པ་གཅིག། འཇིག་རྟེན་འདི་ན་བོད་བརྒྱུད་ནང་བསྟན་གཅིག འཇིག་རྟེན་འདི་ན་བོད་སྐད་ཡུལ་ལུགས་གཅིག འཇིག་རྟེན་འདི་ན་བོད་དོན་འཐབ་ཕྱོགས་གཅིག འཇིག་རྟེན་འདི་ན་ཤ་དང་རུས་པ་ཁྲག་རྒྱུད་གཅིག་ལས་མཆེད་པའི་མི་རིགས་གཅིག མཐར་གཏུགས་ཏེ་བཤད་ན་ང་བོད་པ་རྣལ་མ་ཞིག་ཡིན་པའི་མཐའ་དོན་སྙིང་པོ་ཡང་འདི་ཡིན།
ལྟོས་དང། འཇིག་རྟེན་ཧྲིལ་པོར་འོད་ཀྱིས་ཁྱབ་པའི་རླབས་ཆེན་གྱི་ལོ་རྒྱུས་ཤིག་ཡོད། དེ་ནི་ཧི་མ་ལ་ཡའི་བརྟན་བརླིང་དང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་གྱིས་བརྟས་པའི་གདོང་དམར་བའི་མངའ་ཐང་ཡིན། མི་རིགས་དང་ལོ་རྒྱུས། ཡུལ་ལུགས་དང་དཔལ་ཡོན། སྐད་ཡིག་བཅས་ཀྱིས་བོད་པ་ནི་རྒྱ་དང་སོག་པོ། ཁ་ཆེ་སོགས་གང་དང་ཡང་མི་འདྲ་བའི་ཁྱད་དུ་འཕགས་པའི་རིག་གནས་ཤིག་གི་ཐོན་དངོས་ལགས། ང་བོད་ཡིན་པའང་དེ་ལས་མ་འདས། ང་དང་ས་ཡ་དྲུག་གི་སྙིང་དབུས་ན་བླ་ན་མ་མཆིས་པའི་ཤ་ཁྲག་རུས་གསེང་གི་བརྩེ་དུང་དང་དུངས་ཞེན་ཡང་ང་བོད་པ་ཡིན་ཞེས་པ་དེ་ལས་མ་འདས་སོ། །
རྩོམ་ཡིག་དཔྱད་མཆན།
སྤྱིར་རྩོམ་ཡིག་འདི་ནི་རང་ལུགས་འཇོག་པ་གཙོ་བོར་བྱས་པའི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན། ཡིན་ནའང་དཔེ་འཇོག་དང་གཟུགས་སུ་འགོད་པ། བགྲོ་གླེང་དང་དུང་སེམས་མཚོན་པའི་སྒྱུ་རྩལ་གྱི་ཐབས་ལམ་ཡང་སྤྱད་ཡོད་ཡོད་པས་སྒྱུ་རྩལ་རྩོམ་རིག་གི་ཁྱད་ཆོས་འབུར་དུ་ཐོན་འདུག།
མི་ནི་རིག་གནས་ཀྱི་ཐོན་རྫས་ཡིན་པས། རང་རེའི་བོད་ལ་ཁྱད་དུ་འཕགས་པའི་ཆོས་དང་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ཕྱོགས་གང་ནས་བལྟས་ཀྱང་ང་ནི་མི་རིགས་གཞན་གང་གི་ཁོངས་སུའང་མི་གཏོགས་པའི་བོད་རིགས་རྣལ་མ་ཞིག་ཡིན་ཞེས་པ་དེ་ནི་རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོའང་ཡིན།
རྩོམ་སྟངས་ཀྱི་ཆ་ནས་དཔེ་གཟུགས་དང་བགྲོ་གླེང། དུང་སེམས་མཚོན་པ་སོགས་སྒྱུ་རྩལ་རྩོམ་རིག་གི་རྣམ་པ་ཆེས་ཆེེར་མངོན། སྒྲུབ་བྱེད་ལ་གཏན་ཚིགས་ཀྱི་ནུས་པ་གང་ལེགས་ལྡན་ལ། རྗོད་བྱེད་ཀྱི་ཚིག་ལ་སྙན་ཆ་ལྡན་ཞིང་དཔེ་གཟུགས་དང་བསྡུས་བརྗོད་བྱས་པ་གང་ཡིན་ཀྱང་འོས་ཤིང་འཚམ་པས་ཀློག་བདེ་བ་དང་གོ་སླ་བའི་ཁྱད་ཆོས་ལྡན་པས་ལོ་ཆུང་སློབ་མ་ཞིག་ལ་མཚོན་ན་འདི་ནི་རེ་བ་ཡོད་པའི་ཁྱད་རྟགས་ཡིན།
ང་བོད་པ་ཡིན།(ཨང་གཉིས་པ)
པད་མ་མཚོ། གོ་པལ་པུར།
ང་གངས་རིའི་ཞིང་ནས་སྐྱེས་ཤིང་གངས་རིའི་ཞིང་ནས་འཚར་ལོངས་བྱུང་བས་རང་ཉིད་ཀྱི་རྩ་ལམ་ན་རྒྱུ་བཞིན་པ་བོད་པའི་ཁྲག་རྒྱུན་དྲོན་མོ་ཡིན་ལ། ཤ་རུས་གདུང་རྒྱུད་ཀྱང་བོད་པ་གཙང་མ་ཞིག་ཡིན་པ་སྨོས་ག་ལ་དགོས།
དེ་རིང་བུ་མོ་ངས་འདི་གའི་དཀར་གཙང་གི་ཤོག་བུའི་རྩྭ་ཐང་དུ་ལུག་ནག་གི་ཡི་གེ་དེད་ནས་བུ་མོ་ང་བོད་པ་ཡིན་པའི་གནས་ལུགས་དང་རྒྱུ་མཚན་ཡང་དག་ཅིག་བརྗོད་རྒྱུར་ཚང་མས་གསན་པར་སྨོན།
གཅིག། བུ་མོ་ངས་ཚེ་སྔོན་ལས་བཟང་པོ་ཞིག་བསགས་པའི་རྐྱེན་གྱིས་འཛམ་གླིང་སྟེང་གི་གནས་མཆོག་བོད་ཁ་བའི་ཡུལ་ལ་སྐྱེས་ཤིང། སྐྱེས་ཁུངས་ཡབ་ཡུམ་ལྷན་རྒྱས་ཀྱང་བོད་པ་ཡིན་པ་ལས་མི་རིགས་གཞན་གྱི་དྲི་མ་ཏིལ་འབྲུ་ཙམ་ཡང་མ་གོས་པ་ཞིག་ཡིན་པ་སྨོས་མེད་རེད། བུ་མོ་ང་ལ་བོད་མི་རིགས་ཀྱི་གཤིས་རྒྱུད་འཇམ་པོ་དང་གོམས་སྲོལ་བཟང་པོ་སོགས་ངའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པས་ན་བོད་པ་རྣལ་མ་ཞིག་ཡིན་པར་ཐེ་ཚོམ་ཅི་ཞིག་ཡོད་ཨང།
གཉིས། བུ་མོ་ངས་བོད་མི་རིགས་ཀྱི་བླ་ན་མེད་པའི་སྲོག་རྩ་སྟེ། བོད་ཀྱི་སྐད་དང་ཡི་གེ་སོགས་བརྒྱུད་ནས་འཛམ་གླིང་མཐོང་ཐུབ་ལ་བོད་མི་རིགས་ཀྱི་ལོ་རྒྱུས་སོགས་ངོ་ཤེས་པ་དང། རང་གི་སྐད་དང་ཡི་གེ་བརྒྱུད་ནས་ཆེས་ཐོག་མ་ཉིད་ནས་ཡོད་པའི་རང་རིགས་བོད་མི་ཡོངས་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་མཇུག་གླང་དར་མ་སོགས་ཀྱི་ལོ་རྒྱུས་རབས་དང་རིམ་པ་ང་ལ་བཤད་རྒྱུ་ཡོད་པས་ང་བོད་པ་ཡིན།
གསུམ། ང་ནི་བོད་པ་ཡིན། དེ་ཡང་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ཁྲོད་ནས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་པན་ཆེན་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ་མཆོག་གི་སྐུ་དུས་སུ་བྱུང་བའི་བོད་མི་ཡང་དག་ཅིག་ཡིན། ༸རྒྱལ་པན་རྣམ་གཉིས་ནི་དགུང་གི་ཉི་ཟླ་གཉིས་ཏེ། ཁོང་གཉིས་ཀྱི་སྐུ་ངལ་འཛད་མེད་བསྐྱོོན་ནས་ང་ཚུད་པའི་བོད་རིགས་ཚང་མ་ད་གཟོད་གོ་ལ་ཟླུམ་པོ་འདིའི་སྟེང་ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པས་གནས་ཡོད་ལ། བོད་མི་རིགས་ཀྱི་སྲོག་རྩ་སྔར་བཞིན་བརྟན།
བཞི། ང་བོད་པ་ཡིན། དུས་རབས་ཉི་ཤུ་དང་ཉེར་གཅིག་ནང་སྐྱེས་པའི་བོད་པ་ཞིག་ཡིན་ཕྱིར་ཤ་རུས་ཁྲག་གསུམ་ཇི་ལྟར་བཀྲུས་ཀྱང་གཞན་དུ་འགྱུར་བའི་བསྐལ་པ་ནི་ཡེ་ནས་ཡོད་མི་སྲིད། དེ་ཙམ་དུ་མ་ཟད་རྒྱ་ནག་གིས་གདུག་རྩུབ་དང་བརྙས་བཅོས་དང། ཧམ་ཆེན་དང་གཡོ་ཁྲམ་ལ་བྱོལ་ནས་དགུང་ཉི་ཟླའི་འོད་ཟེར་ཉིན་སྲིབ་མེད་པར་འཕྲོ་བའི་རྒྱ་གར་འཕགས་པའི་ཡུལ་དུ་འཚོ་བཞིན་པའི་བཙན་བྱོལ་བོད་པ་ཞིག་ཡིན།
མ་གཞི། གནས་ལུགས་དང་རྒྱུ་མཚན་འདི་ལས་བགྲང་འདས་ཡོད་རུང་དེ་རིང་ངའི་སེམས་ཁོང་གི་ནམ་མཁར་འཆར་བ་ནི་འདི་དག་ལས་མ་འཆར་བར་བརྟེན་མཐར་འདི་ལྟར་མཇུག་སྡུད་དགོས་བྱུང།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་རང་ལུགས་འཇོག་པ་གཙོ་བོར་བྱས་པའི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན་ཞིང་རྩོམ་གྱི་འགོ་ནི་རང་ཉིད་སྐྱེ་སའི་ཡུལ་ངོས་བཟུང་བ་ནས་རིམ་གྱིས་བརྗོད་སྙིང་གི་ཕྱོགས་སུ་གཞོལ་ཞིང་ཞིབ་བརྗོད་ཀྱི་མིང་བརྡ་དང་པོ་སྤྱད་པའང་ལེགས། རྗོད་བྱེད་ཀྱི་ཚིག་གོ་སླ་ལ་ཀློག་བདེ། རྩོམ་གྱི་མགོ་མཇུག་བར་གསུམ་དུ་རང་ཉིད་བོད་པ་ཞིག་ཡིན་པར་སྤོབས་པ་དང་ལ་ཞེན་གྱིས་བཅིངས་ཡོད་པ་ནི་བསྔགས་འོས་སུ་མཐོང།
སྤྱིར་མཇུག་སྡུད་སྟངས་མི་འགྲིགས་པ་ཅི་ཡང་མེད་ནའང། འོན་ཀྱང་། བརྗོད་དོན་གཙོ་བོ་གཏིང་ཟབ་ཅིང་ཚོར་ཤུགས་ཆེན་པོ་ཐོན་ནུས་པའི་མཇུག་སྡུད་ཀྱི་དུམ་མཚམས་གཅིག་འབྲི་ཐུབ་པ་བྱུང་ན། རྩོམ་ཡིག་ཧྲིལ་པོའི་སྤུས་ཚད་གོང་མཐོར་གཏོང་སྙམ།
ང་བོད་པ་ཡིན།(ཨང་གསུམ་པ)
བྱམས་པ་མཁས་གྲུབ། སེར་བྱེས་སློབ་འབྲིང།
འཛམ་གླིང་སྐྱེ་དགུ་ཡོངས་ཀྱི་དཔྲལ་བའི་མིག། །གདོང་དམར་དད་ལྡན་རྣམས་ཀྱི་འདི་ཕྱིའི་སྐྱབས། །
ཞི་བདེའི་ཕུག་རོན་འབོད་པའི་སྤྱི་ནོར་མཆོག།།ཞི་བདེའི་དེད་དཔོན་ཡིད་བཞིན་ནོར་བུ་རྒྱལ། །
ཞེས་པའི་དད་གུས་ཀྱི་ཚིགས་བཅད་འདིས་མདུན་བསུས་ཏེ། སྐབས་བབ་ཀྱི་བརྗོད་གཞི་ང་བོད་པ་ཡིན་ཞེས་པའི་ལྷུག་རྩོམ་ཞིག་འབྲི་བ་ལ། ལོ་རྒྱུས་ཀྱི་འོད་སྟོང་འབར་ཞིང་ཕུན་སུམ་ཚོགས་པའི་བོད་རྒྱལ་ཁབ་ཀྱི་དུས་ངན་༡༩༥༩ ལོར་བཙན་རྒྱལ་རིང་ལུགས་པས་ཧམ་སེམས་ཀྱི་འདྲེ་ལག་བརྐྱངས་པ་ནས་བཟུང་ད་བར་གྱི་དཀའ་སྡུག་གི་བགྲང་བྱ་ཧྲིལ་པོ་ལྔ་བཅུའི་རིང་སྔོན་གྱི་ཆོས་ལྡན་ཡུལ་ལམ་ཆོས་ལྡན་གྱི་ཞིང་དུ་འབོད་པའི་ཡུལ་མཆོག་དེར་ཁྲག་གི་རྒྱུན་ཆད་མ་མྱོང་ལ། ཉེས་མེད་བསད་པའི་ཕུང་པོ་རི་རབ་དང་འདྲ། སྡུག་མ་ཁྱོག་པའི་ངུ་སྐད་སྐྱུར་མོ་འགག་མ་མྱོང། དེ་ལྟ་ནའང། དཔའ་མེད་བོད་རིགས་སྡར་མ་འགས་ཕྱི་ཡུལ་གྱི་མི་རིགས་མདུན་ན་ང་བོད་པ་ཡིན་ཞེས་པའི་ཚིག་འདི་འདོན་པ་ལ་ངོ་ཚ་ཞིང། ང་བོད་པ་ཡིན་ཞེས་ན་མི་གྲལ་དུ་མི་ཚུད་པའི་སྣང་བ་འཛིན་གྱི་ཡོད་པ་ནི་ཡིད་མུག་པའི་གནས་ཁོ་ནའོ། །
ཀྱེ་ཀྱེ། གསར་བཞད་ཀྱི་གདོང་དམར་བའི་མི་རབས་གསར་པ་ཚོ་སོམས་དང། མི་རིགས་གཞན་གྱི་བཙན་འོག་ན་ཤི་གསོན་མི་ཤེས་པའི་རང་ཅག་ཁ་བ་རི་པའི་མི་རིགས་འདི་ནི་དྲག་རླུང་ཁྲོད་ཀྱི་མར་མེ་དང་འདྲ། ང་ཚོ་རང་ཉིད་ཀྱིས་རང་གི་མེས་རྒྱལ་འདི་འཆི་བདག་གི་ཁ་ལས་སྐྱོབ་ཐབས་མ་བྱས་ན་ག་ལ་རུང་ཨང། སྤུན་ཟླ་ལགས། སྤོབས་པ་སྐྱེད་དང། རང་ཡུལ་རང་གིས་སྐྱོང་བའི་སྙིང་སྟོབས་སྐྱེད་དང། དེ་ལྟར་མ་བྱས་ན། མི་འགྱངས་པར་བོད་ཡུལ་རྒྱ་ཡུལ་ལ་འགྱུར་བའི་ཉེན་ཁ་ཞིག་དང། ཁྱོད་རང་ཀླ་ཀློ་རྒྱ་མིར་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ། དཔེ་མཚོན་ཞིག་བརྗོད་ན། བཙན་རྒྱལ་རིང་ལུགས་པས་བོད་ཡུལ་ཕྱུག་མོ་རྒྱ་ཡུལ་ལ་བསྒྱུར་བ་དང། བོད་མི་རྣམས་རྒྱ་མི་ལ་བསྒྱུར་བའི་སྲིད་ཇུས་དམིགས་འབེན་དུ་བཟུང་སྟེ་གཡོ་སྒྱུ་ཡི་བྱ་ངན་དང་ཐབས་ལམ་སྣ་ཚོགས་ཤིག་སྤེལ་བ་ལ་བརྟེན་ནས་བོད་ནང་གི་བོད་མི་རེ་བ་བཅོལ་ས་མི་རབས་གསར་པ་མང་པོ་ཞིག་གི་སེམས་ཁམས་ལ་རྒྱ་དམར་གྱི་ལྟ་བའི་ཤན་ཤུགས་ཐེབས་ཏེ་སྐད་བརྡ་དང་ཕྱིའི་ཆ་ལུགས་སོགས་བོད་མི་རིགས་ཀྱི་རྣམ་པ་ཡལ་འགྲོ་བཞིན་པ་དེ་རེད། དེ་བཞིན་དུ་ང་ཚོ་རང་དབང་ལུང་པར་འཚོ་བཞིན་པའི་བོད་ཀྱི་སྤྱི་ཚོགས་ལ་ཞིབ་ལྟ་རེ་བྱས་ཀྱང། དེ་དང་དེ་མཚུངས་ཀྱི་ཉམ་ང་ཞིང་ཡིད་མུག་དགོས་པའི་སྣང་ཚུལ་མང་པོ་ཞིག་མངོན་གསལ་དོད་པོར་མཐོང་རྒྱུ་ཡོད་པ་ཞིག་རེད།
རྒན་རབས་རྣམས་ཀྱིས་རེ་འདུན་གྱི་མིག་ཟུང་གཡོ་སའི་བོད་ཕྲུག་ཚོ་ཡང་སོམས་དང། བོད་ནང་དུ་ཡོད་པའི་བོད་མི་ཚོས་བོད་ཀྱི་སྐད་ཡིག་ཤེས་ཀྱང་རྒྱའི་སྐད་ཡིག་མ་ཤེས་ན་འཚོ་ཐབས་དང་འབྲེལ་བའི་ལས་གནས་ཡག་པོ་ཞིག་མི་རེག་པ་འདི་རྒྱ་དམར་གྱིས་བོད་ཀྱི་རྩ་ཆེན་རིན་བྲལ་གྱི་རིག་གཞུང་དང་སྐད་ཡིག་རྩ་བརླག་ཏུ་གཏོང་བའི་ཇུས་ངན་ཡིན། འོན་ཀྱང་། ཕྱི་ཡུལ་རང་དབང་ལུང་པ་ལ་ཡུལ་གྱར་དུ་གནས་བཞིན་པའི་བོད་ཀྱི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ཤེས་ཀྱང་དབྱིན་སྐད་མ་ཤེས་ན་ཉིན་རེའི་འཚོ་ཐབས་ལ་ཕན་པའི་ལས་སྣེ་ཞིག་མི་རེག་པ་འདི་ཅི་ཞིག་གི་རྐྱེན་ཡིན་ནམ། འདི་ནི་ང་ཚོ་བོད་པས་རང་ཉིད་ཀྱི་རང་གི་སྐད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་ཆེ་དྲགས་པས་ཡིན་པ་ངས་གདེང་ཚོད་ཡོད་པའི་སྒོ་ནས་སྨྲ་བར་སྤོབས།
བོད་པ་ཚོ། ང་བོད་པ་ཡིན་ཟེར་བར་སྤོབས་པ་མ་ཉམས་ཤིག། ང་བོད་པ་ཡིན་ཟེར་བར་ངོ་གནོང་མི་དགོས། ང་ཚོ་སྟེ་བོད་པ་རང་ཡུལ་གཞན་གྱིས་འཕྲོག་པ་དང་རང་གི་ཕ་མ་རྒྱས་བསད་པ་བདེན་པ་ཡིན་ནའང། སྤུན་ཟླ་ལགས། དཔའ་མ་ཞུམ་པར་མགོ་བོ་གྱེན་དུ་གཏོད་དང། རང་རེའི་མེས་རྒྱལ་ལ་བཤད་མི་ཚར་བའི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ཡོད། རང་རེའི་མེས་རྒྱལ་ལ་གངས་སེང་གི་རྒྱལ་དར་དང་སྙིང་སྟོབས་དགུ་འགྱུར་གྱི་དམག་གི་དཔུང་སོགས་རྒྱལ་ཁབ་ཅིག་ལ་ཚང་དགོས་པ་ཆ་རྐྱེན་ཚང་ཡོད་པས། དཔའ་མ་ཞུམ་པར་བོད་པ་ཡིན་པ་ལ་སྤོབས་པ་སྐྱེད་དང་ང་ཚོ་ནི་དུས་ནམ་ཡང་བོད་པ་ཡིན་པ་ལ་སྤོབས་པ་བྱེད་འོས་ལ་ང་ལ་ཡང་དེ་བཞིན་སྤོབས་པ་ལྡན། དེ་བས་དུས་ནམ་ཡང་ང་བོད་པ་ཡིན་ཞེས་སྤོབས་པས་ངང་བརྗོད་འདོད་ལ་བརྗོད་འོས་པ་ཞིག་ཀྱང་ཡིན་ནོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་རང་ཉིད་བོད་པ་ཡིན་ཟེར་བ་ལ་སྤོབས་པས་དབུལ་ཞིང་ངོ་གནོང་མཁན་དག་ལ་དགག་པ་དང་འབྲེལ་ད་ལྟ་བོད་ཕྱི་ནང་གང་དུའང་བོད་མི་རིགས་འདི་རིག་གནས་དང་གོམས་སྲོལ་སོགས་ཕྱོགས་གང་ཐད་ནས་ཉམས་དམས་ཚབས་ཆེན་ཐེབས་ཏེ་ཛ་དྲག་གི་གནས་སུ་ལྷུང་ཡོད་ནའང་རང་རེས་སྙིང་སྟོབས་མ་ཞུམ་པར་བོད་པ་ཡིན་པ་ལ་སྤོབས་པ་ཡོད་ན་འགྲིག་ཚུལ་བཀོད་པ་འདི་རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོའང་ཡིན།
རྩོམ་གྱི་འགོ་ནི་མཆོད་པར་བརྗོད་པའི་ཚིགས་བཅད་གཅིག་གིས་དྲངས་པ་ནི་སྲོལ་རྒྱུན་རྩོམ་རིག་གི་འབྲི་ཚུལ་ཡིན། རྩོམ་གྱི་འགོ་མཇུག་བར་གསུམ་དུ་བོད་པ་ཡིན་བཞིན་དུ་ཡིན་ཟེར་བར་ངོ་གནོང་མཁན་ལ་དགག་པ་དང་། བོད་ཕྱི་ནང་ཀུན་དུ་བོད་མི་རིགས་འདི་ཕྱོགས་གང་ཐད་ནས་ཉམས་དམས་སུ་འགྲོ་བཞིན་པ་འདིའི་རྒྱུ་རྐྱེན་རང་བློས་ལྕོགས་ཚོད་ཀྱིས་གླེང་བ་ལེགས་པོ་བྱུང་ཡོད་ནའང་། རྩ་བའི་ང་བོད་པ་ཡིན་ཞེས་པའི་བརྗོད་དོན་གཅོ་བོ་ལ་རམ་འདེགས་སམ་འབྲེལ་མཐུད་ཐད་ཀར་བྱེད་ཐུབ་མི་འདུག་པས་ཐུགས་སྣང་ཡོང་བར་ཞུ།
སྤྱིར་དགག་སྒྲུབ་ཀྱི་རྩོམ་ཡིག་འདིའི་རྗོད་བྱེད་ཀྱི་ཚིག་གོ་སླ་ལ་ཀློག་བདེ་བར་མ་ཟད། སྙན་ཆ་ཡང་ཡོད་པས་ཀློག་མཁན་གྱི་ཡིད་ལ་སྤྲོ་བ་མི་དམན་པ་སྟེར་ཐུབ་པ་འདྲ། ངོ་མ། ལོ་ཆུང་སློབ་མ་ཞིག་གི་ངོས་ནས་འདི་འདྲ་ཞིག་འབྲི་ཐུབ་པ་ནི་བསྔགས་འོས་ཡིན།